གཙོ་ངོས།>> སློབ་གསོ།>>སྲོལ་རྒྱུན་སློབ་གསོ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༧ཉིན།

༄༅།། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་མི་ཚེའི་འབེལ་གཏམ་སྐོར།


བྱ་དངོས་མཐའ་དག་རྩེ་མོར་སོན་འདུག
        བྱ་དངོས་མཐའ་དག་རྩེ་མོར་སོན་པ་ཇི་བཞིན་འཇིག་རྟེན་གྱི་འགྲོ་ལུགས་འགྲོ་སྟངས་ཀྱང་འདི་ལྟར་རོ། །དེང་བླ་ན་མེད་པའི་སྐྱེ་བོ་ཞིག་སྐྱེད་སྲིང་བྱེད་དགོས་སྙམ་ན། དེའི་ཕྱིར་ཉིད་ཀྱིས་གྷི་རི་སིའི་དམ་པ་མི་བདུན་ཕྱོགས་གཅིག་ཏུ་འདུས་པ་ལས་ཀྱང་དཀའ་བ་མང་པོ་སྤྱོད་དགོས། དེ་བཞིན་ད་ལྟ་མི་ཞིག་ལ་ཁ་གཏད་གཅོག་དགོས་ཚེ་དེ་མཁོའི་ཐབས་ཤེས་ནི་སྔོན་ཆད་མི་རིགས་ཤིག་ལ་ཁ་གཏད་གཅོག་པ་ལས་ཀྱང་མང་བ་དགོས། །

མི་གཞི་དང་ཤེས་རབ།
        མི་གཞི་དང་ཤེས་རབ་ནི་མིའི་ཤེས་ཡོན་གྱི་གྲུབ་ཆ་གཉིས་ཡིན། བདེ་སྐྱིད་ཀྱི་འཚོ་བར་ཁ་ཕྱོགས་དགོས་ཚེ། དེ་གཉིས་ལས་གཅིག་ཆད་ནའང་དོན་མི་འགྲུབ་སྟེ། ཤེས་རབ་ཡོད་པ་ཙམ་གྱིས་མི་ཆོག་པར་དེ་བས་མི་གཞི་ལེགས་པོ་ཞིག་ཡོད་དགོས། མི་བླུན་པོའི་སྡུག་བསྔལ་ནི་རང་ལ་འཚམ་པའི་གནས་བབ་དང་། ལས་གནས། ཁྱིམ་མཚེས།དེ་བཞིན་གྲོགས་པོའི་ཚོགས་པ་ཞིག་མི་འདུག་པའི་རྐྱེན་གྱིས་སོ། །

བྱ་བ་རྩོམ་སྐབས་འཕྲོས་འཁྱིལ་འཇོག་དགོས།
        བྱ་བ་རྩོམ་སྐབས་འཕྲོས་འཁྱིལ་འཇོག་དགོས། གལ་ཏེ་ཉིད་ལ་མི་གཞན་གྱི་བློ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་ཚེ་དེ་བས་ཡིད་སྨོན་ཐོབ་ངེས་ཡིན། གལ་ཏེ་དོན་མཐའ་དག་ཕྱི་གསལ་ནང་གསལ་བཟོས་ཚེ་ཕན་ཐོགས་མེད་པའི་ཁར་མི་གཞན་ལ་ཆོ་མེད་པའི་སྣང་བ་ཞིག་སྟེར་སྲིད། གལ་ཏེ་རང་གིས་སྒྲུབ་བཞིན་པའི་དོན་དག་ཁྱབ་བསྒྲགས་མ་བྱས་ཚེ་གཞན་གྱིས་རེ་སྒུག་བྱེད་སྲིད། གལ་ཏེ་ཉིད་ཀྱི་གནས་བབ་མཐོན་པོ་ཡིན་ཚེ། དེ་བས་གཞན་གྱི་ཡིད་དབང་འགུག་ཐུབ། གནད་དོན་གང་རུང་ལ་ལྐོག་གྱུར་གྱི་ཆ་དང་ལྡན་ཚེ་ལྐོག་གྱུར་དེ་ཉིད་ལ་བརྟེན་ནས་གུས་བཀུར་ཐོབ་སྲིད། གནད་དོན་གསལ་འགྲེལ་བྱས་ནའང་ཧ་ཅང་གསལ་དྲགས་རྒྱུ་མེད། དེ་ནི་རྒྱུན་ལྡན་འཚོ་བའི་ཁྲོད་རང་གི་བསམ་ཚུལ་ངོ་མ་ཕྱིར་མི་མངོན་པ་དང་གཉིས་སུ་མ་མཆིས། བག་ཟོན་དང་ཁུ་སིམ་ངང་སྡོད་རྒྱུ་ནི་འཇིག་རྟེན་ཤེས་རབ་ཀྱི་ཉིང་བཅུད་ལགས། ཡོངས་བསྒྲགས་ཟིན་པའི་ཆོད་སེམས་ལ་གདེང་འཇོག་མཐོན་པོ་ཞིག་ཐོབ་མི་སྲིད་པར་དེ་ལས་ལྡོག་སྟེ་གཞན་གྱི་མཐོ་བཤད་དམའ་བཤད་ཀྱི་བསྙད་འདོགས་ས་ཞིག་ཏུ་འགྱུར་སྲིད། གལ་ཏེ་བསྒྲུབ་དོན་དེ་ཉིད་ལེགས་འགྲུབ་མ་བྱུང་ཚེ་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་མནར་བའི་རྒྱུར་འགྲོ་སྲིད། གལ་ཏེ་མི་གཞན་གྱི་ཡིད་དབང་འཕྲོག་པ་ཞིག་དང་ཧ་ལས་པ་བཟོ་བསམ་ན་ཞི་དུལ་ཁུ་སིམ་གྱི་ལྷ་རྣམས་ལ་སློབ་སྦྱོང་གྱིས་དང་། །

བློ་སྟོབས་ནི་ཤེས་ཡོན་གྱི་རམ་འདེགས་ཡིན།
        བློ་སྟོབས་ནི་ཤེས་ཡོན་གྱི་རམ་འདེགས་ཡིན་ཞིང་། དེ་ནི་རླབས་ཆེན་གྱི་མི་སྣར་འགྱུར་བའི་སྔོན་འགྲོ་ཡིན། ཤེས་ཡོན་དང་བློ་སྟོབས་ནི་བླ་མེད་ཅིག་ཡིན་པས་མི་ཉིད་ཀྱང་བླ་མེད་ཅན་ཞིག་ཏུ་འགྱུར་སྲིད། རྟོགས་པ་ཇི་ཙམ་ཡོད་ན་དེ་ཙམ་གྱིས་རླབས་ཆེ་བ་ཡོད། གལ་ཏེ་རང་ཉིད་ཤེས་བྱས་ཕྱུག་པ་ཡིན་ན་མི་འགྲུབ་པའི་བྱ་བ་སྣ་ཚོགས་གཅིག་ཀྱང་མེད། གལ་ཏེ་ཤེས་བྱ་མེད་ཚེ་འཇིག་རྟེན་ལ་འོད་སྣང་མེད་པ་དང་གཉིས་སུ་མེད། ཤེས་རབ་དང་སྟོབས་ཤུགས་གཉིས་མིག་ཟུང་དང་ལག་ཟུང་འདྲ་བས། ཤེས་ཡོན་ལྡན་ཡང་བློ་སྟོབས་མེད་པ་དག་ལ་གྲུབ་འབྲས་ཐོབ་མི་སྲིད། །

གཞན་གྱི་རེ་བ་བཅོལ་ས་ཞིག་ཏུ་འགྱུར་བ་བྱེད་དགོས།
        གཞན་གྱི་རེ་བ་བཅོལ་ས་ཞིག་ཏུ་འགྱུར་བ་བྱེད་དགོས། ལྷའི་མཚན་ཉིད་ནི་དེའི་སྐུ་བརྙན་ལ་མི་རྣམས་ཀྱིས་རྒྱན་སྤྲོས་ཙམ་མིན་པར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དད་གུས་བྱེད་པ་དེ་ཡིན།མཁས་པ་རྣམས་རྟག་ཏུ་གཞན་ལ་མཁོ་བར་འོས་པ་ལས་གཞན་གྱིས་རང་ཉིད་ལ་བཀུར་གཟོ་བྱེད་པར་མི་རེའོ། གཞན་གྱི་སྐྱབས་འཇུག་ཞུ་ཡུལ་དུ་འགྱུར་བར་བྱེད་རྒྱུ་ནི་རྣམ་དཔྱོད་དང་ལྡན་པ་ཞིག་ཡིན། གཞན་གྱིས་ཉིད་ཀྱི་དྲིན་ཚོར་དུ་འཇུག་རྒྱུ་དེ་ནི་བླུན་པོའི་བྱ་སྤྱོད་རང་རེད། རེ་སྙེགས་བགྱིས་ན་གཞན་གྱིས་བརྟན་པོ་ངེས་ཤིང་དྲིན་ཚོར་བགྱིས་ན་བརྗེད་ངད་ཀྱི་རྒྱུ་ལས་མ་འདས། གཞན་གྱིས་རེ་བ་བཅོལ་ཡུལ་དུ་གྱུར་པ་དེ་གཞན་གྱི་བརྩི་འཇོག་ཐོབ་པ་ལས་ཀྱང་དོན་སྙིང་ཆེ་བ་ཡོད། སྐོམ་པ་སེལ་ཚར་རྗེས་འཕྲལ་མར་ཁྲོན་པ་དང་ཁ་གྱེས་འགྲོ་བ་ཇི་བཞིན་ཚ་ལུ་མའི་ཉིང་ཁུ་བཙིར་རྗེས་དེའི་རོ་ཏོ་གསེར་གྱི་སྡེར་མ་ནས་གད་སྙིགས་བླུགས་སྣོད་ནང་འཕེན་གྱི་ཡོད། མི་རྣམས་ཀྱིས་ཉིད་ལ་རེ་བཅོལ་མི་བྱེད་པའི་སྐབས་སུ་ཡ་རབས་ཀྱི་རྣམ་འགྱུར་དང་དད་གུས་ཀྱང་དེར་བསྟུན་ནས་མེད་པར་འགྱུར་རོ། མི་རྣམས་ཀྱིས་ཉིད་ལ་འཛིན་པའི་རེ་སྙེགས་ཀྱི་བསམ་པ་རྒྱུན་སྐྱོང་དགོས་པའི་ཁར་ཁོང་ཚོའི་འདོད་པ་ཡོངས་སུ་སྐོང་རྒྱུ་མེད། འདི་ནི་མི་ཚེའི་ཉམས་མྱོང་གལ་ཆེན་གྱི་གྲས་ཤིག་ཡིན། བྱ་ཐབས་འདི་ཉིད་ལ་མེད་དུ་མི་རུང་བ་ཞིག་དང་། ཐ་ན་སྲིད་འཁོད་པའི་རྒྱལ་པོར་ཡང་ཁྱོད་མེད་ཐབས་མེད་པ་ཞིག་གོ འོན་ཀྱང་ལོག་པའི་ལམ་ལ་ཞུགས་པའི་ཆེད་གོང་སྨྲས་བྱེད་སྟངས་ཐལ་དྲགས་རྒྱུ་མེད་ལ། སྒེར་དོན་འབའ་ཞིག་གི་དོན་དུ་མི་གཞན་ནད་དུག་སྙིང་ཕོག་གི་འཆི་ལམ་དུ་དེ་བས་འདྲེན་རྒྱུ་མེད། །

བཟང་པོ་ཀུན་འཇོམས་ཀྱི་དམིགས་ཚད།
        བཟང་པོ་ཀུན་འཛོམས་ཀྱི་དམིགས་ཚད། ངེད་ཚོ་སྐྱེ་མ་ཐག་ནས་འཛོམས་གསུམ་འཛོམས་པའི་མི་ཞིག་མིན་པར་བརྟེན།ཉིན་ལྟར་ཡར་བརྩོན་གྱིས་ཤེས་སྤྱོད་གཉིས་ཀར་སྦྱངས་པ་ཐོན་པ་བྱས་ཏེ་བཟང་པོ་ཀུན་འཛོམས་ཀྱི་འབྲས་བཟང་ཐོབ་པ་བྱེད་དགོས། ཕུལ་བྱུང་ཡིན་མིན་ཇི་ལྟར་བརྟག་དགོས་ཤེ་ན། དེ་ནི་མི་རྣམས་ཀྱིས་ཁ་རྒྱུན་དུ“མོས་ཕྱོགས་ཡང་དག་ཡིན་མིན་དང་། དྲན་ཤེས་གསལ་པོ་ཡོད་མེད། བླང་དོར་གནད་ལ་འཁེལ་མིན། བློ་རྩ་བརྟན་པོ་ཡོད་མེད་བཅས་ཡིན”ཞེས་པ་ལྟར་རོ། སྐྱེ་བོ་རེ་འགའ་བཟང་སྤྱོད་ཀྱི་དམིགས་ཚད་ལ་ཡེ་ནས་སྙེགས་མི་ཐུབ་པར་ག་དུས་ཡིན་ནའང་མི་འདང་བའི་ཆ་ངེས་ཅན་ཞིག་ཡོད་སྲིད། གཞན་ཡང་འགའ་ཞིག་ནི་ཚེ་མཇུག་ལ་གྲུབ་འབྲས་ཐོབ་པའང་ཡོད། བཟང་པོ་ཀུན་འཛོམས་ཀྱི་སྐྱེ་བོ་རྣམས་ཀྱི་སྨྲ་བརྗོད་ཁྲོད་ཤེས་རབ་མངོན་ཐུབ་པར་མ་ཟད།བསྒྲུབ་དོན་དག་ནན་གྱིས་བསྒྲུབས་རྐྱེན་མཁས་པ་རྣམས་ཀྱིས་དེ་ཉིད་མིག་དཔེར་བཟུང་ནས་རྗེས་སུ་འབྲང་གི་ཡོད། །

བཀྲག་མདངས་དབུ་འཛིན་ལས་ཆེ་བ་བྱེད་མི་ཉན།
        བཀྲག་མདངས་དབུ་འཛིན་ལས་ཆེ་བ་བྱེད་མི་ཉན། རྒྱལ་ཁ་གང་རུང་གིས་གཞན་གྱི་ཕྲག་དོག་འཕེལ་བར་བྱེད་སྲིད། གལ་ཏེ་དབུ་འཛིན་ལས་ལྷག་པ་བྱུང་ཚེ་དེ་ནི་བླུན་པོའི་ངང་ཚུལ་ཞིག་དང་ཐ་ན་ཚེ་སྲོག་ལ་འབབ་པའི་ཉེན་ཁ་ཞིག་ཀྱང་ཡིན། རྒྱལ་ཁ་ཐོབ་མཁན་ལ་རྟག་ཏུ་གཞན་གྱིས་འཁོན་སེམས་བཅངས་སྲིད་པས་ན། གནས་བབ་མཐོ་ལ་དབང་ཐང་ཅན་ལས་ལྷག་པ་བྱུང་ན་ནི་དེ་བས་ལྟ་ཅི་སྨོས། རང་གི་དགེ་མཚན་ཁོག་ནང་དུ་སྦ་དགོས་པ་ལས་ཕྱིར་གང་བྱུང་དུ་འཕྱར་རྒྱུ་མེད། དཔེར་ན། ལྟ་ན་སྡུག་པའི་བཞིན་རས་རྒྱན་གོས་སྤྱིར་བཏང་ཞིག་གི་འོག་ནས་མི་མངོན་པར་བྱ། འགའ་རེས་རང་གི་རླུང་རྟ་ཆུ་རྒྱུག་རྒྱུག་དེ་དང་གཤིས་རྒྱུད་བཟང་པོ་ལ་སྣང་འཇོག་མི་བྱེད་ཀྱང་དེར་མི་རིགས་གཞན་དགའ་པོ་ཡོང་མི་སྲིད་ལ། རྒྱལ་པོ་ནི་དེ་བས་ཀྱང་ངོ་། ཁྱད་པར་དུ་ཡིན་མིན་བརྡར་ཤ་གཅོད་པའི་གནད་དོན་ཐད་རྒྱལ་པོ་ལས་ལྷག་མི་རུང་། གང་ལགས་ཤེ་ན། ཡང་དག་པའི་བརྡར་ཤ་གཅོད་ནུས་ནི་རྒྱལ་པོ་མི་སྒེར་ལ་དབང་བའི་ཁྱད་འཕགས་ཀྱི་ནུས་པ་ཡིན།གལ་ཏེ་དེ་ལས་མ་གཡོམ་ཚེ་གུས་ལུགས་དང་འགལ་བ་ཡིན།རྒྱལ་པོ་ཞིག་གི་ངོས་ནས་བཤད་ན་གཞན་ལས་ལྷག་པའི་ཐག་གཅོད་ཀྱི་ནུས་པ་བླ་མེད་ཅིག་ཡོང་རེ་བྱེད་པ་ནི་ཆོས་ཉིད་དང་མཐུན་པ་ཞིག་ཡིན། ཁོ་ཚོར་མི་གཞན་དཔུང་རོགས་ལ་དགོས་ཀྱང་མི་གཞན་རང་གི་གོང་དུ་གཏོང་མི་སྲིད། ཁོ་ཚོར་ཁྱོད་ཀྱི་གྲོས་མགོ་ཉན་དུ་འཇུག་པ་ནི་སྔར་སོང་གི་འདས་དོན་བསྐྱར་དྲན་བྱེད་དུ་བཅུག་པ་ལྟར་བྱེད་པ་ལས་འཚོལ་རྙེད་མ་ཐུབ་པའི་དངོས་པོ་འཚོལ་བར་ཁ་ཕྱོགས་སྟོན་པ་ནི་གཏན་ནས་མ་ཡིན། །

《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1