༄༅། །གེ་སར་གྱི་སྒྲུང་དཔེ་དང་བཀའ་བློན་གྱི་མིང་ཚིག

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-22


སློབ་གྲྭ་ཆེ་བའི་དགེ་རྒན་ཆེ་མོ་ཞིག་གིས་གླིང་གེ་སར་རྒྱལ་པོའི་སྒྲུང་དཔེའི་ནང་ཚན<<འཛམ་གླིང་སྤྱི་བསང>>ཞེས་པ་དེ་རྒྱ་ཡིག་ཐོག་ཕབ་བསྒྱུར་གནང་བ་དེ་ནི་བོད་རྒྱ་སྤུན་ཟླ་མི་རིགས་དབར་རིག་གནས་སྤེལ་རེས་ཀྱི་བྱ་བར་ལེགས་སྐྱེས་ཆེན་པོ་འབུལ་གནང་མཛད་པ་ཞིག་ཡིན་སྟབས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། འོན་ཀྱང་བསྒྱུར་ཡིག་དེའི་གླེང་གཞིའི་ནང་“སྒྲུང་དེབ་འདིར‘བཀའ་བློན’ཟེར་བའི་ཡི་གེ་དེ་ཡང་ཡང་བྱུང་བ་ལྟར་བཀའ་བློན་གྱི་གོ་གནས་བསྐོ་བཞག་ནི་མན་ཇུ་གོང་མའི་དུས་ཐོག་མར་བཙུགས་པ་ཡིན་པས་ང་ཚོའི་ཐོག་མའི་ལྟ་སྟངས་ལ། སྒྲུང་དཔེ་འདི་འབྲི་རྩོམ་བྱས་པའི་དུས་ཚོད་ནི་དུས་རབས་བཅོ་བརྒྱད་པའི་རྗེས་སུ་ཡིན་པར་མངོན”ཞེས་གསུངས་འདུག་ཅེས་གོ་ཐོས་བྱུང་། ང་རང་ལ་མཚོན་ན<<གེ་སར་རྒྱལ་པོའི་སྒྲུང་>>ལ་ཞིབ་འཇུག་བྱེད་མ་མྱོང་བར་བརྟེན<<འཛམ་གླིང་སྤྱི་བསང>>སྒྲུང་དཔེ་དེ་དུས་རབས་གང་ལ་བྱུང་བ་ནི་དེ་བས་ཀྱང་ཤེས་ཀྱི་མེད་སྟབས་དེ་སྐོར་བགྲོ་གླེང་ཞུ་བའི་འོས་བབ་རྩ་བ་ནས་བྲལ། འོན་ཀྱང་“བཀའ་བློན”ཟེར་བའི་ཐ་སྙད་དེ་ནི་“ལྡན་མ་བྱང་ཁྲ”ཟེར་བའི་མིང་གི་གོང་དུ་ཡང་ཡང་ཡོད་བ་ནི་ཕལ་ཆེར<<གེ་སར་གྱི་སྒྲུང་>>ཕལ་ཆེ་བའི་ནང་གསལ་ཡོད། དཔེར་ན<<གངས་རི་ཤེལ་རྫོང>>ནང་“བཀའ་བློན་ཚ་ཞང་ལྡན་མ་བྱང་ཁྲ(སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་ངོས85)ཞེས་འཁོད་པ་དང་། དེ་མིན་ད་དུང་<<སྟག་གཟིག་ནོར་འགྱེད>>ནང་གླིང་གི་དཔའ་རྟུལ་སུམ་ཅུ་ལ“བཀའ་བློན་སུམ་ཅུ(བོད་ལྗོངས་མི་དམངས་དཔེ་སྐུན་ཁང་ནས་བསྐྲུན་པའི་དེབ་ངོས55)ཞེས་གསལ་འདུག་པ་མ་ཟད། ཐ་ན་དགྲ་ཕྱོགས་ཀྱི་དམག་དཔོན་ལའང་“བཀའ་བློན”ཟེར་བ་སྤྱད་ཡོད་པ་དཔེར་ན་<<ཚ་བ་མདའ་རྫོང་>>ཞེས་པའི་ནང་“བཀའ་བློན་སེང་གེ་ཁམ་ཟིན(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བཏོན་པའི་དེབ་ངོས33)ཞེས་འབོད་པ་སོགས་ལྟ་བུ་ཡིན། གལ་སྲིད་སྒྲུབ་བྱེད་དེ་ཁོ་ན་བཟུང་ནས་གེ་སར་གྱི་སྒྲུང་དཔེ་ཡིག་ཐོག་ཏུ་འཁོད་པ་དེ་རིགས་བྱུང་བའི་དུས་ཚོད་དེ་དུས་རབས་བཅོ་བརྒྱད་པའི་རྗེས་སུ་གཏན་འགེལ་བྱས་ན་དོན་དངོས་དང་མི་མཐུན་པའི་ནོར་འཁྲུལ་ཡོང་ངེས་ཡིན། དེར་བརྟེན་འདིར་བོད་དུ་བཀའ་བློན་ཞེས་པའི་མིང་ཚིག་དེ་བྱུང་ཚུལ་སྐོར་ལ་གླེང་མོལ་རགས་ཙམ་ཞིག་ཞུ་འདོད་བྱུང་།

1.བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་གསལ་བ་ལྟར་ན་བཀའ་བློན་ཟེར་བའི་ཐ་སྙད་དེ་ནི་སྲོང་བཙན་སྒམ་པོའི་དུས་སྐབས་ནས་བྱུང་བ་ཡིན་ཚུལ་འཁོད་ཡོད། དཔེར་ན<<རྒྱལ་རབས་གསལ་བའི་མེ་ལོང་>>ནང་སྲོང་བཙན་གྱི་སྐབས་“མིང་ཆེན་གྱི་བློན་པོ་བཅུ་དྲུག་ཡོད་དེའང་ཕྱི་བློན་བཙན་པོ་དྲུག་ནང་བློན་བཟང་པོ་དྲུག བཀའི་འཕྲུལ་བློན་བཞིའོ(ལྕགས་པར་དེབ་ངོས73)ཞེས་གསལ་པའི་བཀ༷འ་ཡི་འཕྲུལ་བློན༷་ཟེར་བ་དེ་བསྡུས་མིང་ལ་བཀའ་བློན་ཞེས་ཆགས་པ་དང་། ད་དུང་<<ཆོས་འབྱུང་མཁས་པའི་དགའ་སྟོན>>ནང་སྲོང་བཙན་སྐབས་བོད་ཀྱི་ཁོས་སུམ་ཅུ་རྩ་དྲུག་གཏན་ལ་ཕབ་པའི་རྒྱས་བཤད་ནང་“ཡིག་ཚང་དྲུག་ནི”རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་དང་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་སུ་ཕྱེ་བས་བཅུ་གཉིས་སོ། དེ་ཡང་དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་། དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་བ། དགུང་བློན་ཐ་ཆུང་དང་། ནང་བློན་འབྲིང་། བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀ༷འ་བློན༷་འབྲིང་ལ་གསེར་ཡིག་ཆུང་ངུ། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང་(ཇ་པ་ཤོག་གྲངས21མདུན)ཞེས་གསལ་བ་ལས་ཀྱང་གནའ་རབས་ཀྱི་བཀ༷འ་ཡོ་གལ་འཆོས་པའི་བློན༷་པོ་ཟེར་བ་དེའི་བསྡུས་མིང་ལ་བཀའ་བློན་ཞེས་འབོད་པ་གསལ་པོར་མཚོན་གྱི་ཡོད། དེ་ལྟར་ན་མིང་ཚིག་དེ་བྱུང་བ་ནས་ད་ཕན་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་སོང་ཟིན་ཅིང་། གལ་སྲིད་གོང་གསལ་གྱི་ལོ་རྒྱུས་ཡིག་རིགས་བཙན་པོའི་སྐབས་ཀྱི་ཡིག་ཆ་ངོ་མ་མིན་པའི་དབང་དུ་བཏང་ནའང་། ཡིག་ཆ་གོང་མ་དེ་ནི་དུས་རབས་བཅུ་བཞི་པ་དང་ཕྱི་མ་དེའང་དུས་རབས་བཅུ་དྲུག་བཔའི་དུས་སྐེད་ལ་བསྒྲིགས་པ་མ་ཟད། དེ་དག་ཀྱང་སྔར་གྱི་ལོ་རྒྱུས་ཡིག་རྙིང་ནས་དྲངས་པ་བཅས་ལ་བརྟེན་བཀའ་བློན་ཞེས་པའི་མིང་ཚིག་དེ་མ་མཐར་ཡང་ད་ཕན་མི་ལོ་བརྒྱ་ཕྲན་བདུན་བརྒྱད་ཀྱི་གོང་ནས་བྱུང་བ་ར་འཕྲོད་ཀྱི་ཡོད། དེ་ནི་གླེང་བྱ་གཙོ་བོ་ཡིན།

2.ཉེ་རབས་ཀྱི་བོད་ས་གནས་སྲིད་གཞུང་གི་བློན་ཞེས་པ་བྱུང་ཚུལ་གྱི་ཐད་ནས་བཤད་ནའང་དུས་རབས་བཅུ་བདུན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོད་ས་གནས་ཀྱི་སྲིད་དབང་བསྐྱངས་རྗེས་གནའ་རབས་བོད་ཀྱི་བཙན་པོའི་ལོ་རྒྱུས་ལ་དོན་སྣང་ཆེན་པོ་གནང་ཞིང་། དེ་རྗེས་བོད་ཀྱི་དབང་འཛིན་སྡེ་སྲིད་འགའ་ཞིག་གི་འོག་ཏུ་ལས་ཀ་བྱེད་མཁན་གྱི་དཔོན་རིགས་གཙོ་གྲགས་རེ་ཟུང་ལ་ངོ་བསྟོད་ཆེད་གནའ་བོའི་ལོ་རྒྱུས་ཐོག་གསལ་བའི་བཀའ་བློན་ཟེར་བའི་ཐ་སྙད་དེ་རང་དགར་སྤྱད་པའང་བྱུང་ཡོད་ཚོད་དང་། དེ་རྗེས་དུས་རབས་བཅོ་བརྒྱད་པའི་སྟོད་ཆར་སོག་པོ་ཇུན་གྲ་གྱི་དཔུང་ཚོགས་བོད་དུ་ལྷགས་ཏེ་ལྷ་བཟང་ཁང་གི་དབང་སྒྱུར་གཏོར་ནས་སྟག་རྩེ་ལྷ་རྒྱལ་རབ་བརྟན་ལ་རང་མཚམས་ཀྱིས་སྡེ་སྲིད་བསྐོས་སྐབས་ཀྱང་དེའི་གཤམ་དུ་བཀའ་བློན་ཟེར་བ་གཉིས་བྱུང་འདུག་1720ལོར་ཆིང་གོང་མ་ཁང་ཤིས་དམག་དཔུང་བཏང་ནས་ཏཱ་ལའི་བདུན་པ་གདན་དྲངས་ཏེ་ཇུན་གར་བ་རྣམས་མཐར་བསྐྲད་ཅིང་། སྟག་རྩེ་ལྷ་རྒྱལ་རབ་བརྟན་དང་མཉམ་དུ་བཀའ་བློན་བཀྲ་ཤིས་རྩེ་བ་དང་བཀའ་བློན་ཨ་ཆོས་ཟེར་བ་དེ་གཉིས་ཀྱང་གོང་མའི་ཁྲིམས་རར་ཚར་བཅད་པའི་སྐོར<<མི་དབང་རྟོག་བརྗོད>>དེབ་པར་ངོས394ནང་གསལ་བ་དང་། དེའི་རྗེས་གོང་མ་ཡུང་ཀྲེང་གི་ལུང་གིས། དའི་ཆིང་བ་དུར་བསོད་ནམས་སྟོབས་རྒྱལ་དང་། ང་ཕོད་པ་རྡོ་རྗེ་རྒྱལ་པོ། ལུམ་པ་བ་བཀྲ་ཤིས་རྒྱལ་པོ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། སྦྱར་ར་བ་བཅས་ལ་བཀའི་དགུང་བློན་བསྐོ་བཞག་བྱས་པ་དེ་དག་ནི་མན་ཆིང་གོང་མའི་ལུང་དང་འབྲེལ་བའི་བོད་ཀྱི་བཀའ་བློན་ཐོག་མ་ཡིན་པར་སྣང་། ཁོང་ཚོར་དེ་སྔའི་གོམས་གཤིས་ལྟར་བཀའ་བློན་ཞེས་འབོད་པ་ནི<<མི་དབང་རྟོགས་བརྗོད>>དེབ་པར་ངོས458ནང་“ཨ་ས་ཁན་ཨམ་བན་གྱིས་ཧོར་ཁ་བཞིའི་སྡེ་རྣམས་ཆམ་དུ་འབེབས་པ་དེའི་སླད་དུ་བཀའ་བློན་རྣམས་ལས་སུ་རིགས་པ་ཞིག་འགྲོ་བར་འོས་ཤིང་། དེ་ཡང་ཕོ་ལྷ་ཐའི་ཇི་ཉིད་འདོང་བར་རིགས་སོགཞེས་འཁོད་ཡོད།

དེ་རྗེས1727ལོར་ང་ལུམ་སྦྱར་གསུམ་གྱིས་ལྷ་སར་ཁང་ཆེན་པ་དའི་ཆིང་བ་དུར་འཇབ་རྒོལ་གྱི་དམར་གསོད་བཏང་ཐོག་ཕོ་ལྷ་ཐའི་ཇི་གཙང་དུ་ཡོད་པ་གསོད་ཆེད་དམག་དཔུང་མངགས་ཀྱང་གསོད་མ་ཐུབ་པ་མ་ཟད། ཕོ་ལྷ་བས་སྟོད་གཙང་གི་དཔུང་ཆེན་བསྐུལ་ནས་དབུས་གཙང་སྡེ་གཟར་གྱི་འཁྲུག་ལོང་ཆེ་ཙམ་ཞིག་བྱུང་བ་དེ་ལའང་བཀའ་བློན་ནང་འཁྲུག་ཅེས་གྲགས་པ་དང་། མཐར་ང་ལུམ་སྦྱར་གསུམ་གྱི་དབུས་དཔུང་རྣམས་ཕམ་ཞིང་། ཆིང་གོང་མའི་བཀའ་མངགས་པའི་དཔོན་དམག་ཀྱང་ལྷ་སར་འབྱོར་ཐོག་བཀའ་བློན་རྣམས་ལ་ཞུ་བཤེར་བྱས་མཐར་ང་ལུམ་སྦྱར་གསུམ་ཁྲིམས་ལྟར་ཚར་བཅད། དེ་རྗེས་གོང་གམའི་བཀའ་ལུང་གིས་ཕོ་ལྷ་ཐའི་ཇིར“དབུས་གཙང་གི་བཀའ་སློབ་ཀྱི་བྱ་བ་བྱེད་མཁན་རྡོ་རོས་པེའི་ལོའི”དབང་ལུང་སྤྲད་པའི་འོག་ཏུ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཅན་ལ་བཀའ་བློན་བསྐོ་བཞག་བྱུང་བའི་སྐོར<<མདོ་མཁར་ཞབས་དྲུང་གི་བྱུང་བ་བརྗོད་པ>>ནང་“གནམ་གྱི་ལྷ་གོང་མ་ཆེན་པོས་ཁོ་བོ་ལའང་ཛ་སག་རིམ་པ་དང་པོའི་ཐའི་ཇིའི་ཆོ་ལོ་དང་བཅས་བཀའ་བློན་གྱི་ལས་འཁུར་འཛིན་དགོས་པའི་བཀའ་ཕེབས”(བཀའ་བློན་རྟོགས་བརྗོད་དེབ་ངོས27)ཞེའ་འཁོད་འདུག  1747ལོར་ཕོ་ལྷ་བ་འདས་རྗེས་གོང་མ་ཆན་ལུང་གིས་ཕོ་ལྷ་བའི་བུ་འགྱུར་མེད་རྣམ་རྒྱལ་ལ་ཕ་ཤུལ་བུ་འཛིན་ཝང་གི་ཆོ་ལོ་དང་སྦྲགས་དབུས་གཙང་གི་ལས་དོན་བྱེད་པོར་བསྐོས་པའི་སྐབས་སུའང་རྡོ་རིང་དང་། མདོ་མཁར། ཐོན་པ། འབྲོང་རྩེ་བ་སྟེ་བཀའ་བློན་བཞི་ཡོད་པ་བཅས་དེ་དག་ནི་ཆིང་གོང་མས1751ལོར་བཀའ་བློན་སྐྱ་སེར་བཞི་གཏན་འབེབས་བསྐོ་བཞག་དང་འབྲེལ་བཀའ་ཤག་ལས་ཁུངས་ཀྱི་སྒྲིག་གཞི་དངོས་སུ་མ་བཙུགས་གོང་གི་བཀའ་བློན་ཞེས་པའི་དཔོན་མིང་ཆགས་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་ཙམ་ཡིན། ལ་ལས་བོད་དུ་བཀའ་ཤག་ལས་ཁུངས་ཀྱི་སྒྲིག་གཞི་བཙུགས་པ་དེ་ནས་བཟུང་བཀའ་བློན་ཟེར་བའི་ཐ་སྙད་དེ་བྱུང་བ་ཡིན་ནམ་སྙམ་པ་དེ་ནི་མ་ཡིན་ལ། ཕྱོགས་གཞན་ཞིག་ནས་ད་དུང་མི་མང་པོས་བཀའ་ཤག་ཅེས་པ་དེ་ཡང་སྙིང་ཅི་འདྲ་བྱས་ནས་བྱུང་བ་ཡིན་གསལ་པོ་མི་ཤེས་པའང་ཡོད་འདུག

3.བཀའ་བློན་དང་བཀའ་ཤག་ཅེས་པའི་བར་གྱི་འབྲེལ་བ་ནི། བཀའ་བློན་ཞེས་པ་མཉམ་གྲོས་ཀྱི་ལམ་ལུགས་བྱུང་བའི་རྗེས་སུ་དེ་དག་ཐུན་མོང་དུ་ལས་དོན་བྱེད་ཡུལ་གྱི་ཁང་པར་བཀའ་བློན་གྱི་ལས་ཤག་སྟེ་བཀའ་ཤག་ཅེས་མིང་ཆགས་པ་ཞིག་ཡིན། དེ་ཡང་ད་ལྟའི་མི་རྣམས་ལ་ཆ་རྒྱུས་ཡོད་པའི་ཉེ་རབས་ཀྱི་བཀའ་བློན་སེར་སྐྱ་བཞི་མཉམ་འབྲེལ་བྱེད་པའི་བཀའ་ཤག་ལས་ཁུངས་དེ་ཇི་ལྟར་འགོ་ཚུགས་པ་ཡིག་ཞེ་ན། མན་ཆིང་གོང་མ་ཆན་ལུང་སྐབས་ཝང་འགྱུར་མེད་རྣམ་རྒྱལ་ཕྱོགས་གཏོགས་དང་བཅས་པ་ནས་གོང་མའི་བཀའ་དང་འགལ་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པར་བརྩི་མེད་བྱས་རྐྱེན་རྒྱལ་ཁྲིམས་ཀྱིས་ཚར་བཅད་པའི་རྗེས་སུ། 1751ལོར་གོང་མའི་བཀའ་ཡིས་ཆེད་དུ་མངགས་པའི་ཕུའུ་ཏུའུ་ཐུང་བན་དེ་དང་། སི་ཁྲོད་ཙོང་ཐུ་ཚེ་རིང་སོགས་བོད་དུ་འབྱོར་ནས་བོད་ས་གནས་ཀྱི་སྲིད་དབང་ཏཱ་ལའི་བླ་མར་ཕུལ་ཞིང་། བཀས་མངགས་རྒྱ་དཔོན་རྣམས་དང་རྡོ་རིང་གུང་དངོས་གྲུབ་རབ་བརྟན་བཅས་ནས་ཞིབ་དཔྱད་གྲོས་མོལ་གྱི་ཏཱ་ལའི་བླ་མར་ཕུལ་ཞིང་། བཀས་མངགས་རྒྱ་དཔོན་རྣམས་དང་རྡོ་རིང་གུང་དངོས་གྲུབ་རབ་བརྟན་བཅས་ནས་ཞིབ་དཔྱད་གྲོས་མོལ་གྱིས་ཏཱ་ལའི་བླ་མར་དགོངས་སྐོར་ཞུས་ཐོག གོང་མར་གསེར་སྙན་སྒྲོན་ཏེ་སླད་ཕྱིན་བོད་ས་གནས་སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྲིག་གཏན་འབེབས་བྱས་པའི་ཡིག་ཆར་གཞུང་ཞབས་ལས་ཚན་སེར་སྐྱ་ཡོངས་དང་། གདན་ས་གསུམ་གྱི་མཁན་འཐུས་བཅས་ནས་མིང་རྟགས་བཀོད་པའི་རྩ་འཛིན་དོན་ཚན་བཅུ་གསུམ་གྱི་དང་པོར“དོན་ཚན་གཅིག་ལ་ལུགས་སྲོལ་རྙིང་པ་ལྟར་བཀའ་བློན་བསྐོ་བཞག་བྱེད་དགོས་ལ་ཞིབ་དཔྱད་པར་སྔར་སོར་གྱི་ལུགས་སྲོལ་རྙིང་པ་ལ། ལས་བྱེད་བཀའ་བློན་བཞི་འདུག་པའི་ནང་བཀའ་བློན་འབྲོང་རྩེ་བ་མིག་གཉིས་ལོང་འདུག་པ་དང་། སྔ་སོར་འགྱུར་མེད་རྣམ་རྒྱལ་གྱིས་སྔོན་ནས་ཁོ་པ་ཕུད་འདུག  ད་ལྟ་ཡོད་པའི་བཀའ་བློན་གུང་པཎ་ཌི་ཏ།(རྡོ་རིང་)ཚེ་རིང་དབང་རྒྱལ།(མདོ་མཁར་)སྲི་གཅོད་ཚེ་བརྟན།(ཐོན་པ)བཅས་འདི་གསུམ་ཡིན་འདུག་པས། པཎ་ཌི་ཏས་འདི་གོང་མ་ཆེན་པོའི་བཀའ་ལྟར་གུང་གི་ཆོ་ལོ་དང་བཀའ་བློན་གྱི་ལས་དོན་བྱེད་དགོས་ལས་གསར་དུ་གྲོས་བྱེད་རྒྱུ་མེད། ཚེ་རིང་དབང་རྒྱལ་དང་། སྲི་གཅོད་ཚེ་བརྟན་འདི་གཉིས་སྔར་ནས་བཀས་བསྐོ་བཞག་གནང་བའི་བཀའ་བློན་ཡིན་གཤིས། ད་དུང་སྔར་སྲོལ་ལྟར་ཁོ་རང་གཉིས་ནས་བཀའ་བློན་གྱི་ལས་དོན་བྱེད་དགོས། བཀའ་བློན་འབྲོང་རྩེ་བའི་ཚབ་ལ་བབས་འོས་དང་བསྟུན་པའི་ཞྭ་སེར་གྱི་བསྟན་པའི་དོན་ཤེས་པའི་བླ་མའི་ནང་ནས་གཅིག་འདེམས་སྒྲུགས་བྱས་པའི་བཀའ་བློན་ལ་བསྐོ་རྒྱུ་དང་ལྷན་ཅིག་ཏུ་ལས་ཀ་བྱས་ནས་སེར་སྐྱ་ཐམས་ཅད་ལ་ཕན་ཐོགས་ཡོང་བ་དང་། ད་ལྟའི་བཀའ་བློན་གྱི་ནང་ནས་པཎ་ཌི་ཏ་འདི་གུང་གི་ཆོ་ལོ་དང་། གཞན་མ་ཐམས་ཅད་ལ་སྔ་སོར་ནས་བཀའ་ཕེབས་པའི་ཛ་སག་ཐའི་ཇིའི་ཆོ་ལོ་གསོལ་རས་གནང་འདུག གསར་བསྐོས་ཀྱི་བླ་མ་འདི་ལ་ཆོ་ལོ་ཞིག་མ་གནང་ན་གཞན་ཚོ་དང་མི་འདྲ་འདུག་པས། གོང་མ་ཆེན་པོར་སྙན་སྒྲོན་ཕུལ་ཏེ། བྱིངས་མཚུངས་ཀྱི་ཛ་སག་བླ་མ་ཆེ་བའི་ཆོ་ལོ་གནང་ནས་བཀའ་བློན་གཞན་རྣམས་དང་ལས་དོན་མཉམ་དུ་བྱེད་ཆུག”ཅེས་འཁོད་འདུག་ཁ་ལྟར་རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན་ཟེར་བར་བཀའ་བློན་བླ་མ་ཐེངས་དང་པོ་བསྐོས་པ་བཅས་དེ་ནས་བཟུང་གཞི་རྩའི་ཆ་ནས་བཀའ་བློན་སེར་སྐྱ་བཞི་སྦྲེལ་གྱི་ལམ་ལུགས་དེ1959ལོ་བར་གཏན་འཇགས་སུ་གནས་ཡོད།

བཀའ་ཤག་ལས་ཁུངས་གསར་བཙུགས་སྐོར་རྩ་འཛིན་དེའི་དོན་ཚན་གཉིས་པར། “དོན་ཚན་གཅིག་ལ་བཀའ་བློན་རྣམས་ཀྱིས་ལས་དོན་དབྱེ་འབྱེད་བྱེད་སྐབས། བབས་འོས་དང་བསྟུན་པའི་མཉམ་ཚོགས་ཀྱི་སྤྱི་ཁང་དུ་ལས་དོན་བྱེད་དགོས་རྒྱུ་ད་ཆ་སྲོལ་རྒྱུན་ལྟར་བཀའ་བློན་བསྐོས་པའི་རྗེས་ལ་བབས་འབྲེལ་དང་བསྟུན་བའི་སྲོལ་རྒྱུན་ལྟར་བཀའ་བློན་བསྐོས་པའི་རྗེས་ལ་བབས་འབྲེལ་དང་བསྟུན་བའི་སྲོལ་རྒྱུན་རྙིང་པའི་རྗེས་འབྲངས་ཀྱི་བྱ་བའི་དབྱེ་འབྱེད་བྱེད་དགོས་གང་ཡིན། སྤྱི་ཁང་བཀ༷འ་ཤ༷ག་ཏུ་སྤྱི་ཐོག་ཚོགས་ནས་ལས་ཀའི་འཁྲུན་བཅད་ན་བབས་འོས་སུ་འདུག”ཅེས་འཁོད་པ་ལྟར་དེ་ནས་བཟུང་ལྷ་ས་གཅུག་ལག་ཁང་གི་ལྷོ་རྒྱུད་ཁང་ཁུངས་ལ་བཟོ་བཅོས་དང་འབྲེལ་བཀའ་ཤག་སྐོར་བཅས་ལས་ཁུངས་གཏན་འཇགས་བཙུགས་ནས1959ལོ་བར་མི་ལོ་ཉིས་བརྒྱ་ལྷག་ཙམ་རིང་སྔར་རྒྱུན་ལྟར་གནས་པ་བཅས་དེ་ལས་འཕྲོས་པའི་འབྲེལ་ཡོད་ཀྱི་གླེང་མོལ་ཞུ་རྒྱུ་དེ་ཙམ་ལགས།

མདོར་ན་འདིར་བརྗོད་པའི་སྙིང་པོ་ནི། བོད་དུ་བཀའ་བློན་ཟེར་བའི་ཐ་སྙད་དེ་སྔ་རབས་ནས་ཡོད་ཡོད་པར་བརྟེན་ཚིག་སྒྲུབ་དེ་ཁོ་ནར་བརྟེན་ནས་གེ་སར་གྱི་སྒྲུང་དཔེ་དུས་གང་ལ་བྱུང་མིན་ཐག་བཅད་ན་མི་འཚམ་པ་གསལ་བཤད་བྱེད་པའི་ཆེད་དུ་ཡིན། འོན་ཀྱང་ནོར་འཁྲུལ་དང་མ་འགྲིག་སར་སྐྱོན་བརྗོད་ཡོད་བ་ཞུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1