གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༠ཉིན།

༄༅།། འདང་ལ་བྲིས་པའི་རི་མོ།

azཕུལ་བའི་ཚིག་ཕྲེང་།
ཀྱེ་ཕུར་མཆོག་གསུམ།(ཀན་ལྷོ།) 

འདི་ནས་ལེ་བར་སུམ་བརྒྱ་གོམ་སྟབས་ཀྱིས་བགྲོད་ན། །
མཁའ་འགྲོའི་གནས་མཆོག་ཨ་ཡིག་རང་བྱོན་གྱི་ཡུལ་ཏེ། །
སྤྱན་རས་གཟིགས་ཀྱི་གདུལ་ཞིང་དངོས་མ་དེ་ལྷམ་ཡོད། །
གྲོང་དེའི་ལྟེ་བར་སྐལ་ལྡན་ལས་འཕྲོ་ཅན་སྐྱོང་བའི། །
བདག་གི་ཁོག་པའི་སྙིང་དང་དཔྲལ་བ་ཡི་མིག་ཟུང་། །
མཛེས་འཛུམ་ཞིམ་པོ་སྙིང་གི་མེ་ཏོག་ཏུ་བཞད་ཡོད། །
སྐབས་སྐབས་པདྨའི་དྲི་བསུང་སྣ་ལམ་དུ་འཐུལ་ཚེ། །
དབང་མེད་གོམ་པའི་འདེགས་འཇོག་དེ་ག་རུ་ཕྱོགས་ཤིང་། །
ཡིད་ཀྱི་གཙང་བོ་དྲན་པའི་དབྱངས་རྟ་ལ་བརྒྱུས་ནས། །
ཚིག་གི་ར་མདའ་སེམས་ཀྱི་རྟ་མཆོག་ལ་བསྐྱོན་འདོད། །
འགྲོ་དང་གོམ་པའི་རིན་ལ་རྟ་བརྒྱ་རང་འདུས་ཤིང་། །
ཚིག་དང་ངག་གི་བར་ལ་དྲང་བདེན་གྱི་མངར་ཁ། །
ལྟེམ་ལྟེམ་འཁྱིལ་བ་ཁོ་མོའི་རང་གཤིས་ཀྱི་ཆུ་མོ། །
བདག་གི་དྲན་པའི་སྤང་ལ་ཆལ་ཆིལ་དུ་བབས་ཤིང་། །
དོན་སྣོད་དག་གི་མཁའ་ལ་ཡིག་དྲུག་ཏུ་འཛུམ་པའི། །
སྙིང་སྡུག་གང་དེའི་འཛུམ་གྱི་ལོ་འདབ་གཅིག་མཐོང་ཚེ། །
དགའ་སྣང་མེ་ཏོག་ཆུན་པོ་ཆུན་པོ་རུ་བཞད་ཅིང་། །
ཡིད་ཀྱི་དབུགས་དབྱུང་མཁའ་མཐའི་སྤྲིན་པ་རུ་འདྲེས་ཏེ། །
འདོད་འདུན་སྦྲང་ཆར་བསིལ་མ་ཤག་ཤག་གི་སྒྲ་ཡིས། །
ཡིད་ཀྱི་དོན་སྣོད་བརླན་པའི་སྔོན་འགྲོ་རུ་བབས་འགྲོ །
ཀྱེ་མ་དྲན་གདུང་སྡུག་གི་ཁུར་ཆེན་གྱི་ཀློང་ནས། །
ཁྱོད་རང་ཁོ་ན་སྙིང་གི་དྲོད་ཁོལ་དུ་སྒོམས་ཡོད། །
ཁ་ཟས་ཐན་ཐུན་ཟ་བའི་དུས་ཚོད་དང་སྐར་མར། །
ཁྱོད་རང་མེད་ན་ཟས་ཀྱི་བྲོ་བ་ཡང་འགག་ཅིང་། །
ཅི་འདོད་བསྟེན་པའི་ཡིད་ཀྱི་ཡི་གའང་ཆད་འགྲོ །
ཨེ་མ་སྔོན་བསགས་ལས་དང་བགོ་སྐལ་གྱི་དབང་གིས། །
ཁྱོད་ལ་འཕྲད་པ་ཚེ་འདིའི་ཚེ་ནོམ་དུ་བསམ་ཞིང་། །
ལང་ཚོ་གཟིགས་འབུལ་བྱས་པའི་བཀའ་དྲིན་གྱི་ཆ་ལ། །
སྙན་ཚིག་དབྱངས་ཀྱི་མཆོད་པ་སེམས་ཁོང་ནས་དབུལ་ཆོག །
གཏམ་དང་མགུར་མའི་བཞུར་རྒྱུན་སྙིང་དབུས་སུ་བསྲེས་ཏེ། །
ང་རང་ཁྱོད་ལ་དགའ་བའི་རང་གཟུགས་ཤིག་བསྟན་ནས། །
གཏན་གྱི་འདུན་མ་རུམ་པའི་དམ་བཅའ་ཡང་འབུལ་ཆོག །
ཤ་དང་མཆིན་པ་གླན་པའི་སྐད་ཅིག་གི་ཚོར་བས། །
ང་རང་ཁྱོད་ཀྱི་བྲང་གཞུང་དྲོན་མོ་རུ་འཛུལ་དུས། །
ཁྲེལ་གཞུང་གློ་མཆིན་དག་ཀྱང་དཀར་གཙང་གིས་གནས་པ། །
སྒྲོ་འདོགས་མ་ཡིན་བློ་ངོར་གསལ་གསལ་དུ་བཀྲམས་ཡོད། །
འདི་ལྟར་གཏམ་གྱི་གླེང་གཞི་དྲན་ངོགས་སུ་བསླངས་ཚེ། །
ཚོར་བའི་རྦབ་རྡོ་ཡིད་ཀྱི་མཐོ་ས་ནས་འདྲིལ་ཏེ། །
མྱི་ཁའི་གཡག་རོག་རྒོད་པོའི་རྩིབས་རུས་ཀྱང་གཅོག་སྲིད།

ཁྱོད་ཀྱི་ལས་འགན་འགྲུབ་ནས་གནས་མལ་དུ་ཆས་སོང་། །
མ་ཡུམ་སློབ་གྲྭའི་འབྱུང་བཞི་མཆིན་པ་རུ་གླན་ནས། །
དཔེ་ཀློག་དབྱངས་ཀྱི་རྒྱུད་མངས་རང་སེམས་ལ་བསུས་ཏེ། །
མ་འོངས་འབྱུང་འགྱུར་འོད་ཀྱི་ཕུང་པོ་ཡིས་བསུ་དགོས། །
ཞིབ་འཇུག་མིང་གི་ཆོ་ལོ་གསེར་ཏོག་གི་ཚུལ་གྱིས། །
རང་སེམས་རི་ཡི་རྩེ་མོར་གཟུག་འདོད་ཀྱི་ཀུན་སློང་། །
རྣམ་དཔྱོད་ལས་ཀྱི་ས་བོན་རྒྱུགས་ཤོག་གི་གཤིན་སར། །
གསེར་སྨྱུག་རྟ་ཕོའི་བང་གི་འཁྱུག་འགྲོས་ཀྱིས་ཕབ་ཟིན། །
ད་ནི་རང་སེམས་བདེ་མོའི་སྤྲོ་དགའ་ཡི་སྤང་ལ། །
འདོད་མོས་མེ་ཏོག་རྐང་གཅིག་ལྷོད་བག་གིས་ཐོབས་དང་།
དཔྱིད་ཀྱི་ཁུ་ལོ་ལྷོ་ཕྱོགས་མོན་ཡུལ་ནས་སླེབས་དུས། །
འབྲས་བཟང་དབྱར་གྱི་ཆར་བ་ཤག་ཤག་ཏུ་དབབ་ངེས། །
སློབ་ཆེན་འཚོ་བ་ཞག་གཅིག་མགྲོན་པོ་དང་འདྲ་ངེས། །
སང་ལོའི་ཉི་ཟེར་དབྱར་གྱི་ཞོགས་ཁ་ནས་འཛུམ་དུས། །
རེ་བའི་རྡོག་ཁྲེས་ཁུར་ཏེ་རང་ཡུལ་དུ་ཆས་དགོས། །
རང་འཁྲིའི་རྒྱུ་བ་དག་ཀྱང་རང་རྒྱུད་དུ་ལེན་དགོས། །
སྤྱི་ཚོགས་འདམ་གྱི་མཚོ་ལ་རང་སྟོབས་ཀྱིས་ཞུགས་དགོས།
རང་བློའི་འཇོན་ནུས་རྩལ་གྱིས་ས་ཆེན་ཡང་ཐེག་དགོས། །
རང་སྟོབས་ལག་པ་ནམ་མཁའི་ཀ་ཆེན་ཡང་ཉན་དགོས། །
རང་གི་ཤེས་པའི་ཡོན་ཆབ་ཕོར་བ་རུ་བླུགས་ནས། །
སྲོལ་གྱི་གྲིབ་ནག་དུས་ཀྱི་དག་གཙང་གིས་བཀྲུ་དགོས། །
འཚོ་བ་རྒྱ་མའི་གྲངས་ག་མྱི་ཁ་ནས་བསགས་ཏེ། །
སེམས་ཀྱི་ཆགས་སྡང་རང་གི་ཕོར་ཁ་ནས་བྱོ་དགོས། །
འདི་ནི་དུས་ཀྱིས་དེད་པའི་ལྷགས་རླུང་གི་མངར་ཁས། །
རང་གི་མི་ཚེ་བསེད་བཀྲོལ་བྱ་སྟངས་ལས་མ་འདས། །
མི་ནི་མ་གཞི་འཚོ་བའི་རབ་ཁ་ན་གནས་ཤིང་། །
དགའ་སྐྱོ་ཆགས་སྡང་རླུང་གིས་སྒུལ་བ་ལས་འཕོས་པའི། །
ཡིད་འགྱུར་ཆུ་ཡི་གཉེར་རིས་དྲན་ངོགས་སུ་འཐབ་སྟེ། །
མངར་སྐྱུར་ཁ་བའི་གཏམ་རྒྱུད་རང་ཉིད་ནས་རྩོམ་དགོས། །
མི་ཚེ་ཀྱག་ཀྱོག་འཐེན་པའི་གཡང་གཟར་གྱི་ལམ་ལ། །
ང་ཚོ་རྣམ་དཔྱོད་རྩལ་གྱི་གོམ་སྟབས་ཀྱིས་རྒྱུག་དགོས། །
གཞེན་སྐུལ་ལྕག་ཚན་རང་ལ་ཚ་ནན་དུ་གཞུ་དགོས། །
རང་གི་ལས་ཀྱིས་བཏབ་པའི་འབྱུང་འགྱུར་གྱི་ས་བོན། །
ཡག་བཙོག་གང་ལ་ཆས་འགྲོ་སུ་ཞིག་གིས་དཔག་ནུས། །
ཐོད་པའི་ཁ་ཡིག་རི་མོ་གསལ་གསལ་དུ་སྣང་ཡང་། །
འབྲི་མཁན་ལག་པའི་དལ་མགྱོགས་དང་ལྷོད་ཀྱི་བར་ནས། །
ནོར་འཛོལ་སེམས་ལ་མི་ཕོག་གཏན་ཚིགས་དེ་བཙན་དགོས། །
གནོང་འགྱོད་ཞེ་ལ་མི་བསྐགས་དཔའ་གདེང་ཡང་ཡོད་དགོས།
སྙིང་གི་གཅེས་ལོ་འཁོར་བ་སྤང་ལྗོངས་ཀྱི་ངོས་སུ། །
ནག་ནོག་དྲི་མས་མ་གོས་མེ་ཏོག་བཞིན་བཞད་དགོས། །
ཤེས་རིག་ཟེའུ་འབྲུ་ལུད་པའི་ཟེར་རྡུལ་གྱི་ཁུ་བས། །
ཁྱོད་ནི་ནམ་ཡང་སྐྱིད་ཀྱི་ཁྲི་འཕང་དུ་དགོད་དགོས། །
ལས་འཕྲོའི་མདུད་པ་རང་རང་སེམས་ངོགས་སུ་དམ་ན། །
ང་རང་ད་དུང་ཁྱོད་ཀྱི་གྲིབ་གཟུགས་ལ་འཁེན་སྲིད། །

འདི་ལྟར་བསམ་དུས་སྟོང་ལོ་བཅུ་བདུན་ཡང་འདས་ཏེ། །
བཅོ་བརྒྱད་ཉི་ཟེར་སེམས་ཀྱི་དག་ཞིང་ལ་འཕྲོས་འདུག །
ཁྱོད་ཀྱི་བརྩོན་པའི་ངལ་འབྲས་རྒྱལ་ཁ་ཡིས་བལྟམས་ཏེ། །
རང་གི་དམིགས་འདུན་སློབ་གླིང་དེ་ག་ནས་འགྲུབ་ཀྱང་། །
འདང་བརྩེ་ཕྱི་མིག་གཉོམ་མོས་འཁྲེང་བ་དེ་ལན་པས། །
རླབས་ཆེན་ལས་དོན་དེ་དག་རྩྭ་བཞིན་དུ་དོར་སོང་། །
བདག་སེམས་བུ་ལོ་རེ་ཞིག་བསམ་གཞིག་གི་ཀློང་ནས། །
ཅི་འདི་འདི་མེད་ཧད་དེ་ཡུད་ཙམ་ངང་ལུས་སོང་། །
བསམ་གཞིག་ལག་པ་རང་གི་བྲང་གཞུང་ལ་གཏད་དེ། །
བཀའ་འདྲི་ཚིག་གི་སྡེབ་སྦྱོར་དུངས་ཞེན་གྱིས་འབྲི་དུས། །
འབྱུང་བཞི་རྨང་ནས་འཁྲུགས་པའི་འདུ་འགོད་ཀྱི་སྤྲིན་པ། །
ཤ་དང་རུས་པའི་གསེང་ནས་ལྷོག་ལྷོག་ཏུ་བརྡོལ་བས། །
བདག་གི་ཡིག་འབྲུ་དག་ཀྱང་ཆུ་ལོག་གིས་བསྣུབས་ཏེ། །
དྲན་པའི་ནམ་མཁར་བཀལ་བའི་འོད་དཀར་གྱི་དྲིལ་བུ། །
སིལ་སིལ་འགུལ་ཏེ་དྲན་སྐུལ་སྙིང་དབུས་སུ་འཁྱིལ་ཡོང་། །
ཁྱོད་ནི་གཡོ་ཟོལ་ནག་ནོག་དྲི་མ་ཡིས་མ་སྦགས། །
མྱི་ཁ་རྡུལ་གྱི་མདའ་མོས་མནོལ་གྲིབ་ཀྱང་མ་ཕོག །
འདམ་ལས་སྐྱེས་པའི་མེ་ཏོག་པདྨ་ཡི་རང་གཟུགས། །
མིག་གི་ཡོལ་བར་འཐེན་པའི་སེང་རས་ཀྱི་གསེབ་ནས། །
ངེས་དོན་ལྷག་བསམ་རྗེན་པའི་ངང་ཚུལ་གྱིས་བུད་ཡོང་། །
ཁྱེད་ཀྱིས་གཤིས་འཇམ་འོ་མ་གསོལ་ཇ་རུ་སྐོལ་ནས། །
རྣམ་ཀུན་བདག་ལ་དུས་ཀྱི་སྐོམ་སོད་དུ་དྲངས་པས། །
བདག་ཀྱང་ཁྲེལ་གཞུང་མཆི་སྒྲོས་ནེམ་པོ་ཡི་ངང་དུ། །
ཁྱེད་ཀྱི་གཙང་འགྲམ་སྲུང་བའི་གསེར་མིག་ཏུ་གྱུར་ཡོད། །
ཚིག་དང་ཚིག་གཉིས་བསྲེས་པའི་དམ་ཚིག་གི་རི་མོ། །
ཕན་ཚུན་སྙིང་གི་ལྡེབས་སུ་གསུབ་མེད་དུ་བབས་འདུག །
འདང་གི་ཆུ་མོ་ཤག་སྒྲས་བྲང་གཞུང་དུ་བབས་དུས། །
ལག་ཟུང་ལྗོན་པའི་ཡལ་འདབ་ཁྱེད་ཉིད་ལས་མི་འདུག །
ཟླ་དཀར་དགོད་འཛུམ་ཤོར་བའི་མཚན་མོ་ཡི་ཆ་ལ། །
འུ་གཉིས་སྣང་བའི་གྲིབ་གཟུགས་ཆ་གཅིག་ཏུ་འདྲེས་ཏེ། །
དགའ་སྐྱོའི་ཆུ་མོ་དྲན་པའི་གཞོང་པ་རུ་སྐོལ་ནས། །
འདང་བརྩེ་རྔམ་པས་ཧམ་འཐུང་ལན་མང་དུ་བྱས་མྱོང་། །
འབྱུང་འགྱུར་ཁ་དོག་བྲལ་བའི་སྤང་ཐང་གི་ངོས་སུ། །
རོ་བྲོ་ཅི་ཡིན་མི་འཚལ་གཏམ་རྒྱུད་ཅིག་བྲིས་ཏེ། །
འཚོ་བ་དབྱར་གྱི་འོ་ཞོ་མཉམ་འཐུང་གི་ལས་ལ། །
སུས་ཀྱང་སྨོན་པའི་ལས་དེ་སྙིང་དབུས་ནས་འགྲུབ་ཤོག །
རི་བོང་སེམས་དཔའི་གཟུགས་རིས་ཟླ་དཀར་དུ་ཕབ་པ། །
སྔོན་གྱི་རིག་བྱེད་གཏམ་གྱི་བླ་སྲོག་ཏུ་འཁུམས་ཀྱང་། །
བདག་སེམས་ཉ་མོ་ཁྱོད་ཀྱི་ལྕགས་ཀྱུ་ཡིས་བཟུང་བ། །
མངོན་སུམ་ཚད་མས་གཞལ་ཡང་ནོར་འཁྲུལ་ཞིག་མི་འདུག །
ད་ནི་ཚིག་གི་གཙང་བོ་ལམ་ཆེན་དུ་དྲངས་ཏེ། །
དུངས་ཞེན་ཉ་མོའི་འཁྱུག་བགྲོད་བྲང་གཞུང་ནས་རྩེན་ཆོག །
མི་ཚེ་རི་མོ་ཡིད་ཀྱི་ལྡེབས་ངོས་སུ་བཀྲམས་ནས། །
སང་གི་ཉི་ཟེར་འཆར་གཞིའི་མཁའ་དབྱིངས་ནས་བསུ་འགྲོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1