ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་རྒན་པ་བརྒྱད་ལ་འཕྲིན་ལན་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-10


        རྒྱལ་ཁབ་དཔེ་མཛོད་ཁང་ལས་ནས་ལོ་འཁོར་བརྒྱ་དང་བཅུ་ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་རྒན་པ་བརྒྱད་ལ་འཕྲིན་ལན་བསྐུར་ཏེ། རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་མཛད་པར་མ་ཟད་རྒྱལ་ཁབ་དཔེ་མཛོད་ཁང་གིས་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་ཐུགས་རེ་བཏོན།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། ཁྱེད་ཚོ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་རྗེས་སྔར་བཞིན་དུ་རྒྱལ་ཁབ་དཔེ་མཛོད་ཁང་གི་འཕེལ་རྒྱས་དང་རིག་གནས་ལས་དོན་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་དེ་ལས་ཁྱོད་ཚོས་དཔལ་ཡོན་རྒྱུན་འཛིན་དང་སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་ཐོག་མའི་བསམ་འདུན་གཏན་སྲུང་བྱས་པ་མཚོན་ཡོད་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་བརྒྱ་དང་བཅུའི་རིང་ལ། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་དང་རྒྱལ་དམངས་བྱང་ཚད་མཐོར་འདེགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་སུ་ནུས་པ་ཆེན་པོ་བཏོན་པ་དང་། མི་རབས་ནས་མི་རབས་བར་གྱི་རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཡོངས་ཀྱིས་དེའི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་གང་ཡོད་བཏོན། དེ་བས་བདག་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། དཔེ་མཛོད་ཁང་ནི་རྒྱལ་ཁབ་རིག་གནས་འཕེལ་རྒྱས་ཆུ་ཚད་ཀྱི་མཚོན་བྱེད་གཙོ་བོ་ཡིན་པ་དང་། མི་རིགས་ཀྱི་སེམས་ཁམས་གསོ་བ་དང་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བའི་གནས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པ་དང་ཞབས་ཕྱིའི་རྣམ་པ་གསར་སྐྲུན་བྱེད་པ། དམངས་ཡོངས་ཀྱི་དཔེ་ཀློག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་མི་དམངས་ཀྱི་བསམ་བློའི་རིག་གནས་དགོས་མཁོ་ཡོངས་སུ་སྐོང་དགོས་པར་མ་ཟད་སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1