ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྩལ་ནུས་བདམས་ཐོན་པས་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་ལྔ་བའི་སྟེང་གྲུབ་འབྲས་ཆེན་པོ་བླངས་པར་མཛུབ་སྟོན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-24


        ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྩལ་ནུས་བདམས་ཐོན་པས་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་ལྔ་བའི་སྟེང་གྲུབ་འབྲས་ཆེན་པོ་བླངས་པར་མཛུབ་སྟོན་གནང་སྟེ། རང་རྒྱལ་གྱི་འགྲན་ཞུགས་པ་དང་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
        ཞི་ཅིན་ཕིང་གིས་བསྟན་དོན། ངལ་རྩོལ་པའི་བྱང་ཚད་དེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་ལ་འབྲེལ་བ་ཆེན་པོ་ཡོད། ལག་རྩལ་བཟོ་བའི་དཔུང་སྡེ་ནི་ཀྲུང་གོའི་གསར་བཟོ་དང་ཀྲུང་གོའི་གསར་གཏོད་ལ་འདེགས་སྐྱོར་བྱེད་པའི་རྨང་གཞི་གལ་ཆེན་ཡིན་པ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་འདོན་ངེས་ཡིན། རང་རྒྱལ་གྱིས་ཉིས་སྟོང་ཉེར་གཅིག་ལོར་ཧྲང་ཧེ་ནས་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་བསྡུ་རྒྱུ་ཡིན་པས། དེའི་ཐད་ཀྱི་གྲ་སྒྲིག་དང་རྩ་འཛུགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་སྒོས་གསར་སྐྲུན་དང་ཤུགས་རྐྱེན་ཆེ་བའི་འཛམ་གླིང་རྩལ་ནུས་འགྲན་སྡུར་ཞིག་བསྒྲུབ་དགོས་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། རྩལ་ནུས་ཤེས་ལྡན་མི་སྣ་ནི་རྒྱལ་ཁབ་ཀྱི་རིན་ཐང་བྲལ་བའི་ཐོན་ཁུངས་ཡིན་པ་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་ཤུགས་ཆེན་པོ་ཞིག་ཡིན། རང་རྒྱལ་གྱིས་རྩལ་ནུས་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་དྲུག་པ་བསྡུ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས།  རྒྱ་ཆེའི་ན་གཞོན་རྣམས་ཀྱིས་རྩལ་ནུས་སློབ་སྦྱོང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྣང་ཚུལ་བཟང་བོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།
        འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་ལྔ་བའི་སྤྱི་སྡོམ་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ།
        ཨུ་རུ་སིའི་ཁ་ཧྲན་ནས་བསྡུས་པའི་འཛམ་གླིང་རྩལ་ནུས་འགྲན་སྡུར་སྐབས་ཞེ་ལྔ་བའི་སྟེང་རང་རྒྱལ་གྱི་བདམས་ཐོན་པས་བསྡོམས་པས་གསེར་གྱི་རྟགས་མ་བཅུ་དྲུག་དང་དངུལ་གྱི་རྟགས་མ་བཅུ་བཞི། ཟངས་ཀྱི་རྟགས་མ་ལྔ། ཕུལ་བྱུང་བྱ་དགའ་བཅུ་བདུན་བཅས་བླངས་པས། ཚོགས་པའི་སྤྱིའི་སྐར་གྲངས་ཀྱི་ཨང་དང་པོ་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1