རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-09



ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་། 
        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་པེ་ཅིན་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ང་ཚོ་ཚང་མ་འགྲན་རྩོད་ལ་རྫོགས་མཐའ་མེད་པ་དང་ཉེན་ཁ་སྣ་ཚོགས་ཉིན་རེ་བཞིན་དུ་ཇེ་མང་ལ་འགྲོ་བའི་དུས་རབས་ཤིག་ཏུ་གནས་ཡོད་ལ། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱིས་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་ཚབ་ཆེན་བཟོ་བཞིན་ཡོད་པས། རྒྱལ་ཁབ་གང་ཡིན་རུང་རང་གཅེས་རང་བདག་བྱས་ཏེ་སྒེར་ཚུགས་སུ་གནས་མི་རུང་། ཀྲུང་གོ་དང་འཇར་མན་གཉིས་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པ་དང་། སྔོན་ཆད་ཀྱི་དུས་སྐབས་གང་ལ་མཚོན་ནའང་འཐབ་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ནི་ཆེས་དགོས་གལ་ཆེ་བ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱིས་ལག་གདང་མཉམ་སྦྲེལ་བྱས་ཏེ་མིའི་རིགས་ཀྱི་མདུན་དུ་ལྷག་པའི་ཐུན་མོང་གི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། འདི་ནི་རྒྱལ་ཁབ་གཉིས་མ་ཟད་འཛམ་གླིང་ལ་མཚོན་ནའང་ཧ་ཅང་གལ་འགང་ཆེ་བ་ཞིག་རེད། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་གྲོས་མོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བར་གྱི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པ། རང་སོ་སོའི་སྲོག་ཤིང་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ། འདྲ་མཉམ་གྲོས་མོལ་དང་གཉིས་ཕན་མཉམ་ལས། བརྗེ་རེས་དཔེ་ལྟ་བཅས་ཀྱི་འཐབ་ཇུས་གྲོགས་པོ་བཟང་བོ་ཞིག་བྱེད་དགོས་ཟེར།
        མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོའི་བར་གྱི་གྲོས་མོལ་མཉམ་ལས་གཏིང་ཟབ་སྒོས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་ནི་འཇར་མན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན། ད་ལྟ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་སྔར་ལས་ལྷག་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། འཇར་མན་རྒྱལ་ཁབ་ཀྱིས་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་རྒྱ་བསྐྱེད་པའི་སྲིད་ཇུས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོར་མ་དངུལ་གཏོང་བའི་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
        ཕྱོགས་གཉིས་ཀྱིས་ད་དུང་དེང་སྐབས་ཀྱི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་།
        ཝང་དབྱི་དང་ཧི་ལི་ཧྥིན་གཉིས་མཇལ་འཕྲད་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1