བོད་ཀྱི་མིག་མངས་རོལ་རྩེད་རྒྱལ་ཡོངས་གར་སྟེགས་ཐོག་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-16


   སྤྱི་ཚེས་11ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་རེས་འཁོར་དང་པོའི་ཚོ་ཆུང་བརྒྱད་པའི་འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་སྡུར་བྱེད་སྒོ་དེ་ཀྲེན་ཀྲོའུ་ལས་གྲྭ་ལག་རྩལ་སློབ་གླིང་དུ་གཉེར་བ་དང་། བོད་ལྗོངས་འཐུས་ཚབ་རུ་ཁག་གིས་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་མིག་མངས་རྣམ་གྲངས་ཐེངས་དང་པོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་གཟིགས་འབུལ་ཞུས་པ་རེད།
    གཟིགས་འབུལ་རུ་ཁག་དེ་མི་དགུ་ཡིས་གྲུབ་པ་དང་། དེ་དག་ནི་བོད་རང་སྐྱོང་ལྗོངས་བོད་ཀྱི་མིག་མངས་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྲང་ཐའོ་དང་། ཆེད་ལས་མིག་མངས་རོལ་རྩེད་མཁས་ཅན་ཆིའུ་ཅི་ཧུང་། ཀྲུང་གོའི་གླིང་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ། ཡུལ་ཤུལ་ཆུ་དམར་ལེབ་རྫོང་གཡུ་གཞུང་གྲོང་རྡལ་སློབ་ཆུང་གི་དགེ་རྒན་བཟོད་པ་རྒྱ་མཚོ། ལྷ་སའི་ཅང་སུའུ་སློབ་འབྲིང་གི་དགེ་རྒན་ཆོས་གྲགས། ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་སློབ་གྲྭ་ཞིག་གི་སློབ་སྤྱི་གནང་བཞིན་པའི་སྤེན་པ་ཚེ་རིང་། ན་གཞོན་དབུལ་སྐྱོར་སྣེ་ཁྲིད་པ་བསྟན་འཛིན་ནོར་བུ།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་པ་ཀྲའོ་ཅ་ཡུས། ལྷ་ས་གྲོང་ཁྱེར་ཚོད་ལྟ་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་རིན་ཆེན་དབང་མོ་བཅས་ཡིན།
རོལ་རྩེད་གཟིགས་འབུལ་མི་སྣ་ལྷན་རྒྱས།
   ཧྲང་ཐའོ་ཡིས། ད་ཐེངས་ནི་བོད་ཀྱི་མིག་མངས་རོལ་རྩེད་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཐེངས་དང་པོ་དེ་ཡིན་པ་དང་།  བོད་ཀྱི་མིག་མངས་ཀྱི་རིགས་ཁག་གཅིག་ནི་གར་སྟེགས་ཆེན་པོར་སླེབས་མ་ཐུབ་པར་ལུས་ཡོད་ལ། ཁག་གཅིག་ནི་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས། ང་ཚོས་ལོ་འདི་དག་རིང་སྲུང་སྐྱོབ་དང་ཁྱབ་གདལ་གང་ནུས་བཏང་ཡོད། ཐེངས་འདིར་མི་རིགས་ལུས་རྩལ་འགྲན་ཚོགས་སུ་གཟིགས་འབུལ་ཞུས་པ་བརྒྱུད། མ་འོངས་པར་ང་ཚོ་ཐུན་མོང་གི་འབད་བརྩོན་འོག་གང་དེ་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཤིག་ཏུ་འགྱུར་རེ་ཡོད་ཅེས་གསུངས།
རྒན་གཅོད་པ་དོན་གྲུབ་ལགས་ལ་བཅར་འདྲི་ཞུ་བ།
    གཅོད་པ་དོན་གྲུབ་ལགས་ཀྱིས་བོད་ཀྱི་མིག་མངས་སྐོར་ནས་བརྗོད་དོན། བོད་ཀྱི་མིག་མངས་ནི་ཧ་ལམ་ལོ་ངོ་སུམ་སྟོང་ཡར་སྔོན་དུ་བོད་ལ་དར་བ་དང་། ང་ཚོས་ཤེས་ཟིན་པའི་བོད་ཀྱི་མིག་མངས་རིགས་བཅུ་བདུན་ཙམ་ཡོད་པའི་ནང་། མང་ཚོགས་ཀྱིས་བེད་སྤྱོད་ཤེས་པ་རིགས་བཞི་ལྔ་ཙམ་ལས་མེད། ད་ལྟ་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་མིག་མངས་མཐུན་ཚོགས་བཙུགས་ཡོད་ཅིང་། བོད་ཁུལ་གཞན་དག་ཏུའང་ཅུང་དར་ཁྱབ་ཏུ་འགྲོ་བཞིན་ཡོད། ཡིན་ནའང་རྒྱུན་ཆད་པ་དང་རིག་གནས་གསར་པའི་གདོང་ཐུག་ཀྱང་ཅུང་ཚབས་ཆེ། དེ་དག་སྲུང་སྐྱོབ་དང་རྒྱུད་འཛིན་ལེགས་པོ་ཡོང་ཆེད་ད་ཐེངས་མི་རིགས་ལུས་རྩལ་འགྲན་ཚོགས་སུ་སླེབས་ཐུབ་པ་བྱུང་བས། མ་འོངས་པར་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་གར་སྟེགས་སུ་ཁྱབ་གདལ་གཏོང་ཐབས་བྱ་དགོས་ཞེས་གསུངས། 
དགེ་རྒན་བཟོད་པ་རྒྱ་མཚོ་ལགས་ལ་བཅར་འདྲི་ཞུ་བ།
   ཡུལ་ཤུལ་ཆུ་དམར་ལེབ་རྫོང་གཡུ་གཞུང་གྲོང་རྡལ་སློབ་ཆུང་གི་དགེ་རྒན་བཟོད་པ་རྒྱ་མཚོས་ལོ་མང་རིང་རང་ནུས་ཅི་ལྕོགས་ཀྱིས་བོད་མི་རིགས་ཀྱི་མིག་མངས་སྒྱུ་རྩལ་རིག་གནས་སྲུང་སྐྱོབ་དང་ཁྱབ་གདལ་གནང་བ་དང་།  ཁོང་གིས་བོད་ལུགས་མིག་མངས་དེ་ ཁྱད་ཆོས་ལྡན་པའི་སློབ་ར་འཛུགས་སྐྱོང་གི་རྣམ་གྲངས་ནང་བཅུག་ནས་མི་རིགས་མིག་མངས་སྒྱུ་རྩལ་གྱི་སློབ་ཚན་བཀོད་སྒྲིག་བྱས་པ་མ་ཟད། བོད་རིགས་ས་ཁུལ་གྱི་ས་གནས་ཁག་ནས་ཡིག་ཆ་འཚོལ་བསྡུ་དང་། རྒན་རྒོན་ལ་བཅར་འདྲི་ཞུ་བ་སོགས་བྱས་ནས། མིག་མངས་ཀྱི་འགྲིག་སྡེར་དང་། སྒྲིག་སྲོལ། མིག་མངས་སྒྱུ་རྩལ་གྱི་གཏམ་རྒྱུད་སོགས་ཤེས་རྟོགས་བྱས་ཐོག༼རྡེའུ་དཀར་ནག༽ཅེས་པའི་བོད་རིགས་ཀྱི་དམངས་སྲོལ་མིག་མངས་སྒྱུ་རྩལ་སྐོར་གྱི་དཔེ་དེབ་ཅིག་ཀྱང་བསྒྲིགས་གནང་ཡོད། 

རིན་ཆེན་དབང་མོས་བོད་ཀྱི་མིག་མངས་ངོ་སྤྲོད་བྱེད་བཞིན་པ།
     ད་ལོ་ལོ་ན་9ཡིན་པའི་སློབ་ཆུང་སློབ་མ་རིན་ཆེན་དབང་མོས་ཐེངས་འདིའི་བོད་ཀྱི་མིག་མངས་འཁྲབ་སྟོན་ཁྲོད་སྐད་གདངས་སྙན་མོས་བོད་ཀྱི་མིག་མངས་ཀྱི་རིག་རྣམ་དང་རྩེད་ལུགས་སོགས་ངོ་སྤྲོད་གསལ་པོ་བྱས་པས། དཔྱད་འདེམས་པ་དང་གཟིགས་མོ་བའི་དགའ་བསུ་དང་བསྔགས་བརྗོད་ཐོབ། བཅར་འདྲི་བྱེད་སྐབས་ཁོ་མོས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་བོད་ཀྱི་མིག་མངས་ངོ་སྤྲོད་བྱེད་ཐུབ་པ་བྱུང་བས་དགའ་སྤྲོ་ཆེན་པོ་བྱུང་ཞེས་དང་། ཁོ་མོས་མིག་མངས་རྩེ་ཤེས་ཀྱི་ཡོད་པ་མ་ཟད་ཁོ་མོའི་གྲོགས་པོ་ཆུང་ཆུང་དག་ཀྱང་མིག་མངས་ལ་དགའ་པོ་ཡོད་ཅེས་གསུངས།   

མིག་མངས་རོལ་རྩེད་གཟིགས་འབུལ་ཞུ་བའི་རྣམ་པ།
   ཐེངས་འདིའི་གཟིགས་འབུལ་བ་ཁོང་རྣམས་ནི་བོད་ཀྱི་མིག་མངས་རྒྱུད་འཛིན་དང་དར་སྤེལ་ཐད་ལ་འབད་པ་ཧུར་ཐག་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པས། གཟིགས་འབུལ་འདི་ཁོ་ནའི་ཆེད་དུའང་ཁོ་ཚོས་དཀའ་བ་མང་པོ་སྤྱད་ཡོད། ཁོ་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་དེ་བས་འོད་སྟོང་ལྡན་པར་འགྱུར་བ་བྱ་རྒྱུ་དེ་རེད།   

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1