གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྟ་མགྲིན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༡༨ཉིན།

༄༅།། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གསེར་འོད་རྔ་སྒྲའི་ཤོག་ཧྲུལ་ལ་དཔྱད་པ།


 རྟ་མགྲིན།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་དག་ད་ལྟ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་དེབ་གཉིས་པ་དང་དྲུག་པའི་ནང་གསེར་འོད་རྔ་སྒྲའི་ཤོག་ཧྲུལ་འགའ་ཤས་འདུག་པར་བྲིས་ཤོག་དང་བྲིས་ཡིག་ནང་དོན་བཅས་ལ་ཁྱད་ཆོས་ཅི་འདུག་དཔྱད་པ་བཏང་བ་མ་ཟད། དེ་དང་གཟུངས་འདུས་ཁྲོད་ཀྱི་གསེར་འོད་རྔ་སྒྲའི་ནང་དོན་ལ་གཤིབ་བསྡུར་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཏུན་ཧོང་ཡིག་རྙིང་། གསེར་འོད་རྔ་སྒྲ། ཁྱད་ཆོས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G265
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-02-0042-08
        དང་པོ། ཤོག་ཧྲུལ་གྱི་གནས་ཚུལ་མཚམས་སྦྱོར།
        གསེར་འོད་རྔ་སྒྲའི་སྐོར་གྱི་ཤོག་ཧྲུལ་ལ་དེབ་གཉིས་པ་རུ་pt0063RV 、 pt0064A 、 pt0064B 、 pt0064BV 、pt0064C 、 pt0064CV 、 pt0064D 、 pt0064DV 、 pt0065B 、pt0065BV 、 pt0066 、 pt0067(12-1)pt0067(12-2) 、pt0067(12-3) 、 pt0067(12-4) 、 pt0067(12-5) 、pt0067(12-6) 、 pt0067(12-7) 、 pt0067(12-8)བཅས་དང་དེབ་དྲུག་པ་རུ་pt0511(2-1) 、 pt0511(2-2) 、 pt0516B 、pt0520 、 pt0521 、 pt0522 、 pt0522V 、 pt0523A(3-1) 、pt0523A(3-2) 、 pt0523A(3-3) 、 pt0523AV(3-1)pt0523AV(3-2) 、 pt0523AV(3-3) 、 pt0524V(2-1) 、pt0524V(2-2) 、 pt0526(4-1) 、 pt0524V(4-2) 、pt0524V(4-3) 、 pt0524V(4-4)བཅས་འདུག དེ་དག་ལས་pt0063RV ① ནི་ཤོག་བུ་སྣ་རིང་གཅིག་གི་ལྡེབས་ངོས་གཉིས་ལ་བྲིས་པའི་ཡི་གེར་པར་བརྒྱབ་པ་ཞིག་སྟེ། བྲིས་པའི་ཡི་གེ་ཆུང་ལ་ཐིག་ཕྲེང་མང་ཞིང་བྲིས་ཀྱང་ལེགས། མགོ་རུ་རྒྱ་གར་གྱི་སྐད་དུ་ཞེས་ཡོད་ལ་མཇུག་ཏུ་འདི་ནི་གསེར་འོད་དམ་པའི་སྨོན་ལམ་རྫོགས་སོ་ཞེས་ཡོད་པས་མགོ་མཇུག་ལ་བལྟས་ན་ཁ་ཚང་བ་ལྟར་འདུག་པ་མ་ཟད་འོག་ཏུ་ཨིམ་ལྷ་ལེགས་བྲིས། ཤང་བེན་ཞུས། ཧ་སྟག་སླེབས་ཡང་ཞུས། བླ་མ་མྱེད་པ་སུམ་ཞུས། ཞེས་ཞུ་དག་ཀྱང་ཐེངས་མང་བྱས་པར་འདྲ་མོད་དོན་ལ་བར་དུ་ཆད་ཤོར་འདུག ཆེས་འོག་ཏུ་སྨོན་ལམ་གྱི་སྔགས་བྲིས་ཡོད་ལ་དེར་མཐུད་ནས་སྨོན་ལམ་གྱི་སྔགས་རྫོགས་སོ་ཞེས་བྲིས་ཡོད་དོ།། འདི་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད། pt0064A ② ནི་སྣ་རིང་ལྡེབས་མ་གཉིས་ལ་པར་བརྒྱབ་པ་སྟེ་ལྡེབས་ངོས་རེ་ལ་ཡི་གེ་ཐིག་ཕྲེང་བཞི་རེ་ཡོད་ལ་ལྡེབས་ངོས་ཐོག་མའི་ཐིག་ཕྲེང་གསུམ་གསེར་འོད་རྔ་སྒྲ་མིན། འདི་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད། pt0064B ③ནི་སྣ་རིང་ལྡེབས་མ་གཉིས་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ལྡེབས་ངོས་རེ་ལ་ཡི་གེ་ཐིག་ཕྲེང་ལྔ་རེ་འདུག འདི་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད།pt0064BV ④ནི་སྣ་རིང་ལྡེབས་མ་གཉིས་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ལྡེབས་ངོས་རེ་རེར་ཡི་གེ་ཐིག་ཕྲེང་བཞི་རེ་འདུག འདི་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད། pt0064Cདངpt0064CV ⑤ དང་pt0064Dདངpt0064DV ⑥ བཞི་ནི་སྣ་རིང་ལྡེབས་མ་ར་ལ་པར་བརྒྱབ་པ་ཅན་ཡིན་ལ་ལྡེབས་ངོས་རེར་ཡི་གེ་ཐིག་ཕྲེང་བཞི་རེ་ཡོད། འདི་དག་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད། pt0065Bདང་pt0065BV ⑦ནི་སྣ་རིང་ཤོག་བུ་གཅིག་གི་ལྡེབས་ངོས་ཉིན་སྲིབ་གཉིས་ཀར་ཡི་གེ་བྲིས་པ་སོ་སོར་པར་བརྒྱབ་པ་སྟེ། ཡི་གེ་ཆུང་ལ་ཐིག་ཕྲེང་མང་བ་དང་སོ་སོའི་སྟེང་འོག་གཉིས་ཀའི་ཐིག་ཕྲེང་རེའི་ཡིག་གཟུགས་མི་ལེགས། འདི་གཉིས་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད། pt0066 ⑧ ནི་རྒྱ་ཤོག་ཡུག་རིང་སྟེང་ཡི་གེ་འཕྲེད་དུ་བྲིས་ཡོད་པ་ཞིག་ཡིན་ལ་དེའི་ཐོག་ཏུ་ཆོས་སྣ་གཉིས་ཡོད་པའི་མང་ཤས་ནི་གསེར་འོད་རྔ་སྒྲའི་ཁག་ཕྱི་མ་ཡིན་ལ་ཉུང་ཤས་ཤིག་ནི་ཤེས་རབ་བརྒྱ་པ་རེད། pt0067(12-1)pt0067(12-2) 、 pt0067(12-3) 、pt0067(12-4) 、 pt0067(12-5) 、 pt0067(12-6) 、pt0067(12-7) 、 pt0067(12-8) ⑨ རྣམས་ནི་སྣ་རིང་ལྡེབས་ངོས་གསུམ་རེར་ལྷན་དུ་པར་བརྒྱབ་པ་ཅན་ཡིན་ལ་ལྡེབས་ངོས་རེ་རེར་ཡི་གེ་ཐིག་ཕྲེང་ལྔ་རེ་འདུག་ཅིང་བྲིས་ཀྱང་ལེགས། འདི་དག་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པ་ཞེས་བྱ་བའི་མདོ་ཞེས་མིང་བཏགས་ཡོད། pt0511(2-1) 、 pt0511(2-2) ⑽ ནི་མ་གཞིར་ཤོག་བུ་ལྡེབས་མ་གསུམ་འདུག་པ་གཤིབ་སྟེ་དེ་ལ་པར་བརྒྱབ་པའི་པར་གཉིས་ཏེ། ཤོག་ལྡེབས་དང་པོར་གནོད་སྐྱོན་ཐེབས་པ་ཚབ་ཆེ་ཡང་ཐིག་ཕྲེང་དང་པོར་གསལ་བའི་ཡི་གེར་བལྟས་ན་གསེར་འོད་རྔ་སྒྲའི་མགོ་ཡིན་པ་རྟོགས་ནུས་ལ། ཤོག་ལྡེབས་མཐའ་མའི་མཇུག་ཏུ་གསེར་འོད་དམ་པའི་སྨོན་ལམ་རྫོགས་སོ་ཞེས་བྲིས་ཡོད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་སྨོན་ལམ་ཞེས་མིང་བཏགས་ཡོད། pt0516B ⑾ ནི་སྣ་རིང་ཤོག་ལྡེབས་ལ་པར་བརྒྱབ་པ་ཞིག་སྟེ། དེར་ཤོག་ངོས་གཅིག་ཏུ་ཆོས་སྣ་གཉིས་ཡོད་ཅིང་སྟོད་ཀྱི་ཐིག་ཕྲེང་བཞི་གསེར་འོད་རྔ་སྒྲ་ཡིན་ལ་དེར་མཐུད་དེ་གསེར་འོད་དམ་པའི་མདོ་རྫོགས་སོ་ཞེས་བྲིས་ཡོད། ཡི་གེ་བྲིས་པ་ལེགས། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་མདོ་ཞེས་མིང་བཏགས་ཡོད།pt0520 ⑿ ནི་ཤོག་བུ་སྣ་རིང་གི་ལྡེབས་ངོས་གསུམ་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་བུ་དང་པོར་ཡི་གེ་ཐིག་ཕྲེང་བཞི་དང་གཞན་གཉིས་ལ་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད། ཡི་གེ་བྲིས་པ་ཡག་ཀྱང་གནོད་སྐྱོན་ཐེབས་ཡོད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད། pt0521 ⒀ ནི་ཤོག་ལེབ་གསུམ་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་ངོས་རེར་ཡི་གེ་ཐིག་ཕྲེང་དྲུག་རེ་ཡོད་ཀྱང་ཞིང་ཆུང་ལ་ཡི་གེ་ཆེ་བས་ཐིག་ཕྲེང་རེར་ཚག་ཁྱི་བརྒྱད་དགུ་ལས་མེད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད། pt0522 ⒁ནི་ཤོག་ལྡེབས་གསུམ་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་ངོས་རེར་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད་ཀྱང་ཞིང་ཆུང་ལ་ཡི་གེ་ཆེ་བས་ཐིག་ཕྲེང་རེར་ཚག་ཁྱིམ་བཅུ་ཡས་མས་ལས་མེད་པ་དང་ཤོག་བུར་རལ་སྐྱོན་བྱུང་ཡོད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད། pt0522Vནི་ཤོག་ལྡེབས་གསུམ་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་ངོས་རེར་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད་ཀྱང་ཞིང་ཆུང་ལ་ཡི་གེ་ཆེ་བས་ཐིག་ཕྲེང་རེར་ཚག་ཁྱིམ་བཅུ་ཡས་མས་ལས་མེད་པ་དང་ཤོག་བུར་རལ་སྐྱོན་བྱུང་ཡོད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད།pt0523A(3-1)⒂ ནི་ཤོག་ལྡེབས་ལྔ་དང་ཕྱེད་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་ངོས་རེར་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད་ཀྱང་ཞིང་ཆུང་ལ་ཡི་གེ་ཆེ་བས་ཐིག་ཕྲེང་རེར་ཚག་ཁྱིམ་བརྒྱད་དགུ་ལས་མེད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད། pt0523A(3-2) ⒃ནི་ཤོག་ལྡེབས་ལྔ་དང་སྟེང་འོག་གཉིས་སུ་ངོས་ཕྱེད་གཉིས་བཅས་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་ངོས་རེར་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད་ཀྱང་ཞིང་ཆུང་ལ་ཡི་གེ་ཆེ་བས་ཐིག་ཕྲེང་རེར་ཚག་ཁྱིམ་བརྒྱད་དགུ་ལས་མེད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད། pt0523A(3-3) ⒄ ནི་ཤོག་ལྡེབས་མ་གསུམ་དང་ཕྱེད་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ཤོག་བུ་དང་ཡི་གེའི་ཁྱད་ཆོས་གོང་མ་གཉིས་དང་མཚུངས། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད།pt0523AV(3-1) ⒅ནི་pt0523A(3-1)དང་འདྲ། pt0523AV(3-2) ⒆ ནི་pt0523A(3-2)དང་འདྲ། pt0523AV (3-3) ⒇ ནི་pt0523A(3-3)དང་འདྲ། འདི་དག་ལ་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད།pt0524V(2-1) (21) ནི་སྣ་རིང་ལྡེབས་མ་བཞི་ལ་པར་བརྒྱབ་པ་ཞིག་ཡིན་ཡང་རྗེས་མ་དེའི་ཐིག་ཕྲེང་གཉིས་ལས་མི་འདུག་སྟེ། ལྡེབས་ངོས་རེ་རེའི་ཐིག་ཕྲེང་གི་གྲངས་མི་མཉམ་ལ་ཡི་གེ་བྲིས་པའང་མི་ལེགས། ལྡེབས་ངོས་ཐོག་མ་ལ་རལ་སྐྱོན་ཅུང་ཙམ་ཡང་ཤོར་ཡོད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད།pt0524V(2-2) (22) ནི་སྣ་རིང་ལྡེབས་གསུམ་ལ་པར་བརྒྱབ་པ་ཞིག་སྟེ། ལྡེབས་ངོས་གཞུག་མ་གཉིས་ལ་ཡི་གེ་ཐིག་ཕྲེང་ལྔ་རེ་ཡོད་ཀྱང་ལྡེབས་ངོས་སྔོན་མའི་ཡི་གེ་ཐིག་ཕྲེང་རྗེས་མ་གསུམ་ལས་མེད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་རྔ་སྒྲ་བསྒྲགས་པའི་ཡི་གེ་ཞེས་མིང་བཏགས་ཡོད། t0526(4-1) (23)ནི་སྣ་རིང་ལྡེབས་མ་གསུམ་ལ་ལྷན་དུ་པར་བརྒྱབ་པ་ཞིག་སྟེ། ལྡེབས་མ་དང་པོར་ཡི་གེ་ཐིག་ཕྲེང་གསུམ་ལས་མེད་ལ་མགོར་བོད་སྐད་དུ་ཞེས་ཡོད་པས་མགོ་ཡིན་པ་ཤེས་ལ། ལྡེབས་མ་གཉིས་པ་ཤོག་སྟོང་ཡིན། ལྡེབས་གསུམ་པར་ཡི་གེ་ཐིག་ཕྲེང་བཞི་ཡོད། བྲིས་མི་ལེགས། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་སྨོན་ལམ་གྱི་མདོ་ཞེས་མིང་བཏགས་ཡོད། pt0526(4-2) (24) དང་pt0526(4-3) (25)ནི་སྣ་རིང་ལྡེབས་མ་གསུམ་ལ་ལྷན་དུ་པར་བརྒྱབ་པ་ཅན་ཡིན་ལ་ལྡེབས་མ་རེར་ཡི་གེ་ཐིག་ཕྲེང་བཞི་རེ་ཡོད་ལ་བྲིས་མི་ལེགས། ཧྲང་ཧེ་དཔེ་རྙིང་དཔེ་སྐུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་སྨོན་ལམ་གྱི་མདོ་ཞེས་མིང་བཏགས་ཡོད།pt0526(4-4) (26) སྣ་རིང་ལྡེབས་མ་གསུམ་ལ་ལྷན་དུ་པར་བརྒྱབ་པ་སྟེ། ལྡེབས་ངོས་དང་པོ་གཉིས་ལ་ཡི་གེ་ཐིག་ཕྲེང་གསུམ་རེ་ལས་མེད་ལ་ལྡེབས་མ་རྗེས་མ་དེ་ཤོག་སྟོང་རེད། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་དྲུག་པར་གསེར་འོད་དམ་པའི་སྨོན་ལམ་གྱི་མདོ་ཞེས་མིང་བཏགས་ཡོད།
        གཉིས་པ། ཤོག་ཧྲུལ་དག་གི་ནང་དོན་ཁ་ཚང་།
        ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་གསེར་འོད་རྔ་སྒྲའི་ཤོག་ཧྲུལ་དག་ཏུ་ནང་དོན་ཁ་ཚང་བ་ཞིག་མི་འདུག་ཀྱང་ཤོག་དྲིལ་ཨང་རྟགས་pt0067དང་ཨང་རྟགས་pt0066གཉིས་ནི་གསེར་འོད་རྔ་སྒྲའི་སྟོད་དང་སྨད་དུ་འདུག་པས་དེ་གཉིས་ལྷན་དུ་བསྒྲིགས་ན་ཕལ་ཆེར་ཁ་ཚང་བ་འདྲ་བས་འདིར་ཨང་རྟགས་pt0067དང་ཨང་རྟགས་pt0066གཉིས་གཞིར་བཟུང་ཞིང་ད་དུང་ཆད་ཤོར་བྱུང་བ་ptoo63Avདང་pt0064Bདང་pt0523བཅས་ལས་ཁ་སྐོང་བྱས་ན་འདི་ལྟར། 
        གསེར་འོད་དམ་པ་ཞེས་བྱ་བ་འྀ་མདོ། རྒྱ་གར་སྐད་སུ་བ་ར་ན་པྲ་བྱ་རྨ་དང་གཱ།། བོད་སྐད་དུ་། གསེར་འོད་དམ་པ་ཞེས་བྱ་བ་འྀ་མདོ།། ནུབ་ཅྀག་བདག་གྀ་རྨྀ་ལམ་ན།། སྟོང་ཁམས་ཐམས་ཅད་རྔ་འྀ་ས་གང་།། དེ་དག་ཐམས་ཅད་གསེར་རྔ་སྟེ།། ཀུན་ཀྱང་རང་རྡུང་དར་དར་དྀར།། (27) རྔ་སྒྲ་དེ་ལས་ཕར་མཉན་ན།། རྔ་དབྱངས་སྣ་ཚོགས་འགྱུར་ཞྀང་འབོད།།རྔ་འོད་འབར་བ་གཉྀ་བཞྀན་ཤར།། རྔ་སྒྲ་ཆེན་པོས་སྟོང་གསུམ་གཡོས།། གནམ་ས་ཀུན་ཀྱང་འགྱུར་ཞྀང་ལྟེག།། མཚོ་ཆེན་ཀུན་ཀྱང་འཁྲུག་ཅྀང་རྙོག།། རྀ་རབ་ཀུན་ཀྱང་རྙྀལ་ཞྀང་འཇྀག།། ཀླུ་འབྲུག་ཀུན་ཀྱང་ཉམས་མྱྀ་དགའ།།བར་སྣང་ཀུན་ཀྱང་དེ་བཞྀ་གཡོས།། དེ་ལྟར་འོད་སྣང་སྒྲ་སྙན་པ།། དེ་ལྟར་མཐུ་ཆེ་སུ་འྀ་གཡོ།། འཇྀག་རྟེན་མགོན་པོ་སུ་འྀ་མཐུ།།ཕྱོགས་ཅུ་ཁམས་སུ་ཕར་བལྟས་ན།། ཁམས་གསུམ་དེ་དག་ཐམས་ཅད་ན།། ས་ལྀ་འྀ་ཤྀང་དྲུང་རེ་རེ་ན།། རྀན་ཅེན་སྟེགས་བུ་མཐོ་གཙང་ལ།། བཙུན་བའྀ་སངས་རྒྱས་རེ་རེ་བཞུགས།། དེ་བཞི་ས་ལའྀ་ཡལ་ག་ལ།། བཙན་པའྀ་སངས་རེ་རེ་བཞུགས།། (28) སངས་རྒྱས་དེ་དག་ཞམ་འབྲྀང་ན།། བྱང་ཅུབ་སེམས་དཔའ་འཁོར་དང་བཅས།། གནམ་གྀ་མེན་དོག་ཆར་བཞྀན་འབེབས།། གནམ་ས་རྀམ་པའྀ་ལྷ་ཀུན་ཀྱྀས།།ཚྀག་བཟང་སྙན་པ་དུ་མས་བསྟོད།། དེ་དག་སངས་རྒྱས་ཐམས་ཅད་ཀྱྀང་།། གཅིག་བཞྀན་མཚུངས་པར་གསུང་ཕྱུང་བ།། གསེར་འོད་དམ་པའྀ་རྔ་སྒྲ་འདིས།། སྟོང་གསུམ་ཀུན་ཀྱྀས་སེམས་ཅན་དང་།། དེ་བཞྀན་མཐའ་མྱེད་ཐམས་ཅན་དང་།། གཤྀན་རྗེ་ཁམས་ཀྱྀ་མྱ་ངན་དང།།ངན་པར་འགྲོ་བའྀ་མྱ་ངན་དང།། དབུལ་པོར་འགྲོ་བའྀ་མྱ་ངན།། འཇྀག་རྟེན་ཁམས་ཀུན་ཞྀ་བར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།།སེམས་ཅན་འཇྀགས་པའི་སྐྱབས་བྱས་དེ།། ཁམས་གསུམ་ནང་ན་གདུང་བ་དག།། བྱང་ཅུབ་སངས་རྒྱས་ཐུགས་རྗེས་འྀས།།ཟིལ་ངར་མཉམ་པའི་ཆར་བབ་སྟེ།། ཉོན་མོངས་ཀུན་ཀྱང་བདེ་བར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། བགེགས་བརྒྱད་སྤྱོད་པའྀ་སེམས་ཅན་དག།། སངས་རྒྱ་བྱང་ཅུབ་མྱུར་མཐོང་སྟེ།། མགོན་པོ་ཆོས་ཀུན་ཐོབ་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། མཐའ་འཁོབ་སྐྱེས་པའྀ་མྱི་དག་ཀུན།།ཡུལ་གྀ་དབུས་སུ་སྐྱེས་ཟྀན་ཏེ།། ཆོས་བྱེད་རྒྱལ་དང་ཕྲད་པར་ཤོག།། སྡྀག་བྱང་སྙྀང་རྗེ་འྀ་ཕྱྀ་མོ་ཐོབ།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། འོན་ལྐུགས་གླེན་བའྀ་སེམས་ཅན་དག།།དེ་དག་བགེགག་ཡུལ་གར་སྐྱེས་ཀྱང་།། ཤེས་རབ་བྱང་ཅུབ་སེམས་ཐོབ་སྟེ།། བླ་མྱེད་བྱང་ཅུབ་གནས་སུ་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། དམུ་ལོང་མདོངས་པའྀ་རྒྱུན་བཅད་དེ།། སྣང་ཤར་ཆོས་ཀྱྀ་ལམ་བསྒྲུབས་ནས།། ཆོས་དམྱིག་གཙང་མ་ཐོབ་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། ཡོན་པོར་ལྟ་བའྀ་མྱྀ་དག་ཀུན།། རང་སེམས་རང་གྀས་ཕས་གཡོས་དེ།། བཤེས་ཉེན་བྱང་ཅུབ་སེམས་དཔས་བཟུང་།།དོན་དུ་དགེ་བཤེས་བྱེད་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། མཐོ་རྀས་བྱང་ཅུབ་སྒྲ་སྐྱེས་པས།།མཐོ་བཙུན་སྙེམས་པའྀ་སེམས་ཅན་དག།། བསྒྲྀབ་པ་དེ་དག་ཀུན་བསལ་དེ།། བླ་མྱེད་ཆོས་ཀྱྀ་གཞི་ཐོབ་པས།། སྙིང་རྗེ་ཀུན་དང་ལྟན་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། ཁམས་གསུམ་བཙོན་ར་ཡོངས་བྲལ་དེ།། འཁོར་བའྀ་མྱ་ངན་རྒྱུན་བཤིག་ནས།། བདུད་ཀྱྀ་སྟེ་ཀུན་བཤིག་དྲལ་དེ།། བླ་མྱེད་ཡང་དག་གནས་སུ་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། འཁོར་བ་ཐམས་ཅད་རྒྱུན་བཅད་དེ།། བྱང་སེམས་ཀྱྀ་མྱུ་གུ་སྐྱེས།།སངས་རྒྱས་ཐམས་ཅད་ས་ཀུན་ཐོབ།། བྱང་ཅུབ་ཤྀང་དྲུང་འདུག་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། སེམས་ཅན་ཐམས་ཅད་ཐོས་སོ་ཆོག།། སྨོན་ལམ་ཐོས་པའྀ་སར་བཞུགས་དེ།། སྡུག་བསྔལ་ཆེན་པོ་ཀུན་སྤངས་ནས།། སེང་འགེ་སྟབས་སུ་འགྲོ་བར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།།སེམས་ཅན་ཐམས་ཅད་ཐོས་སོ་ཆོག།། བྱང་ཅུབ་སྙྀང་རྗེ་ཕས་གཡོས་དེ།། ཀུན་གྱྀ་ར་མདའ་བདག་སྤྱོད་པས།། འཇྀག་རྟེན་ཕ་མས་ཐོས་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། སེམས་ཅན་ཐམས་ཅད་ཐོས་སོ་ཆོག།། ཚངས་པའྀ་སྐད་སྒྲ་སྐད་ཟེར་བ་དང་།། སེང་འགེ་འྀ་དཔྱངས་ངོ་འཔྱྀན་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། སེམས་ཅན་ཐམས་ཅད་ཐོས་སོ་ཆོག།། གྲངས་མྱེད་སྟྀག་ལྕྀ་འྀ་ཚོགས་བསྩགས་པ།། ཐང་ཅྀག་ཐོས་པས་ཀུན་བྱང་སྟེ།། བླ་མྱེད་ཡང་དག་གནས་སུ་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། དུག་གསུམ་སྤྱོད་པའྀ་སེམས་ཅན་དག།། བྱང་ཅུབ་སེམས་དཔའྀ་ཐབས་སྤྱོད་སྟེ།། ཁམས་གསུམ་སྙྀང་རྗེ་ཆར་བཞྀན་འབེབས།།༣མགོན་པོའི།། ཆོས་ཀུན་ཡང་ཐོས་པར་ཤོགགསེར་འོད་དམ་པའྀ་རྔ་སྒྲ་འྀས།། ལྷ་བྲན་ཁམས་ཀྱྀ་སེམས་ཅན་ཀུན།། རྒྱགས་དྲེགས་བསྙེམས་པའྀ་སེམས་བོར་དེ།། ང་རྒྱལ་འདུལ་བའྀ་མངའ་བརྙེས་ནས།། རྟག་པར་དེང་འཛྀན་མྱྀ་གཡོ་སྤྱོད།།གསེར་འོད་དམ་པའྀ་རྔ་སྒྲ་འྀས།། མྱྀ་འྀ་ཁམས་ཀྱྀ་བཙན་ཕྱུག་ཀུན།། འདོད་པ་ལྔ་འྀ་སེམས་བོར་དེ།། ཐུབ་པ་གསུམ་གྀ་ཆོས་ལམ་སྤྱོད།། མྱ་ངན་རྒྱ་མཚོ་བཤིག་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། བྱོལ་སོང་ཁམས་ཀྱྀ་གླེན་བ་དག།། མྱི་དྲན་ངན་པའྀ་སེམས་བོར་དེ།། ཤེས་རབ་ཉི་མ་ཤར་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། ཡྀ་དགས་ཁམས་ཀྱྀ་སེམས་ཅན་ཀུན།། བཀྲེས་ལྟོགས་ཉོན་མོངས་ཀུན་བྲལ་དེ།།བདེ་སྐྱིད་ས་རུ་སྐྱེ་བར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། དམྱལ་ཁམས་ཀུན་གྱི་སེམས་ཅན་དག།། ཉོན་མོངས་སྣ་ཚོགས་བྱེད་པ་ཀུན།། ཡྀད་བཞྀན་འདྲ་བའྀ་རྩི་ཐོབ་ཤོག།།གསེར་འོད་དམ་པའྀ་རྔ་སྒྲ་འྀས།། བསྲེག་ཅིང་བཙོས་པའྀ་སེམས་ཅན་དག།། ཟྀལ་ངར་མཉམ་བའྀ་ཆར་བབ་སྟེ།། ཉོན་མོངས་དེ་ཀུན་རང་ཞྀ་ནས།། བླ་མྱེད་གནས་སུ་ཕྱྀན་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། གཅོང་རོང་ཡུལ་དུ་སྤྲུལ་པ་ཀུན།། ཤེས་རབ་ཉི་མའྀ་འོད་བྱུང་སྟེ།། ཉོན་མོངས་ཐམས་ཅད་ཞུ་བར་ཤོག།། གསེར་འོད་དམཔའྀ་རྔ་སྒྲ་འྀས།།གཏུབ་ཅིང་དམྱལ་བའྀ་སེམས་ཅན་དག།། བཅད་གཏུབ་ཐམས་ཅད་རྩྀར་འགྱུར་དེ།། བདུད་རྩྀས་བཏབ་བཞྀན་སོས་པར་ཤོག གསེར་འོད་དམ་པའྀ་རྔ་སྒྲ་འིས།། ཐྀག་ངན་འདྲེན་པའྀ་སེམས་ཅན་ཀུན།། ཉོན་མོངས་སྣ་ཚོགས་རང་ཞྀ་སྟེ།། བླ་མྱེད་རྒྱལ་པའྀ་སྐྱིད་འཐོབ་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། མུན་ནག་འཁོར་བའྀ་སེམས་ཅན་དག།། རྀན་ཅེན་ཡྀད་བཞྀན་འོད་བྱུང་སྟེ།། ངན་སྡྀག་ཉེས་ལམ་མ་མཐོང་པས།།གསེར་འོད་དམ་པའྀ་རྔ་སྒྲ་འྀས།། ལྕགས་སྟོང་འཇིག་པའྀ་སེམས་ཅན་དག།། མྱྀ་བདེ་ཐམས་ཅད་ཡོངས་བྲལ་དེ།། བྱང་ཅུབ་ཤྀང་ལ་འཛེག་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། མཚོན་གྀ་ཆར་འབེབས་སེམས་ཅན་ཀུན།། སྤོས་ཡུལ་ཁམས་སུ་སྐྱེ་ཟིན་དེ།། ཟིལ་ངར་ཆོས་ཀྱྀས་བསྣུམས་པར་ཤོག།།ptoo63Avགསེར་འོད་དམ་པའི་རྔ་སྒྲ་འདིས།། ལྕགས་སྡོང་འཛེག་པའྀ་སེམས་ཅན་དག།། མྱྀ་བདེ་ཐམས་ཅད་ཡོང་བྲལ་ཏེ།།བྱང་ཅུབ་ཤྀང་ལ་འཛྀག་པར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། མཚོན་གྀ་ཆར་ཀུན་རྒྱུན་བཅད་ནས།། ཀུན་ཀྱང་འཇྀག་རྟེན་ཟླ་འདས་པས།། ཁམས་གསུམ་ནང་ན་བཙུན་བར་ཤོག།། གསེར་འོད་དམ་པའྀ་རྔ་སྒྲ་འྀས།། སེམས་ཀྱྀ་ཉེས་པ་ཁྱོད་བོར་བས།། བྱང་ཅུབ་སེམས་དང་ལྡན་འགྱུར་སྟེ།། (29)Pt0066 གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། སེམས་གྱྀ་ཉེས་པ་ཁྱོད་གྱིས་བོར།། དེ་ཕྱིར་བསམ་ཡས་དཔེ་དང་བྲལ།།འཇྀགས་རྟེན་མཚན་མར་མར་དཔེ་བྱར་མྱེད།། དེ་ཕྱིར་མཚམས་མྱེད་ཁྱོད་ལ་བསྟོད།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། མྱིང་གཟུགས་གདགས་ལས་ཁྱོད་བྲལ་བས།། ཁ་དོག་གཟུགས་དང་སྦྱིབས་བྱར་མྱེད།། དཔེ་མྱེད་ཁྱོད་ལ་ཕྱག་འཚལ་ལོ།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། གཟུགས་མཐོང་བ་དཔ་ལས་ཁྱོད་བྲལ་ཏེ།། མཐའ་ཡས་གར་ཡང་ཁྱབ་པའྀ་སྐུ།། བལྟར་མྱེད་ཁྱོད་ལ་ཕྱག་འཚལ་བལྟོད།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།།ལྔ་ཕུང་གཟུགས་ཀུན་ཁྱོད་གྱིས་བར།། རྟག་མྱེད་ཁྱོད་ལ་ཕྱག་འཚལ་བསྟོད།། ཆོས་གྱི་རང་བཞྀན་སྦྱིབས་མྱེད་པས།། ཆོས་སོ་ཆོག་ལ་དབྱབས་མྱེད་དེ།། (30)ཆོས་སོ་ཆོག་ལ་བཤད་པ་མྱེད།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། དཔེ་བརྟགས་ཀུན་དང་ཁྱོད་བྲལ་བས།།། རྟག་མྱེད་ཀུན་ཀྱང་ཁྱོད་གྱི་ལུས།། གསེར་འོད་དམ་པའྀ་རྔ་སྒྲའདྀས།།ཆོས་གྱི་ས་བོན་བཏབ་མྱེད་དེ།།ཆོས་སོ་ཅོག་ལ་སྐྱེ་བ་མྱེད།། (31)གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། ཆོས་གྱྀ་ས་བོན་བཏབ་མྱེད་དེ།། ཆོས་སོ་ཆོག་ལ་སྐྱེ་བ་མྱེད།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། ཉོན་མོངས་ཐམ་ཅད་མྱེད་པར་བྱས།། སྡུག་བསྔལ་གསུམ་གྱི་འདུད་པ་བཅད།། ཁམས་གསུམ་བཙོན་ར་དྲལ་བས་ན།། དེ་ཕྱྀར་ཁྱོད་མྱྀང་འཇིགས་རྟེན་མགོན།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། མྱྀ་སྣང་མུན་པ་ཁྱོད་གྱིས་བསལ།། ཁམས་གསུམ་ནང་ན་སྒྲོན་མ་བཞྀན།། དེ་ཕྱིར་ཁྱོད་མྱྀང་མར་མྱེ་མཛད།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།།བརྡུད་སྡེ་ལོག་པའྀ་ཁམས་ཀུན་བཤྀག།། ལྔ་ཕུང་བུམ་པ་ཁྱོད་གྱྀས་བཤིག།། དེ་ཕྱྀར་ཁྱོད་མྱིང་བཅོམ་ལྡན་འདས།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། ཁྱོད་གྱྀ་མྱེ་ལོང་ཡེ་ཤེས་གྱིས།།མྱྀ་མཐོང་མྱི་ཤེས་ཡོང་ཡེ་མྱེད།། དེ་ཕྱིར་ཁྱོད་མྱིང་ཐམས་ཅད་མཁྱེན།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། ཁྱོད་ལ་མྱྀ་ཉན་ཡོང་ཡེ་མྱེད།། ཐོས་སོ་ཆོག་གིས་བསོད་ནམས་ཐོབ།། བྱེད་དགུ་ཀུན་ནྀ་རྒྱལ་བའི་ཆོས།། དེ་ཕྱྀར་ཁྱོད་མྱིང་རྒྱལ་བའྀ་བུ།། ཤིང་དྲུང་རྒྱལ་པོར་ཁྱོད་འདུག་སྟེ།།་་་བརྡུད་བཞྀ་སྡེད་བཅས་ཐམས་ཅད་བདུལ།། དཔའ་བོར་འགྲོ་བའ་ཁྱོད་ཡྀན་ཏེ།། དེ་ཕྱིར་ཁྱོད་མྱིང་རྒྱལ་བ་ཡིན།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། སེམས་ཅེན་མང་པོ་ཁྱོད་གྱིས་དྲངས།། སྙིང་རྗེ་ཕ་མ་ཀུན་བྱམས་ དེ་ཕྱིར་ཁྱོད་མྱྀང་འཇིགས་རྟེན་མགོན།། གསེར་འོད་དམ་པའྀ་རྔ་སྒྲ་འདྀས།། ཁྱོད་གྱིས་ཁམས་གསུམ་ཀུན་བཏུལ་བས།། སྡུག་བསྔལ་རམ་འདར་ཁྱོད་ཆེ་སྟེ།། དེ་ཕྱིར་ཁྱོད་མྱྀང་སེམས་ཆེན་ཕ་ཞེས་བྱ།། (32)
        གསུམ་པ། གཏེར་ཡིག་ལས་བྱུང་བའི་གསེར་འོད་རྔ་སྒྲའི་ཁྱད་ཆོས།
        1.ཤོག་ཧྲུལ་ལས་བྱུང་བའི་མཚན་བྱང་མི་འདྲ་བ། 
        གོང་གསལ་ཤོག་ཧྲུལ་དག་ལས་མཚན་བྱང་གསལ་པོར་བཀོད་པའི་ཤོག་ཧྲུལ་དང་མཇུག་ཏུ་མཚན་བཀོད་པའི་ཤོག་ཧྲུལ་འགའ་ཡོད་ཀྱང་དེ་དག་གི་མཚན་བཀོད་པར་ཁྱད་པར་ཅུང་ཙམ་འདུག་པ་རིའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར་རོ།།

        2.ཤོག་བུ་དང་ཡི་གེ། ནང་དོན་བཅས་ལས་མངོན་པའི་ཁྱད་ཆོས།
        (1)བྲི་གཞིའི་ཤོག་བུ་མི་འདྲ་བ། ཤོག་ཧྲུལ་འདི་དག་ལས་pt0063RV 、 pt0065B 、 pt0065BVགསུམ་གྱི་བྲིས་ཤོག་སྣ་རིང་ལ་ཞིང་ཡང་ཅུང་ཆེ་བ་དབྱིབས་བོད་དཔེ་དང་མཚུངས།pt0066 、 pt0511(2-1)(2-2)གསུམ་གྱི་བྲིས་གཞི་འཕྲེད་ཐུང་ལ་གཞུང་རིང་བ་རྒྱ་ཤོག་སྟེ་རྒྱ་ཡིག་འབྲི་སའི་ཤོག་དབྱིབས་ཅན་ཡིན། གཞན་དག་གི་བྲིས་གཞི་བོད་དཔེ་སྣ་རིང་གི་དབྱིབས་ཡིན་ཡང་དོན་ལ་སྣ་མི་རིང་ལ་ཞིང་ཡང་ཆུང་བས་བོད་དཔེ་སྣ་རིང་གི་ཤོག་བུ་གཞུང་གཤེགས་བྱས་པའི་ཕྱེད་ཙམ་དུ་འདུག
        (2)ཡི་གེའི་འབྲི་ཚུལ་ལ་གཅིག་གྱུར་གྱི་གཏན་སྲོལ་ཆེར་མེད་པ། ཤོག་ཧྲུལ་དག་ལས་རེ་གཉིས་ཙམ་ལས་ཡི་གེའི་བྲིས་མི་ལེགས་པ་དང་། ནུབ་གཅིག་བདག་གི་རྨི་ལམ་ན།ཞེས་པའི་རྨི་དེ་pt0063Rvརུ་རྨྱྀ་བྲིས་ཡོད་པ་དང་། pt0067རུ་རྨྱྀ་དང་རྨྀ་གཉིས་ཀ་བྲིས་ཡོད་པ་དང་། pt0064Aརུ་རྙི་བྲིས་ཡོད། ཡང་། རྔ་སྒྲ་ཆེན་པོས་སྟོང་གསུམ་གཡོས། ཞེས་པའི་གསུམ་དེ་Pt0067རུ་གསུམ་དང་། Pt0063Rvརུ་སུམ་དང་།Pt0064Aརུ་སུཾ་བཅས་བྲིས་ཡོད་པ་སོགས་ཡི་གེ་ལ་གཅིག་ཤོག་ཧྲུལ་གཅིག་གམ་སོ་སོར་འབྲི་ཚུལ་མི་འདྲ་བ་དང་། Pt0063Rvརུ་མཐའ་ཁོབ་སྐྱེས་པའྀ་མྱྀ་དག་ཀུན།། ཅེས་པ་དང་། Pt0064BVརུ་ཐང་ཁོབ་སྐྱེ་བའྀ་སེམས་ཅན་ཀུན།། ཅེས་མྱྀ་དག་དང་སེམས་ཅན་མི་འདྲ་བ་དང་། ཡང་། Pt0063Rvརུ་བསམ་ཡས་གར་ཡང་ཁྱབ་པའྀ་ལུས་། ཞེས་དང་། Pt0064Bརུ་མཐའ་ཡས་གར་ཡང་ཁྱབ་པའྀ་ལུས། ཞེས་བསམ་ཡས་དང་མཐའ་ཡས་མི་འདྲ་བ་སོགས་དོན་འདྲ་བ་སྟོན་པར་བརྡ་མི་འདྲ་བ་སྤྱད་ཡོད་པ་དང་།ད་དུང་མིང་གཞི་ཅ་ཆ་དང་ཏ་ཐ་ཙ་ཚ་ནང་ཕན་ཚུན་བརྗེས་པ་དང་ཀི་ཀུ་ཕྱིར་ལོག་ཡོད་མེད་སོགས་ཀྱང་ཤོག་ཧྲུལ་གཅིག་དང་སོ་སོར་སྣ་ཚོགས་སུ་སྤྱད་ཡོད།
        (3)ཤོག་ལྡེབས་གཅིག་ཏུ་ཚིག་བསྐྱར་བྲིས་བྱས་པ་དང་ཆོས་སྣ་གཉིས་བྲིས་པ་ཡོད་པ། ཤོག་ཧྲུལ་དག་ལས་Pt0064Aརུ་ཆོས་སྣ་གཞན་ཞིག་བྲིས་པའི་མཇུག་ཏུ་མཐུད་དེ་གསེར་འོད་རྔ་སྒྲ་བྲིས་ཡོད་པ་དང་pt0066རུ་གསེར་འོད་རྔ་སྒྲ་བྲིས་པའི་མཇུག་ཏུ་ཆོས་སྣ་གཞན་ཅིག་བྲིས་ཡོད་པ།pt0067རུ་གསེར་འོད་རྔ་སྒྲའི་མགོ་ནས་ཚིག་ཉི་ཤུ་བྲིས་རྗེས་ཡང་བསྐྱར་མགོ་ནས་བྲིས་ཡོད་པ། དེ་མིན་ཤོག་ཧྲུལ་ལས་གསེར་འོད་རྔ་སྒྲའི་མགོ་ནས་བྲིས་པ་ཅུང་མང་བ་བཅས་འདུག
        3.གཟུངས་འདུས་ཁྲོད་ཀྱི་གསེར་འོད་རྔ་སྒྲ་དང་བསྡུར་བ་ལས་མངོན་པའི་ཁྱད་ཆོས། (33)
        (1)ཚིག་ལ་ཆད་ལྷག་ཡོད་པ། གཟུངས་འདུས་ཁྲོད་དུ་བཞུགས་པའི་གསེར་འོད་རྔ་སྒྲ་ལ་མཚོན་ན་རྨི་ལམ་དུ་རྔ་སྒྲ་བྱུང་བའི་ཚུལ་བཤད་པའི་རྗེས་སུ་རྔའི་སྒྲ་ལས་བྱུང་བའི་གཟུངས་སྔགས་ཡི་གེར་བཀོད་ཡོད་ཀྱང་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་གསེར་འོད་རྔ་སྒྲར་གཟུངས་སྔགས་ཀྱི་ཡི་གེ་རྣམས་མི་འདུག་པ་དང་། ཤོག་ཧྲུལ་ཨང་རྟགས་Pt0067ལས།གསེར་འོད་དམ་པའྀ་རྔ་སྒྲ་འྀས།། བྱོལ་སོང་ཁམས་ཀྱྀ་གླེན་བ་དག།། མྱི་དྲན་ངན་པའྀ་སེམས་བོར་དེ།། ཤེས་རབ་ཉི་མ་ཤར་པར་ཤོག།། ཅེས་པ་དང་། ptoo63Rv སྟོང་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པ་གཟུངས་འདུས་རྔ་སྒྲ་རུ་མེད་པ་རེད།
        (2)གོ་རིམ་འཁྲུགས་པ། གཟུངས་སྔགས་མན་ནས་བཟུང་གསེར་འོད་དམ་པའི་རྔ་སྒྲ་འདིས། ཞེས་པའི་མཚམས་དོན་ཚན་རེར་བརྩིས་ན་དོན་ཚན་གྱི་གོ་རིམ་ནི་ཏུན་ཧོང་གཏེར་ཡིག་དེ་གཟུངས་འདུས་ཁྲོད་ཀྱི་གསེར་འོད་རྔ་སྒྲ་དང་མི་མཐུན་པར་འཁྲུགས་ཡོད་དེ། གཟུངས་འདུས་རྔ་སྒྲའི་ཚན་པ་དང་པོ་ནས་བཅུ་པའི་བར་དེ་གཏེར་ཡིག་རྔ་སྒྲའི་ཚན་པ་བཅོ་བརྒྱད་པ་ནས་ཉེར་བརྒྱད་བར་ཡིན་པ་དང་། གཟུངས་འདུས་རྔ་སྒྲའི་ཚན་པ་བཅུ་གཅིག་པ་ནས་བཅུ་དགུ་བར་གཏེར་ཡིག་རྔ་སྒྲའི་ཚན་པ་གཅིག་ནས་དགུ་བར་ཡིན།གཟུངས་འདུས་རྔ་སྒྲའི་ཚན་པ་ཉི་ཤུ་བ་ནས་ཉེར་ལྔ་བར་གཏེར་ཡིག་རྔ་སྒྲའི་ཚན་པ་བཅུ་གཉིས་ནས་བཅུ་བདུན་བར་ཡིན། གཟུངས་འདུས་རྔ་སྒྲའི་ཚན་པ་ཉེར་དྲུག་པ་ནས་ཉེར་དགུ་བར་གཏེར་ཡིག་རྔ་སྒྲའི་ཚན་པ་སུམ་ཅུ་སོ་ལྔ་ནས་བཞི་བཅུ་བར་ཡིན་ལ་སུམ་ཅུ་སོ་ལྔ་དང་སོ་དྲུག་གཉིས་བསྲེས་ན་གཟུངས་འདུས་རྔ་སྒྲའི་ཉེར་བདུན་ཡིན། གཟུངས་འདུས་རྔ་སྒྲའི་ཚན་པ་སུམ་ཅུ་སོ་གཉིས་པ་ནས་སོ་གསུམ་པ་ནི་གཏེར་ཡིག་རྔ་སྒྲའི་ཚན་པ་སུམ་ཅུ་སོ་གསུམ་པ་དང་སོ་བཞི་པ་ཡིན།གཟུངས་འདུས་རྔ་སྒྲའི་ཚན་པ་སོ་བཞི་པ་ནི་གཏེར་ཡིག་རྔ་སྒྲའི་ཚན་པ་བཞི་བཅུ་ཞེ་གཅིག་པ་བཅས་ཡིན།
        མཇུག་བསྡུ་བ།
        ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལས་བྱུང་བའི་གསེར་འོད་རྔ་སྒྲའི་ཤོག་ཧྲུལ་འདི་དག་ལ་ཞིབ་ཏུ་བལྟས་ཤིང་བསམ་བློ་བཏང་ན། དེ་དག་གི་བྲིས་མི་ལེགས་ལ་བྲིས་ཤོག་གི་ཚད་གཞི་གཅིག་ཏུ་མེད་པ་དང་ནང་དོན་ཡང་ཆ་ཚང་མིན་ལ་བསྐྱར་བྲིས་མང་བར་བལྟས་ན་ཤོག་ཧྲུལ་འདི་དག་ཆོས་འབྲི་མཁན་གྱིས་སྦྱོང་འབྲི་བྱས་པའི་ཤོག་བུ་ཡིན་པར་འདྲ་བ་དང་། ཡང་ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ལས་བྱུང་བའི་གསེར་འོད་རྔ་སྒྲའི་ཤོག་ཧྲུལ་འདི་དག་དང་གཟུངས་འདུས་ཁྲོད་ཀྱི་གསེར་འོད་རྔ་སྒྲ་ཕན་ཚུན་བསྡུར་ན་གོ་རིམ་འཁྲུགས་པ་ཙམ་ལས་ཆད་ལྷག་ཆེར་མེད་པས་འདི་གཉིས་བསྒྱུར་གཞི་གཅིག་ལས་བསྒྱུར་བར་འདྲ་ཡང་གཟུངས་འདུས་ཁྲོད་ཀྱི་གསེར་འོད་རྔ་སྒྲའི་སྦྱར་བྱང་དུ་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྙིགས་མའི་དུས་སུ་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་དང་།ལྷ་སྲིན་སྡེ་བརྒྱད་གནོད་འཚེ་བྱེད་པ་དང་ཁྱད་པར་སྙིགས་མའི་དུས་སུ་རྒྱལ་པོ་གདོན་དུ་ལྡང་བས་དེའི་གཉའ་གནོན་དུ་མཛད་དོ།། བསམ་ཡས་ཀྱི་དབུ་རྩེ་ཁམས་གསུམ་ཟངས་གླིང་གི་སྒོ་ཁང་བྱང་ངོས་སུ་གཏེར་དུ་སྦས་པ། དུས་ཕྱིས་མངའ་བདག་ཉང་རལ་པ་ཅན་གྱིས་གཏེར་ནས་བཏོན་ཏེ། སྡེ་བརྒྱད་དང་རྒྱལ་བོས་ཉེན་པ་རྣམས་ལ་འགྲོ་དོན་དུ་སྤེལ་བ་ལེགས་སོ།། (34) ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པར་བཤད་ཡོད་པས་དོན་ལ་འདི་གཉིས་བར་གྱི་འབྲེལ་བ་ཅི་ཡིན་དང་གསེར་འོད་རྔ་སྒྲ་འདི་ཇི་ལྟར་བྱུང་བ་ད་དུང་དཔྱད་དགོས། གལ་ཏེ་དེ་རྩར་ཆོད་ཚེ་ཏུན་ཧོང་ནས་རྙེད་པའི་ཆོས་ཡིག་དང་བོད་ཡུལ་དབུས་སུ་བསྒྱུར་བའི་ཆོས་ཡིག་བར་འབྲེལ་བ་ཅི་ཡོད་ལ་གསལ་ཁ་འབྱེད་ནུས་ཀྱང་སྲིད།
        མཆན་འགྲེལ།
① ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་པའི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་གཉིས་པའི་ཤོག་ངོས་147ན་གསལ།
②③④⑤⑥⑦⑧⑨⑩⑾ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་པའི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་གཉིས་པའི་ཤོག་ངོས་148དང་། ཤོག་ངོས་149、149、150、151、154-155、156、162-165、114-115、120བཅས་སུ་གསལ།
⑿⒀⒁⒂⒃⒄⒅⒆⒇(21)(22)ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་པའི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་གཉིས་པའི་ཤོག་ངོས་129དང་། ཤོག་ངོས་130、131、133、134、135、136、137、138、142、143བཅས་སུ་གསལ།
(23)(24)(25)(26)ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་པའི་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་གཉིས་པའི་ཤོག་ངོས་145དང་། ཤོག་ངོས་146、147、148བཅས་སུ་གསལ།
(27)(28)ཚིག་རྐང་འདི་གཉིས་pt0523ལས་བསྣན།
(29)ཤོག་ཧྲུལ་ཨང་རྟགས་Pt0067
(30)ཚིག་རྐང་འདི་pt0064Bལས་བསྣན།
(31)ཚིག་རྐང་འདི་གསུམ་pt0064Bལས་བསྣན།
(32)ཤོག་ཧྲུལ་ཨང་རྟགས་Pt0066ལས་བསྣན།
(33)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་2013ལོར་པར་དུ་བསྐྲུན་པའི་《བཀྲ་ཤིས་བརྩེགས་པ་》དཔར་ཐེངས་བཅུ་གཉིས་པའི་ཤོག་ངོས་252ན་གསལ།
(34)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་2013ལོར་པར་དུ་བསྐྲུན་པའི་《བཀྲ་ཤིས་བརྩེགས་པ་》དཔར་ཐེངས་བཅུ་གཉིས་པའི་ཤོག་ངོས་261ནས་263བར་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1