འབྲི་ཏ་ས་འཛིན་ནི་ཀུམ་ཉོའུ་སྡེ་བའི་ཕྱུག་འགྱུར་ཤིང་ཏོག་ཏུ་གྱུར།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10


       ཆུ་ཆེན་རྫོང་ཁྲེང་ཞང་ཡུལ་ཚོ་ཀུམ་ཉོའུ་སྡེ་བའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་སྡེ་མི་ཚོ་ལས་ལ་བྲེལ་བཞིན་འདུག སྡེ་མི་ཚོར་དབུལ་ཕོངས་ལས་ཐར་ཏེ་ཕྱུག་པོར་འགྱུར་བ་ལ་དམིགས་ཏེ་ན་ནིང་ནས་བཟུང་སྡེ་བ་དེས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་བརྟེན་ནས་འབྲི་ཏ་ས་འཛིན་གྱི་འདེབས་འཛུགས་རྣམ་གྲངས་ནང་འདྲེན་བྱས་ཤིང་། ཉེ་ཆར་འབྲི་ཏ་ས་འཛིན་མུའུ་800ལྷག་ཙམ་ལ་ལོ་ལེགས་བྱུང་ཡོད།
       འབྲི་ཏ་ས་འཛིན་འདེབས་འཛུགས་རྣམ་གྲངས་ཀྱི་འགན་ཁུར་བ་སུན་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྔོན་ཆད་སྤུས་ལེགས་ཀྱི་འབྲི་ཏ་ས་འཛིན་གྱི་མྱུ་གུ་གསོ་རྒྱུར་འཚམ་པའི་རྟེན་གཞི་ཞིག་རྙེད་ཆེད། ཁོ་ཚོས་རྔ་བ་ཁུལ་གྱི་ས་ཆ་སོ་སོ་ནས་རྟོག་ཞིབ་བྱས་རྗེས་ཆུ་ཆེན་རྫོང་ཀུམ་ཉོའུ་སྡེ་བ་མཚོ་ངོས་ལས་མཐོ་ཚད་སྨི་2600ཡིན་ཞིང་། ས་ཁོད་སྙོམས་པ་དང་། ས་རྒྱུ་གཤིན་པ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པས་འབྲི་ཏ་ས་འཛིན་གྱི་མྱུ་གུ་གསོ་བའི་ས་ཆ་ལེགས་ཤོས་ཡིན་པ་ཤེས་རྟོགས་བྱུང་ལ། ལོ་དེར་འབྲི་ཏ་ས་འཛིན་ཚོད་འདེབས་བྱས་པར་འབྲས་བུ་ཐོབ།

       སྡེ་བ་རུ་འབྲི་ཏ་ས་འཛིན་གྱི་མྱུག་གསོ་རྟེན་གཞི་ཡོད་པས་སྡེ་མི་ཚོར་རང་གི་ཕ་ཡུལ་དུ་ལས་ཀ་གཉེར་ཐུབ་པར་མ་ཟད། ད་སྐབས་འབྲི་ཏ་ས་འཛིན་གྱི་མྱུག་གསོ་རྟེན་གཞིར་ལས་ཀ་གཉེར་བའི་སྡེ་མི་14ཡོད། སྔོན་ཆད་ཀུམ་ཉོའུ་སྡེ་བས་སྲོལ་རྒྱུན་གྱི་མ་རྨོས་ལོ་ཏོག་འདེབས་རྒྱུར་བརྟེན་ཞིང་ཡོང་འབབ་མང་པོ་མེད། ད་སྐབས་ས་ཞིང་འབྲི་ཏ་ས་འཛིན་ཀུང་སི་ལ་སྐོར་སྤྱོད་བྱས་ཤིང་། ཀུང་སི་རུ་ལས་ཀ་གཉེར་བར་མ་ཟད། ལོར་རེར་ཡོང་འབབ་སྒོར་ཁྲི་2ནས་3བར་ཡོད་ཅེས་རྟེན་གཞི་རུ་ལས་ཀ་གཉེར་བའི་ལས་བྱེད་མི་སྣ་ལུང་ཅང་ཧའེ་ཡིས་དེ་ལྟར་བཤད།


       ས་ཞིང་སྐོར་སྤྱོད་བྱས་ཏེ་འབྲི་ཏ་ས་འཛིན་གྱི་རྟེན་གཞི་འཕེལ་རྒྱས་འགྲོ་བ་དང་བསྟུན་སྡེ་བའི་ཐུན་མོང་གི་ཡོང་འབབ་ཇེ་མང་དུ་བཏང་ཡོད། ཀུང་སིས་ལོ་རེར་ས་ཞིང་མུའུ་གཅིག་རེར་སྐོར་སྤྱོད་དངུལ་སྒོར་600སྤྲད་ཅིང་། རྟེན་གཞིའི་ལས་བྱེད་མི་སྣ་ས་གནས་དེའི་མང་ཚོགས་ཡིན་པ་དང་། མང་ཚོགས་40ལྷག་གི་ལས་ཞུགས་ཀྱི་དཀའ་ཁག་སེལ་ཡོད་ལ། 2018ལོར་གཏན་འཁེལ་བྱས་པའི་ལས་བྱེད་མི་སྣ་55ཡོད།
       ཀུམ་ཉོའུ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཧོ་ཝན་ཆིའུ་ཡིས་བཤད་པ་ལྟར་ན། འབྲི་ཏ་ས་འཛིན་ཀུང་སིས་ཀུམ་ཉོའུ་སྡེ་བའི་ས་ཞིང་མུའུ་100ལྷག་སྐོར་སྤྱོད་བྱས་ཏེ་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་ཤིང་། ལོ་རེར་ཡོང་འབབ་སྒོར་ཁྲི་20ནས་30བར་ཟིན་ཐུབ་པར་མ་ཟད། སྡེ་བའི་དྲོད་ཁང་འབྲི་ཏ་ས་འཛིན་ཀུང་སིར་བོགས་མར་བཏང་ཞིང་། ལོ་རེར་བོགས་དངུལ་སྒོར་ཁྲི་2ཡོད་ཅེས་ཟེར།
       ད་ལོར་འབྲི་ཏ་ས་འཛིན་ཁྲོམ་རར་བཏོན་པ་ནས་བཟུང་། རྒྱ་མ་རེར་སྒོར་10ལྷག་ཙམ་ཡིན་པ་དང་གཙོ་བོར་སྡེབ་ཚོང་བྱེད་པ། ད་སྐབས་འབྲི་ཏ་ས་འཛིན་མུའུ་720ཡོད་ཅིང་། དེའི་ཁྲོད་སྤུས་ལེགས་ཀྱི་འབྲི་ཏ་ས་འཛིན་གྱི་རྟེན་གཞི་མུའུ་320ཡོད་པ་དང་། འབྲི་ཏ་ས་འཛིན་མྱུག་གསོ་རྟེན་གཞིར་སྤྱིའི་རྒྱ་ཁྱོན་མུའུ་400ཟིན་ཡོད་ལ། ཞིང་བ་ཚོའི་ཡོང་འབབ་འཕར་བ་དང་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1