“གངས་ལྗོངས་ཀྱི་གཟི་འོད་དེ་བོད་ལྗོངས་ཆབ་མདོའི་ཐང་ག་རྩེ་གྲ་བརྒྱའི་ཆེད་དོན་འགྲེམས་སྟོན”ཐེན་ཅིན་དུ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-11


ཐང་ག་འགྲེམས་སྟོན་བྱེད་ཡུལ་དངོས། 
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་6ཉིན“གངས་ལྗོངས་ཀྱི་གཟི་འོད་དེ་བོད་ལྗོངས་ཆབ་མདོའི་ཐང་ག་རྩེ་གྲ་བརྒྱའི་ཆེད་དོན་འགྲེམས་སྟོན”ཐེན་ཅིན་མཛེས་རྩལ་ཁང་དུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཐེན་ཅིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་གནང་པ་དང་། ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་མཉམ་ལས་སྤེལ་རེས་གཞུང་དོན་ཁང་དང་ཐེན་ཅིན་གྱི་བོད་སྐྱོར་ལས་དོན་རུ་ཁག་སྐོར་དགུ་བའི་རོགས་སྒྲུབ་གནང་པ། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(རིག་དངོས་ཅུས)དང་ཐེན་ཅིན་གྲོང་ཁྱེར་མཛེས་རྩལ་ཁང་གིས་སྒྲུབ་འགན་འཁུར་པ་རེད། དེའི་དམིགས་ཡུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་སྟེ། ཐེན་ཅིན་དང་ཆབ་མདོ་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་དང་སྤེལ་རེས་མཉམ་འདྲེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དེ་རེད། 
ཐང་ག་འགྲེམས་སྟོན་བྱེད་ཡུལ་དངོས།
              ད་ཐེངས་ཀྱི་འགྲེམས་སྟོན་ཐོག་བོད་ལྗོངས་ཆབ་མདོའི་ཁྱད་ལྡན་ཐང་གའི་བརྩམས་ཆོས་བརྒྱ་ལྷག་འགྲེམས་སྟོན་བྱས་ཡོད་ཅིང་། བརྩམས་ཆོས་དེ་དག་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས་ཀྱི་ཆབ་མདོའི་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་མི་རབས་བཅུ་གཅིག་པ། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། ཀརྨ་སྒར་བྲིས་ལུགས་ཀྱི་མཚོན་བྱེད་རང་བཞིན་གྱི་ལྷ་རིས་པ་བསྟན་འཛིན་ཕུན་ཚོགས་དང་། བོད་རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན། བོད་ཀྱི་ཐང་གའི་རིམ་པ་དང་པོའི་ལྷ་རིས་པ། ཁང་སྨན་གསར་ལུགས་ཀྱི་མཚོན་བྱེད་རང་བཞིན་གྱི་ལྷ་རིས་པ་ཤེས་རབ་ཉི་མ། བོད་རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན། ཞང་ཞུང་གདོང་མདོའི་ལུགས་ཀྱི་མཚོན་བྱེད་རང་བཞིན་གྱི་ལྷ་རིས་པ་ནོར་བུ་གཡུ་རྒྱལ། བོད་རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་ཅན། བྱིའུ་སྒང་པའི་བྲིས་རྒྱུན་གྱི་མཚོན་བྱེད་རང་བཞིན་གྱི་ལྷ་རིས་པ་གྲགས་པ་བསྟན་འཛིན་སོགས་བོད་ཀྱི་ཐང་ག་ལྷ་རིས་པ་གྲགས་ཅན་གྱི་བརྩམས་ཆོས་ཡོད་ལ། ཕུལ་བྱུང་གསར་སྐྱེས་ལྷ་རིས་པ་དང་ཆབ་མདོའི་རིག་གནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི“ཐང་ག་རྩེ་གྲ་བརྒྱའི”བརྩམས་ཆོས་ཀྱང་ཚུད་ཡོད་པ་རེད། 
ཐང་ག་འགྲེམས་སྟོན་གྱི་ཡུལ་དངོས་སུ་ལྟད་མོ་བས་ཐང་ག་འབྲི་རྩལ་ལ་བལྟ་བཞིན་པ། 
              འགྲེམས་སྟོན་གྱི་ཡུལ་དངོས་སུ། ལྟད་མོ་བས་འགྲེལ་བཤད་པ་ལས་ཐང་གའི་རྨང་གཞིའི་ཤེས་བྱ་དང་བརྩམས་ཆོས་ཀྱི་ནང་དོན་ལ་ཤེས་རྟོགས་བྱས་ཆོག་ཅིང་། རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་པ་བརྒྱུད་ཐང་ག་རེ་རེའི་ངོ་སྤྲོད་མདོར་བསྡུས་ལ་བལྟས་ཆོག་ལ། ཐང་ག་ལྷ་རིས་པས་ཡུལ་དངོས་སུ་ཐང་ག་འབྲི་བཞེངས་བྱས་པ་བརྒྱུད་བསམ་ཕྱོགས་བརྗེ་རེས་གནང་སྟེ་བོད་ཀྱི་ཐང་གའི་ལག་རྩལ་དང་འབྲེལ་ཡོད་ཆེད་ལས་ཤེས་བྱར་ཤེས་རྟོགས་དང་ཉམས་ལེན་ཡང་བྱས་ཆོག་པ་རེད། 
འགྲེམས་སྟོན་ཡུལ་དངོས་ཀྱི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན། 
              ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཕྱོགས་སུ་འགྲེམས་སྟོན་དྲིལ་སྒྲོག་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་ཐོན་ལས་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཆབ་མདོའི་རིག་གནས་ཐོན་ལས་ཕྱིར་སྐྱོད་ལ་སྐུལ་འདེད་གཏོང་བ། ཆབ་མདོའི་ཐང་ག་སོགས་དགེ་མཚན་ཆེ་ཤོས་ལྡན་པའི་རིག་གནས་ཐོན་ལས་ཇེ་རྒྱས་ཇེ་སྟོབས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཤིག་རེད། ཆབ་མདོའི་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་གཞིར་བཟུང་ཐོག་སྲིད་གཞུང་གིས་ཁྲིད་སྟོན་དང་སྤྱི་ཚོགས་ཟབ་ཞུགས། ཁྲོམ་རས་འཁོར་རྒྱུག་བཅས་ཀྱི་འཕེལ་རྒྱས་ཀྱི་རྩ་དོན་དམིགས་སུ་འཛིན་པ་དང་། ཚད་གཞི་བཟོ་བ་དང་ སྤུས་རྟགས་གཏོད་པ། ཐོན་རྫས་དྲིལ་བསྒྲགས། ཁེ་ལས་གསོ་སྐྱོང་། མ་དངུལ་རོགས་སྐྱོར། ཁྲལ་བསྡུ་གཟིགས་སྐྱོང་སོགས་ཀྱི་ལས་ཀའི་བསམ་ཕྱོགས་དམིགས་སུ་འཛིན་པ།་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་གལ་ཆེ་མཉམ་འཛིན་དང་། བྱ་གཞག་དང་ཐོན་ལས་འཕེལ་རྒྱས་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐང་གའི་སྲོལ་རྒྱུན་ལག་རྩལ་འདི་ཉིད་ཀྱིས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཕྱུག་འགྱུར་གྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཏེ། ཕུལ་བྱུང་སྲོལ་རྒྱུན་ལག་ཤེས་ཀྱི་སྒྱུ་རྩལ་རིན་ཐང་དང་དཔལ་འབྱོར་རིན་ཐང་འདོན་སྤེལ་གང་ལེགས་བྱ་དགོས། མིག་སྔར་ཆབ་མདོ་གྲོང་ཁྱེར་དུ་ཐང་ག་ལྷ་བྲིས་པ1200ལྷག་ཙམ་ཡོད་པ་དང་། ཐོན་ལས་དབུལ་སྐྱོར་གྱི་ངོ་བོ་ལྡན་པའི་ཐང་གའི་ཁེ་ལས་31ཡོད་པ་དེས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་གི་མི་གྲངས365ལ་སྐུལ་ཁྲིད་ཐུབ་ཡོད། 
པར་འདི་ནི་ཐང་གའི་བརྩམས་ཆོས《པདྨ་འབྱུང་གནས》ཡིན་ལ། རྩོམ་པ་པོ། བློ་རྒྱལ།
པར་འདི་ནི་ཐང་གའི་བརྩམས་ཆོས《ཁྱུང་དམར》ཞེས་པ་ཡིན་ལ། རྩོམ་པ་པོ། ནོར་བུ་གཡུ་རྒྱལ། 
              1994ལོར་ཐེན་ཅིན་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་རིག་གནས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། 2013ལོ་ནས་བཟུང་། མ་དངུལ་རོགས་སྐྱོར་དང་རྣམ་གྲངས་རོགས་སྐྱོར། རིག་གནས་སྤེལ་རེས། ཤེས་ལྡན་པ་གསོ་སྐྱོང་། སྒྲིག་ཆས་རོགས་སྐྱོར་སོགས་ཕྱོགས་ལྔའི་ཐད་ནས་རིམ་རྩིས་བྱས་ན་ཆབ་མདོའི་རིག་གནས་ཁོངས་གཏོགས་ཀྱི་རིག་གནས་རྣམ་གྲངས་སྣ་ཚོགས་ལ་མ་དངུལ་སྒོར་ཁྲི་1400ལྷག་ཙམ་རོགས་སྐྱོར་བྱས་ཡོད་ཅིང་། ད་ཐེངས་ཀྱི་བྱེད་སྒོ་དེ་2019ལོའི་ལོ་འཁོར་ནང་ལག་བསྟར་བྱས་པའི་ཐེན་ཅིན་གྲོང་ཁྱེར་གྱི་འཆར་གཞིའི་ནང་གི་རིག་གནས་ཆབ་སྐྱོར་རྣམ་གྲངས་གལ་ཆེན་ཞིག་ཀྱང་རེད། 
ཐང་ག་འགྲེམས་སྟོན་བྱེད་ཡུལ་དངོས། 
              ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་ཟླ་9ཚེས་20ཉིན་བར་འགྲེམས་གཟིགས་གནང་སྟེ། ཐེན་ཅིན་གྱི་མི་སེར་དང་ས་གནས་ཁག་གི་ཡུལ་སྐོར་བར་རྒྱལ་སྟོན་གོང་གི་མཐོང་ཚོར་གྱི་སྟོན་མོ་དང་བསམ་པའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1