གསར་བརྗེའི་གནས་རྙིང་ལྗོངས་སྐོར་གྱིས་མང་ཚོགས་ཀྱི་ཡོང་སྒོ་འཕར།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 09-12


       གསར་བརྗེའི་གནས་རྙིང་ལྗོངས་སྐོར་གྱིས་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་དང་རིག་གནས་རྒྱུད་འཛིན་དང་དར་རྒྱས་གཏོང་བར་དགེ་མཚན་ཆེན་པོ་ལྡན་པར་མ་ཟད། ས་གནས་མི་དམངས་ཀྱི་འཚོ་བའི་ཡོང་སྒོ་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་ཕན་པ་ཆེན་པོ་བཏགས་ཡོད་པ་དང་། དེ་མིན་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་འགྲོ་བར་དགེ་མཚན་ལྡན་ཡོད།
      ཅོག་ཙེ་རྒྱལ་ཁང་ནི་འབར་ཁམས་རྫོང་མཁར་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་7ཙམ་གྱི་མཚམས་སུ་མངའ་བའི་ཅོག་ཙེ་གྲོང་རྡལ་དུ་ཡོད་ཅིང་། ཡུལ་དེ་འབར་ཁམས་ནས་ཁྲེང་ཏུའུ་གྲོང་ཁྱེར་དང་། བཙན་ལྷ་རྫོང་དུ་བསྐྱོད་པའི་ལམ་གཉིས་ཀྱི་མདོ་གནས་སུ་ཁེལ་འདུག ཅོག་ཙེ་རྒྱལ་ཁང་ནི་སྤྱི་ལོ་1918ལོར་བསྐྲུན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5400ཡོད་ཅིང་། དེར་ཤར་རྒྱལ་མོ་ཚ་བ་རོང་གི་བོད་ལུགས་བཟོ་བཀོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ལ། མིག་སྔའི་བར་དུ་བོད་ཁུལ་དུ་སྲུང་སྐྱོང་བྱས་པ་ཆེས་ལེགས་པའི་གནའ་མཁར་ཞིག་ཡིན། གཞིས་ཀ་འདི་བོད་ཀྱི་རྩོམ་པ་པོ་ཨ་ལའེ་ལགས་ཀྱི《རྡུལ་འཚུབ་དྭངས་སོང》དང《རྒྱང་སྐྱོད》སོགས་ཀྱི་གློག་བརྙན་ཕབ་བསྐྲུན་བྱེད་སའི་གནས་རེད།
       གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་1ནས་ཟླ་7པའི་བར་དུ་རང་ཁུལ་གྱི་འབར་ཁམས་གྲོང་ཁྱེར་ཅོག་ཙེ་གྲོང་རྡལ་གྱི་ཅོག་ཙེ་རྒྱལ་ཁང་གིས་མགྲོན་པོ་སྣེ་ལེན་བྱས་ཚད་མི་གྲངས་ཁྲི་10ལས་བརྒལ་ཅིང་། རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་གིས་གསར་བརྗེའི་སློབ་གསོ་གསོ་སྦྱོང་མི་ཐེངས་5305ལྷག་དང་། ལྗོངས་སྐོར་ཡོང་སྒོ་སྒོར་ཁྲི་141ཡོད་པས། དུས་མཉམ་དང་བསྡུར་ན་སྒོར་ཁྲི་65འཕར་ཡོད་ཅིང་། འཕར་ཚད་བརྒྱ་ཆ་131.8ལྷག་ཟིན།
       ད་ལོའི་ཟླ་7པའི་ཟླ་མཇུག་ཏུ《མི་དམངས་ཉིན་རེའི་ཚགས་པར》དང《ཀྲུང་གོ་གཞོན་ནུའི་ཚགས་པར》སོགས་སྨྱན་སྦྱོར་མང་པོས་རྒྱང་སྐྱོད་ལམ་བུར་སླར་ཡང་བསྐྱོད་པ་ཞེས་པ་དེ་ཅོག་ཙེའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་འཚོགས་སའི་གནས་རྙིང་དང་དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོ་ཁང་དུ་བསྐྱོད་ནས་གཟའ་འཁོར་གཅིག་གི་རིང་ལ་བསྟུད་མར་སྨྱན་སྦྱོར་མང་པོས་འབྲེལ་ཡོད་ཀྱི་གནས་ཚུལ་མང་པོ་སྤེལ་བས། འབར་ཁམས་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་དེ་སྨྱན་སྦྱོར་དང་ཀུན་གྱིས་དོ་ཁུར་བྱེད་སའི་གནས་ཞིག་ཏུ་སླར་ཡང་གྱུར་ཡོད།
       ད་ལྟ་ཅོག་ཙེའི་རྒྱལ་ཁང་འདི་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཁྲིད་རྟེན་གཞིར་གྱུར་ཡོད་ཅིང་། དེ་གར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཏང་ཡོན་ལས་བྱེད་པས་ཏང་ཞུགས་སྐབས་ཀྱི་དམ་ཚིག་བཞག་པ་ལ་ཕྱིར་དྲན་དང་རྒྱང་སྐྱོད་ལམ་བུའི་ཐོག་སླར་ཡང་བསྐྱོད་དེ་དམར་དམག་གི་དཀའ་སྤྱད་འབད་འཐབ་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཆོག

       ལོ་འདི་དག་གི་རིང་ལ་འབར་ཁམས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཁོངས་ཡོངས་ལྗོངས་སྐོར་གྱི་བླང་བྱ་གཞིར་བཟུང་ནས། ཅོག་ཙེའི་རྒྱལ་ཁང་གི་ལྗོངས་སྐོར་དོ་དམ་ཅུས་ཀྱིས་ཕྱོགས་གཅིག་ནས་ལྗོངས་ཁུལ་གྱི་མཛེས་ལྗོངས་རིམ་སྤོར་ལ་དམ་འཛིན་ནན་པོ་བྱས་ཏེ་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་གི་འགྲེམས་སྟོན་དང་འགྲེམས་སྟོན་བྱེད་སྟངས། པར་ངོས་ཀྱི་རྣམ་པ་གསར་སྒྱུར་དང་སྒྱུར་བཀོད་བྱེད་པ། དེ་མིན་ཐང་ག་འགྲེམས་སྟོན་དང་བོད་ལུགས་འཚེམ་དྲུབ་སོགས་ལྗོངས་ཁུལ་དུ་ནང་འདྲེན་བྱས་དང་། ཕྱོགས་གཞན་ནས་ལྗོངས་སྐོར་ལས་རིགས་ཀྱི་དྲྭ་ལམ་ལས་སྟེགས་བསྐྲུན་རྒྱུར་དམ་འཛིན་ནན་མོ་བྱེད་བཞིན་ཡོད།
       སའི་སོ་སྡེ་བའི་ཟམ་མགོ་ནས་ཕར་བལྟས་ན་བསོད་ནམས་ནོར་བུའི་ཐང་གའི་རྟེན་གཞི་ཁང་དེ་བརྗིད་ཆགས་ལྷུན་གྱིས་མཐོང་ཐུབ་ཅིང་། དེ་ལ་སི་ཁྲོན་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཉམས་ལེན་རྟེན་གཞིའི་མཚན་སྙན་གནང་ཡོད། བསོད་ནམས་ནོར་བུ་ནི་འབར་ཁམས་གྲོང་ཁྱེར་གྱི་ཐང་ག་འབྲི་མཁན་ཞིག་ཡིན་པ་དང་། ཁོའི་བྲིས་པའི་ཐང་ག་མང་པོ་ཞིག་ལ་བོད་ཀྱི་སྒྱུ་རྩལ་བ་མང་པོ་ཞིག་གི་གདེང་འཇོག་མཐོན་པོ་ཐོབ་ཡོད་ལ། ལོ་སྟོད་དུ་ཁོའི་ཡོང་སྒོ་ཕལ་ཆེར་སྒོར་ཁྲི་30ལྷག་ཟིན་ཡོད།
       ངའི་ཕུགས་བསམ་ནི་སྡེ་བའི་ནང་དུ་ཐང་གའི་ཉམས་ལེན་རྟེན་གཞི་ཞིག་བཙུགས་ནས། ང་རང་གི་བྲིས་པའི་ཐང་ག་དང་སློབ་མ་ཚོའི་བྲིས་པའི་ཐང་ག་དག་ཕྱིར་ཚོང་བྱེད་པ་དང་། དེ་མིན་ཐང་གའི་ཉམས་ལེན་རྟེན་གཞི་དང་གསོ་སྦྱོང་བྱེད་སའི་སློབ་ཁང་སོགས་འཛུགས་སྐྲུན་བྱས་ཏེ། རྟེན་གཞིར་ཡོང་བའི་ལྗོངས་རྒྱུ་བ་རྣམས་དང་བསམ་བློ་བརྗེ་རེས་ཀྱི་རྣམ་པས་ཐང་ག་དང་རི་མོར་མྱོང་རོལ་བྱེད་པ་དེ་ཡིན་ཞེས་བསོད་ནམས་ནོར་བུས་གསར་འགོད་པར་བཤད།

       ཉེ་བའི་ལོ་ཤས་རིང་། གྲོང་རྡལ་དེས་གྲོང་གསེབ་ཀྱི་ལྗོངས་སྐོར་སྣེ་ལེན་དཔེ་སྟོན་ཁྱིམ་ཚང་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ས་གནས་དེའི་གྲོང་མིས་ལྗོངས་སྐོར་དང་། རོལ་རྩེད་སྤྲོ་གསེང་། བཟའ་བཏུང་ཞག་སྡོད་བཅས་གཞི་གཅིག་ཏུ་འདུས་པའི་བོད་ལུགས་ཀྱི་སྡོད་ཁང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བྱས་ཤིང་། སའི་སོ་སྡེ་བར་ད་དུང་སའི་སོ་ལྗོངས་སྐོར་མཐུན་ཚོགས་བཙུགས་ནས་མགྲོན་པོ་སྣེ་ལེན་བྱེད་པའི་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་སྟེ། ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལྗོངས་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་སུ་བསྒྱུར་བར་ཁྲིད་སྟོན་བྱས་པ་དང་། སའི་སོ་སྡེ་བར་དེང་སྐབས་ལྗོངས་རྒྱུ་བར་སྣེ་ལེན་བྱེད་པའི་ཁྱིམ་ཚང་42ཡོད་པ་དང་ལྗོངས་རྒྱུ་བར་སྣེ་ལེན་བྱེད་ཐེངས་གཅིག་གིས་ལྗོངས་རྒྱུ་བ་628སྣེ་ལེན་བྱེད་ཐུབ། ཟླ་7པའི་བར་དུ་སའི་སོ་སྡེ་བས་ལྗོངས་རྒྱུ་བ་མི་ཐེངས་8136སྣེ་ལེན་བྱས་པ་དང་། ཐད་ཀར་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི་24.5ཟིན་པ་དང་། ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་6000ཟིན་ཡོད།
       འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་ལྟར་ན། སའི་སོ་སྡེ་བ་དེ་ཀྲུང་གོའི་ཁག་གཉིས་པའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱེད་པའི་ཚན་པར་བཅུག་པ་དང་འབྲེལ་ཡོད་སྡེ་ཁག་གིས་མ་དངུལ་སྒོར་ཁྲི་150ལྷག་བཏང་ནས་འཛུགས་སྐྲུན་བྱས། དེ་དང་ཆབས་ཅིག་ཏུ་ཅོག་ཙེ་གྲོང་རྡལ་གྱི་འབྲེལ་ཡོད་མི་སྣས་རིག་གནས་སྔོག་འདོན་གཏིང་ཟབ་བྱས་ནས་སྐོར་བྲོ་འཁྲབ་སྟོན་རུ་ཁག་བཙུགས་པར་མ་ཟད། བོད་ལུགས་འཁེལ་འཐག་དང་ཆང་སྙོལ་བ། ཐང་ག་འབྲི་བ་སོགས་ཀྱི་གསོ་སྦྱོང་བྱས། དེ་མིན་ཟླ་བདུན་པའི་མེ་ཏོག་ལ་ལྟ་བའི་དུས་སྟོན་སོགས་ལྗོངས་སྐོར་དུས་སྟོན་གྱི་བྱེད་སྒོ་བརྒྱུད་བོད་ཀྱི་ལྷ་མོའི་ཟློས་གར་དང་བོད་གླུ། སྐོར་བྲོ་སོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད། གསར་བརྗེའི་ལྗོངས་སྐོར་ལས་རིགས་ཀྱིས་སའི་སོ་སྡེ་བའི་མང་ཚོགས་རྣམས་དབུལ་བྲལ་ཕྱུག་འགྱུར་ཡོང་བ་དང་། མ་འོངས་པར་ང་ཚོས་གསར་བརྗེའི་རིག་གནས་དང་རྒྱལ་རོང་རིག་གནས་སོགས་མུ་མཐུད་སྔོག་འདོན་བྱས་ནས་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཞེས་བཤད།
       རང་ཁུལ་ནི་རྒྱལ་ཁབ་ཀྱི་གསར་བརྗེའི་ལྗོངས་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། དམར་དམག་རྒྱང་སྐྱོད་ལ་བརྟེན་ནས་རིག་གནས་དྲིལ་བསྒྲགས་དང་། རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་དང་གསར་བརྗེའི་གནས་རྙིང་ཁུལ་གྱི་ལྗོངས་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བརྟེན་ནས། རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་སྙིང་སྟོབས་སྐྱེད་སྲིང་ཐུབ་པ་རེད། དེའི་ཕྱིར་གསར་བརྗེའི་གནས་རྙིང་ལྗོངས་སྐོར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1