༄༅།། གསེར་ཧོར་ཤུལ་གྱི་ས་བབ་ཆགས་ཚུལ།

གསེར་ཀུན་དགའ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10



གསེར་ཀུན་དགའ།        

   
        དེ་ཡང་ཡུལ་གྱི་སྐད་དུ་བསེར་ཧོར་ཤུལ་དང་ཡིག་ཐོག་ཏུ་གསེར་ཧོལ་ཤུལ་བྱ་བའི་སའི་ཆགས་དབྱིབས་བཤད་པ་ལ་ཇི་སྐད་དུ།འགོས་ལོ་གཞོན་ནུ་དཔལ་གྱིས་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད།ཞེས་གསུངས་པ་བཞིན། ཡུལ་འདིའི་ལོ་རྒྱུས་ཀྱང་བོད་ཀྱི་ལོ་རྒྱུས་སྤྱི་བྱུང་བ་ནས་བཟུང་ནར་མར་བརྗོད་ན་ལྷག་པར་མི་འགྲིག་པ་ཆེར་མེད་སྙམ།དེས་ན་དང་པོ་བོད་ཀྱི་ཡུལ་གྲུ་འདི་ནི་མི་ལོ་དུང་ཕྱུར་བཅུ་ཕྲག་འགའི་སྔོན་དུ་རྡུལ་རྫས་བརྒྱད་དང་རྡུལ་ཕྲན་དུ་མ་དག་ཕན་ཚུན་འདབས་འབྱར་གྱི་ཚུལ་གྱིས་སྣོད་ཀྱི་འཇིག་རྟེན་འདི་གྲུབ་ཅིང་།དེ་ལས་ཡང་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བརྒྱད་དང་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སོགས་ཀྱིས་རྒྱུ་བྱས་ཏེ་ཐོག་མར་རླུང་གི་བྱུང་རིམ་ཟེར་བ་ཆགས།སྐབས་དེར་བོད་ཡུལ་གཙོ་བྱས་པའི་གླིང་འདི་ན་ཁྲི་ཐེ་སུའམ་མདོ་དབུས་རྒྱ་མཚོ་ཞེས་མཐའ་མེད་རྒྱ་མཚོ་ཞིག་ལས་སྐམ་ས་མེད།དེ་ནས་མི་ལོ་དུང་ཕྱུར་གཉིས་ཀྱི་སྔོན་དུ་ས་ཤུན་འགུལ་སྐྱོད་དམ་ཧི་མ་ལ་ཡའི་འགུལ་སྐྱོད་སོགས་སྣོད་ཀྱི་གོ་ལ་འཕོ་འགྱུར་དུ་མ་ཞིག་བྱུང་བའི་ཁྲོད།གོང་གི་ཁྲི་ཐེ་སུའམ་མདོ་དབུས་རྒྱ་མཚོ་ཞེས་པའི་མཐའ་མེད་རྒྱ་མཚོ་དེ་རིམ་གྱིས་ཁོལ་ཞིང་རབ་ཏུ་བསིལ།  དེ་རྗེས་ཀོང་གི་ཆུ་བརླག་ཅེས་པའི་ཟོམ་བྱུང་བས། རྒྱ་མཚོའི་ཆུ་རྣམས་ཀྱང་རིམ་གྱིས་བྲི་སྟེ་རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ་ཞིང་ཆུ་གཞན་དག་ཀྱང་དེ་ལྟར་ཐིམས།རིམ་པས་ས་གཞིའི་རྣམ་པ་དང་སྲོག་ཆགས། རྩི་ཤིང་། ནགས་ཚལ་ཆགས་པ་བཅས་ཀྱིས་འཛམ་གླིང་གི་མཆོག་དང་།རྩེ་དང་། ཕུལ་དང་། གཙུག་ཏོར་ལྟ་བུའི་རི་མཐོ་ཞིང་ས་གཙང་བ། ཆུ་བསིལ་ལ་རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས་པའི་ཡུལ་ཁམས་ལྟ་ན་སྡུག་པ་གངས་རིའི་ཕྲེང་བའི་ཡོངས་སུ་བསྐོར་བའི་བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད་དེ།མངའ་རིས་སྐོར་གསུམ་རྫིང་གི་ཚུལ། དབུས་གཙང་རི་བཞི་ཡུར་བ་འདྲ། མདོ་ཁམས་སྒང་དྲུག་ཞིང་གི་ཚུལ་དུ་གྲུབ།
        དེ་ནས་ཡང་དུས་ཡུན་རིང་དུ་བསྐལ་བའི་མོད་ལ་བོད་ཆེན་པོའི་ཡུལ་གྲུ་ཞེས་མཐའི་ཡུལ་གྲུ་གཞན་དག་ལས་ལྷག་པར་མཐོ་བ།དབྱར་དགུན་གཉིས་ཀར་དྲོ་གྲང་སྙོམས་ཤིང་། མུ་གེ་དང་གཅན་གཟན་དང་། དུག་སྦྲུལ་གདུག་པ་ཅན་དང་།སྲིན་འབུ་གདུག་པ་ཅན་སོགས་ཀྱི་འཇིགས་པ་ཆེར་མེད་པའི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་ཡུལ་འདི་ནི་སླར་ཡང་ཁམས་སྟོད་དང་།ཁམས་བར། ཁམས་སྨད་གསུམ་དུ་ཕྱེ་བ་བཞིན་གཞན་གཉིས་ལའང་དེ་ལྟར་ཕྱེས་པས་སྤུ་རྒྱལ་གླིང་དགུའམ་བོད་ཡུལ་གླིང་དགུ་ཞེས་བྱར་གྲགས་པ་ལས།གསེར་ཧོར་ཤུལ་བྱ་བ་ནི་མདོ་ཁམས་གཉིས་ཀྱི་གཞི་དཀྱིལ་དང་ཤར་མི་ཉག་རབ་སྒང་རིང་མོའི་སྟོད་རྒྱུད།གངས་ལྗོངས་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་འཕྲུ་ཏོག རིའི་རི་རྒྱུད་མ་ཆད་གངས་ཏི་སེ།ཆུའི་ཆུ་རྒྱུད་མ་ཆད་གངས་ཀྱི་ཆུ་ཞེས་པའི་དཔེ་ལྟར། བོད་དང་བོད་ཆེན་པོའི་ཟླས་ཕྱེ་བ་ལས་བོད་ཆེན་པོའི་ཤོད་དུ་གཏོགས་པ།བྱང་ཤར་རྒྱུད་ན་རྡོ་སྨར་གཉིས་ཀྱི་རབ་རྒྱུན་དལ་གྱིས་བཞུར་ཞིང་། ལྷོ་ནུབ་རྒྱུད་ན་ཟླ་སྙི་གཉིས་ཀྱི་རི་ཚོགས་ཚལ་དུ་དངར་བའི་རི་མཐོ་ལ་ས་གཙང་བ།མི་རྣམས་བློ་སྤོབས་ཆེ་ཞིང་རང་རྐྱ་ཐུབ་པ། གནའ་བོའི་ངག་རྒྱུན་དུའང་སོག་སེར་པོ་ལ་རྟ་ཁྲལ་དང་།རྒྱ་ནག་པོ་ལ་ཇ་ཁྲལ་འཇལ་མ་མྱོང་བའི་གསེར་ཞོ་གང་གིས་རང་ཚུགས་ཐུབ་བསྡད་ཅིང་མི་རིགས་གཞན་གྱིས་སྦས་ཡུལ་ལམ་གཏོགས་མིན་གྱི་ས་རུ་འབོད་པ།བྲེ་སར་འབྲོང་གི་གཟུགས་དབྱིབས་སུ་ཆ་འཇོག་པའི་དབལ་ཤུལ་གསེར་རྟའི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ་༤༠བརྐྱངས་པའི་གནས་སུ་ཆགས་ཡོད་ལ།གནས་འདིའི་བྱང་རྒྱུད་རྣུ་ཟོག(གནུབས་ཟུར)ཡུལ་ཚོ་དང་འབྲེལ་ཞིང་ནུབ་མཚམས་མཆོག་ཚང་ཡུལ་ཚོ་དང་འབྲེལ།ལྷོ་ཕྱོགས་བྲག་འགོ་དང་དཀར་མཛེས་རྫོང་གཉིས་སུ་འབྲེལ། ཤར་གསེར་སྨད་ཀྱི་ཤོད་རིབ(དེང་སང་ཤེལ་གྲུབ་ཞེས་འབྲི་བཞིན་ཡོད་མོད།མགོན་པོའི་བྱུང་བའི་ནང་དུ། ཆུ་ཕོ་རྟོགས་ལྡན་མཁའ་འགྲོའི་ལུང་བསྟན་ལ་བརྟེན་ནས་ཡར་བྱོན་སྐབས།གཉུག་རུང་ཞེས་པ་ནས་བླ་མ་དགེ་འདུན་རྒྱལ་མཚན་དང་ཞལ་འཕྲད། གཏེར་སྟོན་གྱི་ཞལ་ནས་ཡུལ་འདི་ན་ཤྰཀྱའམ་འཕེལ་ཞེས་པ།གོས་ནག་དང་དྲེའུ་དཀར་པོ་ཡོད་པའི་མི་སུ་ཡོད་གསུངས་པར་བླ་ནག་དགེ་འདུན་རྒྱལ་མཚན་གྱིས་ཞུས་པ།ལུང་པ་འདིའི་ཡ་གི་ལ་ཆུ་འདིའི་རྒྱབ་ན་གསེར་ཆུ་སྔོན་མོའི་སྟེང་ཡུལ་ཤོད་རབ་རིབ་ཅེས་བྱ་བ་ན་ཕྱི་འཕེལ་ཤྰཀྱ་འབུམ་པ་ཞེས་བྱ་བ་སྔགས་འཆང་དེ་ལྟ་བུ་ཞིག་ཡོད་ཞུས་པས་འོ་ན་ཁྱེད་ཀྱིས་ལམ་ཁྲིད་དེར་འགྲོ་གསུངས་པ་ལས།ཡུལ་ཤོད་རབ་རིབ་ཞེས་བྲིས་ཡོད་ལ། དེ་ནི་གང་ཟག་ཆེན་པོའི་གསུངས་ཡིན་པ་མ་ཟད་བདེན་ཞིང་བསྐྱུར་ཏུ་མི་བྲ་བའི་གསུངས་ཤིག་ཡིན་པར་སེམས་ནས་སོར་འཇོག་བྱས་པ་ཡིན།)ཡུལ་ཚོ་དང་རྔ་བ་ཁུལ་འཛམ་ཐང་རྫོང་དང་འབྲེལ་ཡོད།
        དེ་ཡང་དབལ་ཤུལ་གསེར་རྟའི་ས་དབྱིབས་ཆགས་ཚུལ་ལས།སྙིའི་གཡག་མགོ་དཀར་པོ་འབྲོང་གི་མགོ་དང་། གྲོགས་སྙིང་དཔའ་བོ་གཡུ་རྩེ་འབྲོང་གི་སྙིང་།གསེར་སྨད་ཀྱི་སིལ་བོ་སིལ་དམར་འབྲོང་གི་རྔ་མ་དང་། གསེར་ཁོག རྡོ་ཁོག སྙི་ཁོག ཟླ་ཁོག་བཞི་འབྲོང་གི་སུག་བཞི་ཡིན་པའི་ཆེ་དཔྱད་དང་།ཆུང་དཔྱད་ལའང་འབྲོང་རི་མགོ་ལ་དམ་ཅན་སྙིང་། གསེར་སྨད་ཀྱི་རྔ་ལ་རྔ་མར་དཔྱད་པ་སོགས་ཡོད་པས།དབལ་ཤུལ་གསེར་རྟའི་ས་དཔྱད་ཆེ་ཆུང་གཉིས་ལས། གསེར་ཧོར་ཤུལ་གྱི་ཡུལ་འདི་ནི་བྲེ་སར་འབྲོང་གི་རྔ་མའི་དབྱིབས་སུ་བཀོད་ཡོད།སྔོན་དབལ་ཤུལ་འབུམ་སྐྱབས་ཡག་ལ་དམ་ཅན་གྱི་ལུང་བསྟན་བྱུང་ཚུལ་དུའང་། འདི་ནས་ཉི་མ་ནུབ་ཕྱོགས་ན་སྟོད་རྨོག་དཀར་ཐང་ལ་བཞག་འདྲ།དར་འཕྲུ་དགུང་ལ་བསྙེགས་འདྲ། བར་འབྲོང་སྙིང་སྡེར་ནང་དུ་བཞག་འདྲ། སྨད་ན་གཡག་སེ་བོའི་རྔ་མ་དྲུག་ཐོག་ཏུ་འཕྱར་བ་འདྲའི་གདོང་བཀག་པའི་ས་ཁ་རྒྱ་ཆེ་ལ།གནམ་ལྟོ་བ་ཡངས་ས། གསེར་ཐང་ཞེས་པའི་ས་ཆར་སོང་ནས་ཕ་ས་གྱིས་དང་། སྟོད་སྡེ་སྨད་ཀྱིས་མི་ཤེས་ལ་སྨད་སྡེ་སྟོད་ཀྱིས་མི་ཤེས་པའི་སྡེ་མངའ་ཐང་རྒྱས་ཐུབ།སྟོད་རྐྱང་འབྲོག་གི་ས་ནས་སྨད་འབྲུ་དྲུག་ཟོར་བས་བརྔ་ས་ཡན་ཆད་ཀྱི་བདག་པོ་བྱེད་ངེས་རེད་ཅེས་ལུང་བསྟན་པ་ལས།གཡག་སེ་བོའི་རྔ་མ་དྲུག་ཐོག་ཏུ་འཕྱར་འདྲ་ནི་གསེར་སྨད་ཀྱི་རྔ་ལ་སྟག་རྩེ་ཡིན་པ་ཡང་ཡིག་ངག་ཀུན་ན་གཅིག་མཐུན་ཏུ་གྲུབ།
        གཞན་གནས་འདི་ནི་གླིང་སྒྲུང་ནང་གི་གསེར་བའི་ཉི་འབུམ་དར་ཡག་གི་ཕ་ས་འཁྲུལ་མེད་དེ་ཡིན་ལ།གླིང་གི་ས་བཤད་ལས། བྲག་དམར་ལས་ཀྱི་ཁུག་སོ་ན། །གསེར་མཁར་ཆུ་རི་གནམ་རྫོང་ཡོད། །དེ་ན་དཔའ་རྒོད་ཡང་ཐུལ་ལ།།གསེར་བའི་ཉི་འབུམ་དར་ཡག་བཞུགས། ། ཞེས་པ་ལས་གསེར་བའི་ཉི་འབུམ་དར་ཡག་གི་སྐུ་མཁར་ཆུ་རི་གནམ་རྫོང་ཞེས་པ་ནི་ཡུལ་འདིའི་གནས་རི་གྲགས་ཅན་གསེར་རྔ་ལ་སྟག་རྩེའི་ནགས་བྲན་གཉིས་ཀྱི་ཁུག་སོ་ན་ཡོད་ལ།སྐུ་མཁར་ཆུ་རི་གནམ་རྫོང་ཡང་ད་ལྟ་ད་དུང་འདྲེན་བྱེད་ཀྱི་ཡུལ་དུ་འགྱུར་ཐུབ། 
        དེས་ན་གནས་འདིའི་རང་བྱུང་གི་བཀོད་པ་ཡང་གཞན་དང་མི་འདྲ་བར།དམངས་ཁྲོད་དུ་སེང་གེ་གནམ་ལ་འཕྱོང་འདྲ་ཤར་གྱི་སྟག་རྣ་གཟིག་རྣ། གཡུ་འབྲུག་མཁའ་ལ་འཕྱོང་འདྲ་གསེར་སྨད་རྔ་ལ་སྟག་རྩེ།ཀ་བ་གནམ་དུ་བཙུགས་འདྲ་སིལ་བོ་སིལ་དམར་ཞེས་གནས་འདིའི་རི་བོ་ཐམས་ཅད་མཐོ་ཞིང་གནམ་དུ་ཟུག་ཡོད་ལ།གནས་རི་དེ་དག་ནི་ཧོར་ཤུལ་ཚོ་སྡེའི་ཕ་མེས་རྣམས་ཀྱི་རིང་ནས་མཆོད་ཅིང་བསྟོད་པའི་ཡུལ་ལྷ་ཟོ་དོར་དག་ཡིན་ཞིང་།རི་བོ་རེ་རེའི་ངོས་སུ་ཡང་གསེར་དང་ཟངས། དངུལ་དང་ལྕགས། གཡུ་དང་སྤོས་ཤེལ་སོགས་རང་བྱུང་གི་གཏེར་སྣ་ཕུན་སུམ་ཚོགས་ཤིང་།རྒྱལ་བའི་སྤྱན་ཅན། དབྱར་རྩྭ་དགུན་འབུ། པེའུ་མོ། ལྕུམ་རྩྭ། ཤེ་ཐང་།    ཨུཏྤལ་སྔོན་པོ་དང་ཨ་བྱག་གཟེར་འཇོམས།    འབྲི་ཏ་ས་འཛིན།   རྩྭ་ཨ་ཀྲེ། ལྒ་ཏིག་པ།  མཛོ་ཤིང་།   ཤིང་དྲིལ་དཀར་པོ།   པྲི་ཡང་ཀི།  སྤང་སྤོས།  དབང་ལག།   འོམ་བུ། ཀྲེ་ཀ་བ།   ད་ལིས་མེ་ཏོག་སོགས་སྨན་རྩྭའི་རིགས་ཤིན་ཏུ་མང་བ་མ་ཟད།ཤྭ་བ་དང་། རྒོ་བ། གླ་བ། གཟིག དྲེད་མོང་། དོམ། ཤྭ་རྒྱ། སྙན། གཡུ། སྤྲེའུ། གོང་མོ། རྭ་རྒོད།རྣ་བ། ཁ་ཤྭ། རི་བོང་སོགས་རི་སྐྱེས་སྲོག་ཆགས་དག་བག་ཡངས་སུ་རྒྱུ་བ་དང་། གྲོག་རོང་དང་སྤང་ཐང་སོགས་ཀྱང་ལྟ་བས་མི་ངོམས་པར་པིར་རྩེའི་རི་མོ་དང་འདྲ། གནས་འདིའི་མཚོ་འཕགས་སྨི་༣༦༤༠ལོན་པ་དང་། ཡུལ་སྡེ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༨༧༢.༠༨ཡོད་ལ།བཀོལ་དུ་རུང་བའི་རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ༦༤༢༤༡༧ .༥༧ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ༡.༨ཡིན།དཔེར་འོས་པའི་སྤང་ཐང་དང་ནགས་ཚལ་གྱི་གནམ་གཤིས་དྲོ་གྲང་གི་ཁུངས་སུ་གཏོགས།
        ད་ལྟ་ཡར་ལེགས་བྲག་ཆོབ་སྡེ་དང་བག་འེ་སྡེ།    ལི་ཁོག་སྡེ། སྙག་ཁོག་སྡེ། མར་སྒང་སྡེ། བདེ་སྤུན་སྡེ།ནགས་རིང་སྡེ། ལ་སྟེང་སྡེ། རྒྱ་རོས་མ་སྡེ། ལྗག་ཁོག་སྡེ།  བག་འེ་ཁོག་སྡེ་བཅས་སྲིད་འཛིན་སྡེ་བ་བཅུ་གཅིག་གིས་གྲུབ་ཡོད།བཅོས་བསྒྱུར་སྔོན་གྱི་གྲོང་ཚོ་བརྩི་ཚུལ་ལྟར་ན། རུ་ཁག་དང་པོ་དང་། རུ་ཁག་གཉིས་པ། རུ་ཁག་གསུམ་པ།མ་སྐོར་རུ་ཁག ལྗག་ཐལ་མ་རུ་ཁག་བཅས་སྲིད་འཛིན་རུ་ཁག་ལྔ་ཡིས་གྲུབ།
        དེ་ལྟར་རི་ལ་རི་རྒྱུད་མ་ཆད་རབ་སྒང་རིང་མོའི་དམུ་ཐག་གི་རྒྱུད།ཆུ་ལ་ཆུ་རྒྱུན་མ་ཆད་གསེར་ཆུ་སྔོན་མོའི་དར་སྐུད་ཀྱི་རྒྱུད་དུ་ཆགས་པའི་གསེར་ཧོར་ཤུལ་གྱི་ཡུལ་འདི་ནི་ས་བབ་ཀྱི་ཆ་མཐོ་བས་འབྲོག་ལས་རྐྱང་བ་ལས་རོང་ལས་གཉེར་མཁན་མེད་ལ།  སྐད་ལུགས་ཀྱང་བོད་སྐད་ཆོས་དང་མཐུན་པ་འབྲོག་པའི་སྐད་ཅེས་ཇོ་བོ་རྗེས་གསུངས་པ་བཞིན་མདོ་སྟོད་སྨད་ཀྱི་འབྲོག་སྐད་དང་མཐུན་ཆེ་བས་འབྲོག་སྐད་གཤའ་མ་ལས་རོང་སྐད་དང་། ལོག་སྐད་སྨྲ་མཁན་གཅིག་ཀྱང་མེད་པར་བཤད་སྒྲོས་དག་ལ་བོད་ཀྱི་བརྡ་སྤྲོད་ཀྱི་བྱ་ཚིག་དུས་གསུམ་གྱི་ཆ་མ་ནོར་བར་གསལ་བོ་འབྱེད་ཐུབ་པའི་ཁྱད་ཆོས་ལྡན།
        གཞན་ཡུལ་འདིའི་མི་དམངས་རྣམས་ནི་རྟ་རྒྱུག་མདའ་འཕེན་དང་། གླུ་ལེན་བྲོ་ཤགས།རྟ་བཤད་དང་། གཉེན་བཤད། སྦྲ་བཤད་རྣམས་ལ་ཤིན་ཏུ་དགའ། ཁྱད་པར་དུ་འབྲོག་གླུ་དང་། མགུར་མོ།གཏམ་དཔེ་གསུམ་གྱིས་ཡུལ་འདིའི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཟིན་ཡོད།  ཡུལ་འདིའི་འབྲོག་པ་ཚོ་གཏམ་བཤད་ལ་ཤིན་ཏུ་མཁས་པས་ཉིན་འགའ་ཤས་ལ་གཏམ་དཔེ་བཀོད་ནས་གཏམ་བཤད་ཤགས་འགྱེད་སོགས་བྱས་ཀྱང་རྫོགས་རྒྱུ་མེད།  སྟག་ཤར་རྣམས་ལ་ཕོ་སྒོ་ཡོད་པ་དང་། སྨན་ཤར་རྣམས་ཀྱི་སྐྱེ་འབྲས་མཚར་བས་ཀུན་གྱིས་གསེར་ཧོར་ཤུལ་གྱི་མི་ལྟ་བུ་ཞེས་ལབ་གླེང་བྱེད་སྲིད་ལ།སྐྱེས་པ་ཚོས་ཕྱིང་ཞྭ། ཝ་ཞྭ་ཁུག་གྱོན།  ཡང་ན་སྟོང་སྐུད་ནག་པོས་སྐྲ་གཞུག་གི་སྣེ་ལ་བ་སོའི་མཐེབ་སྐོར་དང་གསེར་དངུལ་གྱི་འགུ་ཡ་ཡིས་བརྒྱན་སྲོལ་ཡོད།ནག་མོ་ཚོས་སྐྲའི་ལན་བུ་སྤོས་ར་དང་བྱི་རུས་བརྒྱན་ཅིང་ཚར་ཞྭ་མེ་ཏོག་མ་དང་ཝ་ཞྭ་བསྒྲེང་ཞྭ་སོགས་གྱོན་པའི་སྲོལ་སོགས་གདའ།ཞྭ་མོ་ཉིས་བརྩེགས་གྱོན་ན་དམོད་ཞྭ་ཐོག་བརྩེགས་ཞེས་ལྟས་ངན་པ་རུ་བརྩི།  གཡུ་བྱུར་ཕོ་མོ་ཁྱད་མེད་ཀྱིས་འདོགས། སྐྱེས་པས་རྩག་པ་ཆོན་ནག་དང་ཤྭ་ཚར།ཕྲུག་ལྭ་དང་ཐོ་སྣམ་ལྭ་བ་འཕྱོར་གོས། སྟག་གཟིག་སྲམ་གྱི་སྤགས་པས་འཕྱོར་གོས་ལ་མཐའ་ཤན་བྱེད།བུད་མེད་ཀྱིས་རྩག་པ་ཉིས་ཆོན་ཅན་གྱོན་སྲོལ་དང་། དགེ་བསྙེན་དང་རྒན་ཆོས་སོགས་ཀྱིས་ཆོན་དམར་ཅན་གྱོན་སྲོལ་ཡོད།བུད་མེད་ཀྱིས་རྩག་པ་ཆོན་ནག་གྱོན་ན་བཀྲ་མི་ཤིས་པར་བརྩི།  བསང་དང་གསོལ་ཁ་འདོན་སར་བུད་མེད་མི་ཡོང་།  བུད་མེད་རྣམས་ཀྱི་སྐྲ་ཡི་ལན་ནུ་ཕྲ་བར་བསླ་ལ། ལ་ནུ་ལ་མང་ཉུང་ཤོར་ཞིང་གཡས་ཕྱོགས་ཀྱི་ལ་ནུ་མང་ཚེ་བུད་མེད་དེར་བྱིས་པ་ཕོ་སྐྱེས་པ་མང་བ་དང་།གཡོན་ཕྱོགས་ཀྱི་ལ་ནུའི་མང་ཚེ་བུད་མེད་དེར་བྱིས་པ་མོ་སྐྱེས་པ་མང་བ་སོགས་སྐྲ་ཡི་ལན་ནུ་ལ་བརྟག་ཏེ་བྱིས་པའི་ཕོ་མོ་བརྟག་སྲོལ་ཡོད།  མཚོན་ཆ་ལ་བོའུ་དང་རལ་གྲི་རིང་ཐུང་སོགས་ཡོད་ལ། རྩི་གཤགས་འདོམ་རྒན་མ་ཞེས་གྲི་རིང་ཞིག་འདོགས་སྲོལ་ཡོད།རི་དྭགས་རྔོན་བྱེད་དུ་ཆ་དཔའ་དང་རྙི་དང་མགོ་སྒམ་སོགས་ཡོད། ཚོང་ལས་གཙོ་བོ་ནི་རྟ་ནོར་ལུག་གསུམ་དང་གཡུ་བྱི་རུ་ཡིན་པ་དང་ལྷ་སྐུའི་རྟེན་གསུམ་གྱིས་ཚོང་བྱེད་སྲོལ་མེད།
        ད་དུང་འཇིག་རྟེན་ལས་འདས་པའི་དམ་པའི་ཆོས་དྲི་མ་མེད་པ་ལ་དད་པ་བྱེད་ཅིང་དེ་དག་གི་སྙིང་པོའང་དཔྲལ་བའི་མིག་བཞིན་དུ་སྲུང་ཞིང་ཉམས་སུ་ལེན།ལྷག་པར་མི་དགེ་བ་བཅུ་སྤངས་ཤིང་། དགེ་བཅུའི་ཚུལ་ཁྲིམས་ལ་གནས་པ་དང་རང་རང་ལ་ཐོབ་པའི་དལ་རྟེན་བཟང་པོ་འདི་ཉིད་ལ་བརྟེན་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་རྩེ་གཅིག་ཏུ་གཞོལ་བར་བྱེད་པས།བོད་གོང་བ་ཅན་དང་ཕྲེང་བ་ཅན་ཞེས་པའི་མཚན་གཞི་དེའི་ནང་དུའང་ད་ལྟ་ད་དུང་ལྡན་པར་བྱས་ཡོད།  དེ་མིན་གནས་འདིར་སློབ་དཔོན་པདྨ་འབྱུང་གནས་དང་རྡོ་གྲུབ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར།རྙིང་མའི་གཏེར་སྟོན་ཆེན་པོ་རྒིས་གཏེར་རམ་ཁྲག་འཐུང་བདུད་འཇོམས་རིན་པོ་ཆེ་དང་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས།བྱ་བྲལ་དམ་པ་ཆོས་དབྱངས་ཁྱབ་གདལ་སོགས་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་མྱོང་པ་དང་།  ཀ་ཐོག་མཁན་ཆེན་ནུས་ལྡན་མཁྱེན་བརྩེ་བློ་གྲོས་དང་མཁས་པའི་དབང་པོ་མཁན་ཆེན་ཟླ་འོད།སྐུ་འབུམ་དགེ་བཤེས་མཐའ་ཡས་སོགས་སྐྱེས་ཆེན་དུ་མའི་ལྟེ་ཁྲག་འཐོར་སའི་གདན་གནས་རྨད་དུ་བྱུང་བ་ཡིན་པས།བྱིས་པ་ལོ་བརྒྱད་ཡན་དང་རྒན་པོ་བརྒྱད་ཅུ་བ་མན་གྱིས་ཀྱང་གནས་འདིའི་རི་ལ་ལྷ་ཡོད་པ་དང་།ཆུ་ལ་ཀླུ་ཡོད་པ་ངག་སྒྲོས་སུ་འབྱམས།
        གཞན་ཡང་ལོ་རྒྱུས་རིག་པའི་ཞིབ་འཇུག་གི་རྟིང་མར་གྱུར་བའི་གནའ་ཤུལ་རིག་དངོས་དང་།དམངས་ཁྲོད་ངག་རྒྱུན། ཡིག་རྙིང་ཁུངས་བཙུན་སོགས་གསེར་སྲང་སྟོང་གི་ཉ་གར་གཞལ་ཡང་འཇལ་ཐབས་དཀའ་བའི་ཞིབ་འཇུག་གི་རྒྱུ་ཆ་ཡང་མང་པོ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1