གཡེར་མའི་ཐོན་ལས་སྤེལ། ཕྱུག་འགྱུར་ལམ་དུ་བསྐྱོད།

ཚེ་རིང་དབང་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09


      སྟོན་ཟླ་འགོ་མའི་དུས་སུ། བཙན་ལྷ་རྫོང་གི་འོག་ཏུ་ཡུལ་ཚོ་རུ་གཡེར་མའི་སྡོང་བོ་མང་པོ་རླུང་གིས་དལ་བུར་གཡོ་ཞིང་། སྡོང་མགོའི་གཡེར་མའི་འབྲས་བུ་དག་ནི་སྨིན་ལེགས་ལ་མདོག་མཛེས་ཤིང་། དྲི་བཞོན་བུ་མོའི་རམ་འདེགས་ཀྱིས་གཡེར་དྲི་ཞིམ་པོ་ཞིག་ཁོ་ར་ཁོར་ཡུག་ཀུན་ཏུ་ཁྱབ་འདུག
     ཉིན་འདི་དག་གི་རིང་ལ། འོག་ཏུ་ཡུལ་ཚོའི་ཅིན་ཧྲན་སྡེ་བའི་གཡེར་མ་འདེབས་འཛུགས་མཁན་དབྱང་ཅན་ཀུའེ་ཚང་གི་ཞིང་ནང་དུ་འདུ་འཛི་རབ་ཏུ་རྒོད་དེ། སྡེ་དམངས་རྣམས་ཁོང་ཚང་ལ་གཡེར་མ་བཏོག་རོགས་སུ་འཛོམས་འདུག་པས་སྟོན་བསྡུའི་གཞས་ཆུང་སྙན་མོ་གང་སར་སྡེ་བའི་གང་མཆེད་འདུག
     ལོ་རེའི་ཟླ་8པའི་ཟླ་དཀྱིལ་ནས་ཟླ་9བའི་ཟླ་དཀྱིལ་བར་ནི་བཙན་ལྷ་རྫོང་གི་གཡེར་མ་བཏོག་པའི་དུས་ཚོད་ཡིན་པ་དང་། ལྷག་པར་ཉིན་འདི་དག་ནི་གཡེར་མ་བཏོག་པར་ཆེས་ཆེར་བྲེལ་བའི་དུས་ཡིན། བཙན་ལྷ་རྫོང་གི་ན་ནིང་གི་གཡེར་སྐམ་ཐོན་སྐྱེད་བྱེད་ཚད་ནི་སྤྱི་རྒྱ་ཁྲི་328.2ལྷག་ཡིན་ཞིང་། ཚོད་རྩིས་ལྟར་ན་ད་ལོར་ཕལ་ཆེར་སྤྱི་རྒྱ་ཁྲི་333.2ལྷག་ཡིན་ངེས། དེའི་ནང་ནས་ལོ་སྔོན་མ་དང་བསྡུར་བའི་འཕར་ཚད་ཀྱི་ཁག་ནི་འོག་ཏུ་ཡུལ་ཚོ་ནས་ཐོན་སྐྱེད་བྱས་པ་རེད། 
      ད་ལོའི་ཆར་དུས་ཅུང་རིང་བས། གཡེར་མའི་སྐྱེ་ཚད་ལ་ཤུགས་རྐྱེན་ཚད་ངེས་ཅན་ཞིག་ཐེབས་ཡོད་ལ། ཁྲོམ་རར་ཕྱིར་འཚོང་གི་རིན་གོང་ཡང་ན་ནིང་ལས་མར་ལྷུང་བར་བཟོས་འདུག  མིག་སྔར། གཡེར་སྐམ་སྤྱི་རྒྱ་རེའི་ཕྱིར་འཚོང་རིན་གོང་ནི་སྒོར་40ཡས་ཡིན་ཞིང་། ན་ནིང་དང་བསྡུར་ན་20%ཙམ་མར་ལྷུང་འདུག་མོད། གཡེར་མ་ནི་སྔར་བཞིན་འོག་ཏུ་ཡུལ་ཚོའི་མི་དམངས་རྣམས་ཕྱུག་འགྱུར་བྱེད་པའི་འབྲས་ལྡན་ལྗོན་པ་དེ་ཡིན། གཡེར་མའི་ཐོན་སྐྱེད་གྲངས་འབོར་གྱི་འཕར་སྣོན་ཡིན་ན་ཡང་འདྲ། ཡོང་འབབ་ཀྱི་འཕར་སྣོན་སོགས་ཕྱོགས་གང་ཐད་ལ་ཡང་འོག་ཏུ་ཡུལ་ཚོས་བྱས་རྗེས་མི་དམན་པ་བཞག་ཡོད།
      ཅིན་ཧྲན་སྡེ་བའི་སྡེ་དམངས་དབྱང་ཧྲུའུ་ཡིང་གིས་གདོང་ལ་འཛུམས་ཀྱིས་ཁེངས་བཞིན་གསར་འགོད་པར་བཤད་རྒྱུར། ངེད་ཚང་གིས་འདེབས་འཛུགས་བྱས་པའི་གཡེར་མ་ནི་དེ་འདྲ་མང་པོ་ཞིག་མེད་ན་ཡང་། ན་ནིང་ལ་མཚོན་ན་སྒོར་ཁྲི་2ལྷག་གི་ཡོང་འབབ་ཡོད་ཟེར། གཡེར་མ་འདེབས་འཛུགས་བྱེད་པ་ནི་ཁོང་ཚང་གི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་འདུག
      ཅིན་ཧྲན་སྡེ་བ་རུ་དབྱང་ཅན་ཀུའེ་དང་དབྱང་ཧྲའུ་ཡིང་དང་འདྲ་བར་གཡེར་མ་འདེབས་འཛུགས་བྱེད་པའི་ཁྱིམ་ཚང་མང་པོ་ཡོད་ཅིང་། སྡེ་དམངས་ཁང་ཀྲུང་ཡིང་གིས་གཡེར་མ་འདེབས་ཚད་ལོ་རེ་བཞིན་རྒྱ་བསྐྱེད་པས། སྔོན་རྩིས་བྱས་པ་ལྟར་ན་ད་ལོར་གཡེར་སྐམ་སྤྱི་རྒྱ་200ལྷག་བསྡུ་ཐུབ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཧྲི་པིང་ཚང་གིས་ཀྱང་2017ལོ་ནས་གཡེར་མའི་ཡོང་འབབ་སྒོར་ཁྲི་7ནས་8བར་བཙལ་ཐུབ་ཅིང་། 2018ལོར་ནས་སྒོར་ཁྲི་10དང་། ད་ལོར་ཚོད་དཔག་བྱས་པ་ལྟར་ན་སྒོར་ཁྲི་20ལྷག་གི་ཡོང་འབབ་ཡོད་པ་རེད།
       ཅིན་ཧྲན་སྡེ་བའི་གཡེར་མ་འདེབས་འཛུགས་ཀྱི་སྣེ་ཁྲིད་པའི་ཆ་ནས། ལི་ཧྲི་པིང་གིས་2008ལོ་ནས་བཟུང་གཡེར་མ་འདེབས་འཛུགས་བྱས་ཤིང་། 2018ལོའི་དབུལ་སྐྱོར་གནད་འཁེལ་གྱི་ཐོན་ལས་གོ་སྐབས་དམ་འཛིན་བྱས་ནས། སྡེ་དམངས་རྣམས་ཀྱི་སྣེ་ཁྲིད་དེ་གཡེར་མ་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྔར་ལས་ཆེས་ཆེར་བསྐྱེད། ད་བར་དུ། ཅིན་ཧྲན་སྡེ་བའི་ཁྱིམ་ཚང་རེ་རེ་ཡི་གཡེར་མ་འདེབས་པའི་རྒྱ་ཁྱོན་ས་མུའུ་15ནས་20བར་དུ་སླེབས་ཡོད།
       འོག་ཏུ་ཡུལ་ཚོ་ལ་སྡེ་བ་བཞི་ཡོད་ཅིང་ཁྱིམ་ཚང་623དང་། མི་གྲངས་2636ཡོད། སྡེ་བ་བཞི་བོ་དབུལ་ཕོངས་སྡེ་བ་ཡིན་ལ། དེའི་ནང་དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་143དང་མི་560ཡོད། དབུལ་བྲལ་ལམ་དུ་ཐབས་ཤེས་མང་ཡང་། རང་རང་ཡུལ་ལ་གདམས་ངག་མོད་ཅེས་པ་ལྟར། ཡུལ་ཚོའི་ཏང་ཨུའི་སྲིད་གཞུང་གིས་གཡེར་མ་འདེབས་འཛུགས་ཀྱི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པ་གཙིགས་སུ་བཟུང་སྟེ། དབུལ་སྐྱོར་གནད་འཁེལ་འགག་རྩ་རུ་བཟུང་ནས། གཡེར་མའི་ཐོན་ལས་དབུལ་བྲལ་ལས་རིགས་གཙོ་བོར་བཟུང་།
       གཡེར་མའི་ཐོན་ལས་ལ་བརྟེན་ནས་དབུལ་བྲལ་བྱེད་པའི་ཤུགས་ན་འོག་ཏུ་ཡུལ་ཚོས་སེམས་ཤུགས་ཆིག་སྒྲིལ་གྱིས་དབུལ་སྐྱོར་གནད་སྒྲོལ་བྱེད་པའི་ཆོད་སེམས་དང་འབད་པ་ཡོད། སྔོན་ཆད་ཡོད་པའི་འདེབས་འཛུགས་རྒྱ་ཁྱོན་གྱི་རྨང་གཞིའི་ཁར། འོག་ཏུ་ཡུལ་ཚོས་རྨོ་བསྐྱུར་ནགས་སྐྱོངས་ཀྱི་རྗེས་མཐུད་ཐོན་ལས་དང་། དབུལ་སྐྱོར་རོགས་རམ་གྱི་ཁྱིམ་སླེབས་ཐོན་ལས་བཅས་ལ་བརྟེན་པ་དང་། གཞན་བཙན་ལྷ་རྫོང་གི་2018ལོར་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཚིགས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་སོགས་ཐབས་ལམ་མང་པོ་བརྒྱུད་དེ། གཡེར་མའི་ཐོན་ལས་སྒེར་ཚུགས་ཀྱིས་འཕེལ་རྒྱས་སུ་བཏང་། ཚོད་རྩིས་བྱས་པ་ལྟར་ན། ཡུལ་ཚོར་ཧྲིལ་བོར་བསྡོམས་པས་གཡེར་སྡོང་ཁྲི་18ལྷག་ཡོད་ཅིང་། ཁེབས་ཚད་རྫོང་ཧྲིལ་བོའི་ཁོངས་ཡོས་ལ་ཁྱབ་འདུག  ལོ་རེར་གཡེར་མ་གསར་བ་སྤྱི་རྒྱ་ཁྲི་45ཐོན་སྐྱེད་བྱེད་ཐུབ་ལ། ཐོན་སྐྱེད་རིན་ཐང་སྒོར་ཁྲི་2000ལྷག་བརྒལ་འདུག  འདི་གཅིག་པུ་ལ་བརྟེན་ནས་དབལ་ཕོངས་ཁྱིམ་ཚང་92%དབུལ་བྲལ་བྱེད་ཐུབ།
       ད་སྐབས། གཡེར་མ་འདེབས་འཛུགས་ཀྱིས་འོག་ཏུ་ཡུལ་ཚོའི་དམངས་ཚོགས་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ་དང་། སྔར་ལས་ལེགས་པའི་སྒོ་ནས་གཡེར་མ་འདེབས་འཛུགས་ལེགས་པོ་བྱ་ཆེད། བཙན་ལྷ་རྫོང་གིས་འོག་ཏུ་ཡུལ་ཚོའི་གཡེར་མ་འདེབས་འཛུགས་ཀྱི་ལས་ཀ་དེ་བཙན་ལྷ་རྫོང་གི་2018ལོར་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ས་ཚིགས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་སུ་བཞག་པ་དང་། སྒོར་ཁྲི་100ཡི་མ་དངུལ་བཏང་སྟེ། གཡེར་མ་ལས་སྣོན་གྱི་རྟེན་གཞིའི་ས་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད། གནས་གཞིའི་ས་ཁུལ་ཚུགས་པ་ན། འོག་ཏུ་ཡུལ་ཚོའི་གཡེར་མའི་ཐོན་ལས་དེ་འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་བགྲོད་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1