གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

སྒྲོལ་མ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༥ཉིན།

༄༅།། བྱིས་པའི་རྣ་རྩའི་བརྟག་བཅོས་སྐོར་ལ་དཔྱད་པ།

སྒྲོལ་མ་འཚོ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་ལུགས་སྨན་པའི་རྒྱུད་འཛིན་པ་ཚོས་བོད་རང་གི་གསོ་བ་རིག་པའི་ལག་ལེན་དམར་ཁྲིད་དང་མན་ངག་ཡོན་ཏན་རྒྱུད་ལས་བསྟན་པའི་ནད་རིགས་སོ་སོའི་རྒྱུ་རྐྱེན་དང་དབྱེ་བ། རྟགས། བཅོས་ཐབས་སོགས་ཞིབ་ཅིང་རྒྱས་པར་བསྟན་པ་རྣམས་ལག་ལེན་དངོས་ཀྱི་ནང་བཀོལ་སྤྱོད་དང་ཞིབ་འཇུག སྔོག་འདོན་སོགས་བྱེད་རྒྱུ་གལ་ཆེ་ཚུལ་དང་། ཁོ་བོས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་ཆེན་རྩ་བར་བཟུང་ཞིང་། སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་གཞུང་ལུགས་ལ་ཁུངས་བཅོལ་བའི་སྟེང་རང་ཉིད་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྨན་བཅོས་བྱས་པའི་ཉམས་མྱོང་ཕྱོགས་བསྡུས་ཀྱི་ཚུལ་དུ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] རྣ་རྩ། སྤོས་མེ། ངོས་འཛིན། གསོ་བཅོས། མཇུག་བསྡུ་བ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214 ”
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0190-09
               བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་བརྟག་ཐབས་བལྟ་རེག་དྲི་བ་གསུམ་ལས་མཐོང་བ་ཡུལ་གྱི་རིག་པ་འདིས་ནང་གི་ནད་དང་། ནད་མེད་ཀྱི་ཚེ་ལ་བར་དུ་གཅོད་པར་བྱ་བ་ཕྲ་རགས་ཀྱི་རྟགས་ཕྱིའི་འབྲས་བུའི་གཏན་ཚིག་ལ་བརྟེན་ནས་མངོན་སུམ་དུ་རྟོགས་ནུས་པ་ཡིན་ལ་འདིར་ན་སོ་ཧ་ཅང་ཆུང་བའམ་ལུས་སེམས་གཉིས་མ་སྨིན་པའི་བྱིས་པ་ལ་རླུང་ཁྲག་རྒྱུ་བའི་ཤེད་མ་རྫོགས་པའི་བར་དུ་ལག་པའི་འཕར་རྩ་མ་ངེས་བའམ་མི་ཤེས་པའི་བྱིས་པ་བཙས་ནས་ཞག་པོ་བཅུ་གཉིས་ཕན་ཆད་ནས་ལོ་བརྒྱད་སོན་པའི་བར་དུ་རྣ་བའི་སྟེང་གི་རྩ་ལ་བལྟས་ཏེ་ནད་བརྟག་དགོས་ཚུལ། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས།“ལུས་སེམས་མ་སྨིན་ན་ཕྲ་མོ།། བྱིས་པ་ཞེས་བྱ་དེ་ཉིད་ལ།།བཅུ་གཉིས་ཞག་ནས་ལོ་བརྒྱད་ཚུན།། རླུང་ཁྲག་རྒྱུ་ཤེད་མ་རྫོགས་པར།། ལག་པའི་འཕར་རྩ་མ་ངེས་པའི།། གསལ་བའི་བརྡ་རྟགས་མ་བཤད་ཅིང་།། བཙས་ནས་ཞག་པོ་བཅུ་གཉིས་ཕན།། ལོ་བརྒྱད་ཚུན་བར་རྣ་བའི་ཕྲུམ།། ཤ་ཡི་མེ་ལོང་གསལ་བ་ལས།། ལེགས་ཉེས་འཆད་དེ་རྟོགས་པའི་ཕྱིར།། དང་པོ་པྲ་ཕབ་བྱིན་རླབས་གཅེས།། དེ་རྗེས་བསྟན་ཐབས་གཡའ་བྲལ་བའི།། གསལ་བཤད་ཤ་ཡི་མེ་ལོང་བརྟག།”①ཞེས་གསུངས་སོ།། སྤོས་མེ་ཞེས་པ་ནི་སྤྲ་མེའི་ཚབ་དུ་བཀོལ་བའི་བསྲེག་བྱེད་མེ་འཕྲུལ་ཉི་ཤུ་རྩ་གསུམ་གྱི་ཁོངས་སུ་བསྡུ་རུང་བའི་དྲི་བཟང་སྤོས་ལ་མེ་སྒྲོན་ནས་ཐལ་རྡུལ་མེད་པའི་མེ་སྟེ་ནད་ཀྱི་གསང་དམིགས་ཁག་ལ་བསྲེག་པའམ་ཐུག་ནས་ནང་གི་ནད་ཕྱི་རོལ་ནས་བཅོས་པའི་དཔྱད་ཀྱི་བཅོས་ཚུལ་ཞིག་ཡིན། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “དེ་ལྟར་དཔྱད་མཆོག་མེ་ཡི་ལག་ལེན་ཡང་།། སྲེག་བྱེད་མེ་འཕྲུལ་ཉི་ཤུ་རྩ་གསུམ་དུ།། ཡོད་ཀྱང་འདི་རུ་སྤྲ་མེ་གཙོ་བོར་བགྱིས།།”②ཞེས་དང་། 《རྒྱུད་》ལས། “ལུས་ཀྱི་ཕྱི་ནད་ནད་རྣམས་འབྱིན་པ་དང་།། ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ནོ།།”③ཞེས་གསུངས་སོ།།
གཅིག རྣ་རྩ་བལྟ་བའི་སྔོན་འགྲོ་དང་ཇི་ལྟར་བལྟ་བའི་དགོས་པ་བཤད་པ།
               1.རྣ་རྩ་བལྟ་བའི་སྔོན་འགྲོ། རྣ་རྩ་བལྟ་བའི་སྔོན་འགྲོ་ནི་བཙས་མ་ཐག་པའི་བྱིས་པ་མའི་ནུ་ཞོ་ཁོ་ནར་བརྟེན་ནས་འཚོ་བཞིན་ཡོད་པའི་ཨ་མའི་ཟས་སྤྱོད་ལ་དོ་སྣང་མ་བྱས་ན་བྱིས་པའི་རྣ་རྩ་བལྟས་ཏེ་ནད་ངོས་འཛིན་བྱེད་དཀའ་བའི་དབང་གིས་མ་བུ་གཉིས་ཀྱིས་ཟས་སྤྱོད་ལ་དོ་སྣང་བྱེད་རྒྱུ་གལ་ཆེ། རྣ་རྩ་བལྟ་བའི་སྔོན་འགྲོ་ནི་ལག་པའི་འཕར་རྩ་བལྟ་བའི་སྔོན་འགྲོ་དང་མཚུངས་པར་འདོད། ཅིའི་ཕྱིར་ཞེ་ན་རྣ་རྩ་བརྟག་ཚུལ། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “བུ་ལ་གཡས་ཀྱི་དང་པོ་མཚུན།། དེ་འོག་གློ་ལོང་གཉིས་ཀྱི་རྩ།། དེ་འོག་མཆིན་མཁྲིས་དེ་ཡི་འོག།མཁལ་མ་གཡས་བ་ལྒང་བའི་རྩ།། གཡོན་གྱི་དང་པོ་སྙིང་རྒྱུ་མ།། དེ་འོག་བླ་གནས་རྩ་སྟེ་བརྒྱད།། བུ་མོར་གཡོན་གྱི་དང་པོ་མཚུན།། གཡས་ཀྱི་དང་པོ་སྙིང་རྒྱུའི་རྩ།། གཡས་ཀྱི་ཐ་མ་བླ་གནས་འདོད།།”④ཞེས་གསུངས་འདུག་པ་རྩའི་བལྟ་ཚུལ་དང་མཐུན། ལག་པའི་འཕར་རྩ་བལྟ་ཚུལ། 《རྒྱུད་》ལས། “བལྟ་ཚུལ་ལག་པའི་སོར་མོ་མ་གྲངས་པའི།། འཇམ་ཞིང་མཉེན་ལ་དྲོད་དང་མཐུན་པ་ཡིས།། ཕོ་རྩ་གཡོན་དང་མོ་རྩ་གཡས་སུ་བརྟག། དང་པོ་ནད་པའི་ལག་གཡོན་སྨན་པའི་གཡས།། ཚོན་གྱི་འོག་ཏུ་སྙིང་དང་རྒྱུ་མའི་རྩ།། ཀན་གྱི་འོག་ཏུ་མཆེར་བ་ཕོ་བའི་རྩ།། ཆག་གི་འོག་ཏུ་མཁལ་གཡོན་བསམ་སེའུ་བརྟག། ནད་པའི་ལག་གཡས་སྨན་པའི་གཡོན་པས་བལྟ།། ཚོན་འོག་གློ་ལོང་ཀན་འོག་མཆིན་མཁྲིས་རྩ།། ཆག་འོག་མཁལ་མ་གཡས་དང་ལྒང་བ་བརྟག། མོ་ལ་ཚོན་རྩ་གཉིས་པོ་གཡས་གཡོན་ལྡོག། ཅི་ཕྱིར་གློ་སྙིང་གཡས་གཡོན་ཕྱོགས་མེད་ཀྱང་།། སྙིང་གི་རྩེ་མོ་དེ་ལྟར་བསྟན་པའི་ཕྱིར།། གཞན་རྣམས་གནས་ཀྱིས་བསྐལ་ཕྱིར་གོང་ལྟར་ངེས།།” ⑤ཞེས་གསུངས་སོ།། གཞན་བྱིས་པ་བཙས་ཉིན་ནས་ལོ་གཅིག་མ་ལོན་པ་ཕལ་ཆེར་མའི་ནུ་ཞོ་ཁོ་ནར་བརྟེན་པའི་ཕྱིར་མའི་ཟས་སྤྱོད་གཟབ་དགོས་པ་དང་། བྱིས་པ་ལོ་གཅིག་ལོན་ཀྱང་མའི་ནུ་ཞོ་བརྟེན་ན་མ་བུ་གཉིས་ཀའི་ཟས་སྤྱོད་གཟབ་དགོས་ལ། བྱིས་པའི་ནུ་ཞོ་སྤང་ཚེ་བྱིས་པ་ཁོ་ནས་གཟབ་པས་ཆོག 《རྒྱུད་》ལས། “ཞོ་འཐུང་དུས་ན་སྨན་དཔྱད་མ་ལ་བྱ།། ཟས་འདྲེས་དུས་མ་བུ་གཉིས་ཀ་ལ།། ཞོ་སྤངས་ཟས་ཟོས་དུས་ན་བུ་ལ་བྱ།།”⑥ཞེས་གསུངས་འདུག་ལ་རྣ་རྩ་བལྟ་བའི་སྔོན་འགྲོའང་དེ་དང་མཐུན་པར་མ་བུ་གཉིས་ཀ་འཛེམ་དགོས་པར་འདོད། ཟས་སྤྱོད་ཀྱི་སྔོན་འགྲོ་དེ་རབ་ཡིན་ན་ཞག་བདུན་ནམ་གསུམ་དང་། གཞན་ཡང་སང་ཞོགས་རྣ་རྩ་བལྟ་བར་དོ་ནུབ་ནས་ནད་པ་ནད་མེད་གང་ཡིན་ཡང་ཤ་ཆང་ལ་སོགས་དྲོད་བཅུད་ཆེ་བའི་བཟའ་བཏུང་དང་། མེ་དང་ཉི་མར་བསྟེན་དྲགས་པ། ལུས་སེམས་ཀྱི་བྱ་བ་དྲག་པོ་བྱེད་པ། སྔོ་ངད་དང་རུལ་སུངས་སོགས་འཇུ་དཀའ་བའི་རིགས་དང་། ཇ་དང་ར་ཕག་གི་ཤ། གཞན་དེང་རབས་ཀྱི་ཞོར་ཟས་དང་འཁྱག་ཟས་ཀྱི་རིགས། མདོག་འགྱུར་བཏུང་ཆུ་སྣ་ཚོགས་ཀྱིས་ནད་གཞི་གསར་དུ་འཁྲུགས་པར་འགྱུར་བས་སྤང་བར་བྱ། བསིལ་དྲོད་སྙོམས་པའི་བཟའ་བཏུང་ཡིན་ཡང་ཧ་ཅང་འགྲངས་དྲགས་པ་དང་ལྟོགས་དྲགས་པ། ཉལ་བོ་བྱས་པ། བྱ་ལས་ཀྱི་གཉིད་ཆགས་པ། ཁ་དོན་དང་སྨྲ་བརྗོད་མང་བ། མྱ་ངན་དང་ཡིད་མི་བདེ་བ་ལ་སོགས་པའི་སེམས་ལས་ཆེ་བ། འགྲོ་འདུག་ལ་སོགས་མཐའ་གཉིས་དང་ལྡན་པའི་ཟས་སྤྱོད་རྣམས་ལེགས་པར་བརྟག་པ་དེས་པོ་ནང་གི་འདུ་བ་རྣམ་གསུམ་མི་འཁྲུགས་ཤིང་གསལ་པོར་སྟོན་ནུས། དྲོད་བཅུད་དྲག་པོས་ནད་གྲང་བའང་ཚ་བ་ལྟར་སྣང་བར་བྱེད། འཇུ་དཀའ་བསིལ་ཆེས་པས་ནད་ཚ་བའང་གྲང་བ་ལྟར་བྱེད་པའི་ནད་གཞི་གསར་དུ་འཁྲུགས་པར་བྱེད་པ་དག་སྤང་དགོས། བྱིས་པ་རང་གི་ངོས་ཐལ་ནས་སྤྱོད་ལམ་ངུ་རུ་མི་གཞིག་གྲང་བར་མི་བྱའོ།
               2.རྣ་རྩ་བལྟ་བའི་དུས། རྣ་རྩ་བལྟ་བའི་དུས་ནི་ཉི་ཤར་གྱི་རྩེ་མོ་དང་རྟེན་འབྲེལ་གྱི་མགོ་མ་གསུངས་པ་ནང་བཞིན་ཞག་བསྡོད་ནད་པ་ཡིན་ཚེ་ལག་རྩ་བལྟ་བའི་དུས་དང་མཚུངས་ན་རབ་ཡིན་པར་འདོད། 《རྒྱུད་》ལས།“བལྟ་དུས་མཁའ་ལ་ཉི་ཤར་ཀླུངས་མ་ཕེབས།། ནང་དབུགས་དྲོན་མོ་ཕྱིར་མ་རྒྱུས་པ་དང་།། ཕྱི་དབུགས་དྲོན་མོ་ནང་དུ་མ་ཤོར་བ།། མལ་དུ་མ་འགུལ་ཁ་ཟས་མ་ཟོས་པས།།”⑦ཞེས་གསུངས་པ་བཞིན་ནད་པའི་ལུས་ཀྱི་དྲོད་ཚད་རང་མལ་དུ་གནས་པའི་ཚེ་ནད་ཅན་བྱིས་པའི་རྣ་ཅོག་ཆུ་དྲོད་འཇམ་གྱི་དག་པར་བཀྲུས་ལ་དར་གཙང་མས་ཕྱིས་རྗེས་བྱིས་པའི་ཁ་ཉི་འོད་དང་གློག་འོད་ལྟ་བུའི་འོད་ཆེན་པོ་ཞིག་ལ་ཁ་ཕྱོགས་ཏེ་སྨན་པའི་རྣ་བའི་རྒྱབ་ཕྱོགས་ནས་བལྟ་དགོས། འདིར་ཁ་ཟས་མ་ཟོས་པ་ནི་མའི་ཁ་ཟས་མ་ཟོས་པ་དང་བྱིས་པར་ནུ་ཞོ་མ་བསྣུན་པ་ཡིན་དགོས། མའི་ནུ་ཞོ་བསྣུན་པ་དང་བྱིས་པ་ངུ་དྲགས་པའི་རྐྱེན་གྱིས་ལུས་ཀྱི་དྲོད་ཚད་རྒྱས་ཏེ་ཚ་བའི་ནད་དུ་མངོན། ལུས་གྲང་བའི་རྣ་རྩ་དེར་གྲང་བའི་རྟགས་མངོན་པ་ཡིན་པས་དེར་གཟབ་དགོས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “རྣ་བ་ཤ་ཡི་མེ་ལོང་དེ།། ཆུ་ཡིས་བཀྲུས་ལ་དར་གྱིས་ཕྱི།། སྔ་དྲོ་ཉི་འོད་གསལ་བ་ལ།། རྣ་མདུན་བསྟན་ལ་རྒྱབ་ནས་བལྟ།།”⑧ཞེས་གསུངས་སོ།། གཞན་སྒོ་བསྟེན་ནད་པ་ཡིན་ན་ནད་པ་ཐོན་མ་ཐག་ཏུ་མི་བལྟ་བར་བསིལ་དྲོད་སྙོམས་པའི་ཁང་མིག་ལྟ་བུར་མ་བུ་གཉིས་ཀྱི་ངལ་གསོ་རན་ཙམ་བྱས་པའི་རྗེས་སུ་རྣ་བ་སྔར་བཞིན་བཀྲུས་ལ་རྣ་རྒྱབ་ནས་བལྟ་དགོས། བལྟ་མཁན་སྨན་པའང་ལྟོ་ཆག་གཉིད་ཆག་དང་ལུས་ངག་ཡིད་གསུམ་གྱི་བྱ་ལས་ཆེ་བ་མ་ཡིན་པ་དང་། མིག་གི་མཐོང་ཤེད་ཀྱི་ཚད་རྒྱུན་ལྡན་ཡིན་ལ་བློ་སེམས་གནད་དུ་ཕབ་པ། ཆང་རག་སོགས་མི་འཐུང་མཁན་ཞིག་ཡིན་དགོས།
               3.རྣ་རྩ་ངོས་འཛིན་ཚུལ། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “བུ་ལ་གཡས་ཀྱི་དང་པོ་མཚུན།། དེ་འོག་གློ་ལོང་གཉིས་ཀྱི་རྩ།། དེ་འོག་མཆིན་མཁྲིས་དེ་ཡི་འོག། མཁལ་མ་གཡས་དང་ལྒང་བའི་རྩ།། གཡོན་གྱི་དང་པོ་སྙིང་རྒྱུ་མ།། དེ་འོག་ཕོ་མཆེར་དེ་འོག་ནི།། མཁལ་མ་གཡས་དང་བསམ་སེའི་རྩ།། དེ་འོག་བླ་གནས་རྩ་སྟེ་བརྒྱད།། བུ་མོར་གཡོན་གྱི་དང་པོ་མཚུན།། གཡས་ཀྱི་དང་པོ་སྙིང་རྒྱུའི་རྩ།། གཡས་ཀྱི་ཐ་མ་བླ་གནས་འདོད།།”⑨ཞེས་དང་། 《གཞན་འཇུ་མི་ཕམ་གྱི་སྨན་ཡིག་ཕྱོགས་བསྒྲིག་》ལས། “གཡས་གཡོན་རྣ་བའི་རྩ་ལྔ་རེ་ཡོད་ན་ཀུན་གྱི་དང་པོ་མཚུན་རྩ། ཐ་མ་བླ་རྩ་ཡིན། ལྔ་ལས་མང་ན་རྩ་ལྷག་ཏེ་མི་བརྩི། བར་གྱི་གསུམ་པོ་དོན་སྣོད་ཀྱི་རྩ་ཡིན། སྐྱ་ཆག རྩ་ཁུག འཛེར་པ། གྲུ་གསུམ་དོད་པ་འདྲ་བ་སོགས་རྩ་སྐྱོན་ཡིན་”ཞེས་གསུངས། 《བྱིས་པ་གསོ་བ་》ལས། “ཐོག་མར་རྣ་རྩ་བརྟག་པ་ནི།། རྣ་མདུན་ཉི་མ་ལ་བསྟན་ནས།། རྒྱབ་ནས་བལྟས་ཏེ་བྱིས་པ་ཡི།། རྣ་བ་གཡོན་ལ་རྩ་གསུམ་སྟེ།། དང་པོ་བར་མ་ཐ་མ་གསུམ།། རིམ་པས་སྙིང་མཆེར་མཁལ་གཡོན་ནོ།། རྣ་བ་གཡས་ལ་རྩ་གསུམ་སྟེ།། གློ་མཆིན་མཁལ་གཡས་གོང་བཞིན་སྦྱར།། མོ་ལ་གློ་སྙིང་གཉིས་པོ་ལྡོག།” ཞེས་གསུངས་པ་དང་། གཞན་ཡང་། “དང་པོ་རྣ་བ་གཡོན་པ་བལྟ།། བུ་མོ་རྣ་བ་གཡས་ལ་བལྟ།། གཉིས་ཀ་དེ་རྗེས་གཅིག་ཤོས་བལྟ།། ཕོ་མོ་གཡས་གཡོན་ཁྱད་དེ་བལྟ།། ཅི་ཞིག་ཞེ་ན་སྙིང་རྩེའི་ཕྱོགས།། ཕོ་གཡོན་མོ་གཡས་བསྟན་པའི་ཕྱོགས།། སྙིང་རྩ་གནས་ཕྱིར་དེ་ནས་བཙལ།། དེ་ལས་ཁྱད་གཞན་མ་མཆིས་སོ།།”⑩ཞེས་སོ།། དེ་ཡང་བུ་ཚར་དང་པོ་རྣ་བ་གཡོན་པར་བལྟ་བ་དང་། བུ་མོར་རྣ་བ་གཡས་པ་ལ་བལྟ། དེ་རྗེས་ཕོ་མོ་གཉིས་ཀའི་རྣ་བ་གཅིག་ཤོས་ལ་བལྟ་བར་བྱ་སྟེ། བལྟ་ཕྱོགས་ལ་ཕོ་མོ་གཡས་གཡོན་གཉིས་ཀྱི་ཁྱད་པར་ཡོད་པ་དེ་ནི་ཅིའི་ཕྱིར་ཡིན་ཞེ་ན། སྙིང་རྩའི་ཕྱོགས་དེ་ཕོ་ལ་གཡོན་དང་མོ་ལ་གཡས་སུ་བསྟན་ཡོད་པ་དེའི་ཕྱོགས་སུ་སྙིང་རྩ་ཡང་གནས་ཡོད་པའི་ཕྱིར་དེ་ཕྱོགས་ནས་རྣ་རྩ་དེ་དག་བཙལ་དགོས་པ་དེ་ལས་ཁྱད་པར་གཞན་མ་མཆིས་སོ།། ཕོ་མོ་གཉིས་ཀྱི་རྣ་རྩ་གཡས་གཡོན་གོ་ལྡོག་དགོས་ཚུལ་དང་། དོན་སྣོད་ཀྱི་འབྲེལ་ཚུལ་ནི་ལག་རྩ་བལྟ་ཚུལ་དང་འདྲ་ལ་ཕོ་མོ་གོ་ལྡོག་དགོས་པའི་རྒྱུ་མཚན་《བཻ་སྔོན་》ལས། ཅིའི་ཕྱིར་ཞེ་ན་གློ་བ་དང་སྙིང་སྐྱེས་པ་དང་བུད་མེད་ལ་གཡས་གཡོན་ཕྱོགས་ཉེ་རིང་གི་ཁྱད་པར་མེད་ཀྱང་སྐྱེས་པ་ལ་སྙིང་གི་རྩེ་མོ་གཡོན་ལ་ཉེ་བའམ་བུད་མེད་ལ་སྙིང་གི་རྩེ་མོ་གཡས་སུ་གནས་པའི་བརྟག་ལུགས་དེ་ལྟར་དུ་བསྟན་པའི་ཕྱིར་⑾དང་། དོན་སྣོད་སོ་སོའི་ཁམས་རྟེན་འབྲེལ་གྱི་དབང་གིས་འབྲེལ་ལ། དེ་ཡང་སྙིང་ནི་སེམས་དང་ནམ་མཁའི་དྭངས་མ་མེ་ཁམས་ཡིན་ལ། དེ་དང་རྒྱུ་མ་ཟས་སྐོམ་གྱི་སྙིགས་མ་གསོག་པའི་སྣོད་ཡིན་ཕྱིར་འབྲེལ། མཁལ་མ་ཆུ་ཁམས་དྭངས་མའི་རྟེན་ཡིན་པས་གཙོ་བོ་གཡས་དང་ལྒང་བ་དྲི་ཆུའི་སྣོད་ཡིན་ཕྱིར་འབྲེལ། གློ་བ་ལྕགས་ཁམས་དབུགས་ཏེ་རླུང་གི་རྟེན་ཡིན་ལ་ལོང་རླུང་གིས་བསྡུས་པའི་ཟས་རོ་གསོག་པའི་སྣོད་ཡིན་པས་འབྲེལ། མཆིན་པ་ཤིང་ཁམས་ཀྱི་རྟེན་མཁྲིས་པ་ཚ་བ་ཐམས་ཅད་ཀྱི་མ་མེ་འབྱུང་གཞི་ཤིང་ལྟ་བུ་དང་མེ་ལྟར་ཚ་བའི་དྭངས་མའི་སྣོད་ཡིན་པས་འབྲེལ། བསམ་སེ་འདུས་པའི་ཁམས་ཐམས་ཅད་དང་འབྲེལ་བའི་དྭངས་སྙིགས་གཉིས་ཀའི་སྣོད་ཡིན་ཡང་མཁལ་མ་གཡོན་དང་ཉེ་བའི་ཕྱིར་འབྲེལ། གོང་གི་སྙིང་གི་རྩེ་མོ་དེ་ལྟར་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རོ་རྐྱང་གི་གནས་ཚུལ་ནི་སྐྱེས་པ་དང་བུད་མེད་ལ་ཁྱད་པར་མེད་ཀྱང་སྙིང་གི་རྩེ་མོར་ཡིད་འཇུག་གི་བུ་ག་ཡོད་པ་དེ་སྐྱེས་པ་ཐབས་ཀྱི་རང་བཞིན་ཡིན་པས་རྐྱང་མ་ལ་གཏོད། བུད་མེད་ཤེས་རབ་ཀྱི་རང་བཞིན་ཡིན་པས་རོ་མ་ལ་བལྟ་བར་གསང་སྔགས་ལས་གསུངས་སོ།། དེས་ན་རྣ་ཅོག་གི་རྩ་དེའང་ཕོ་མོ་གཉིས་གཡས་གཡོན་གོ་ལྡོག་སྟེ་བལྟ་དགོས་པ་ནི་བུ་ལ་གཡོན་གྱི་དང་པོ་སྙིང་དང་རྒྱུ་མའི་རྩ་ཡིན་ལ་བུ་མོར་གཡས་ཀྱི་དང་པོ་སྙིང་དང་རྒྱུ་མའི་རྩ་ཡིན་པ་མ་གཏོགས་གཞན་རྣམས་གཅིག་མཚུངས་ཡིན།
               4.རྣ་རྩའི་བཟང་ངན་བལྟ་ཚུལ།
               (1)རྣ་རྩ་བཟང་བའི་རྟགས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “རྩ་བཀྲག་མདངས་དམར་ལ་གསལ་བ་དང་།། དམར་སེར་ཤིན་ཏུ་དྭངས་པ་དང་།།དམར་སྨུག་དྭངས་དང་སྐྱ་ལ་གསལ།། རྩ་བ་སྦོམ་ལ་སྐེད་པ་རགས།། རྩེ་མོ་རྣོ་བ་བཟང་བ་ཡིན།། དར་དམར་སྐུད་པ་ཆུ་ནང་ནས།། དྲངས་པ་འདྲ་ལ་ལྕུམ་ལོ་ལ།། ངར་པའི་རྒྱབ་རྩེ་གྱེས་འདྲ་བཟང་།། རྒྱ་སྐྱེགས་ནག་ཐིག་དམར་ཐིག་གསུམ།། མེད་ཅིང་གསལ་ལ་དྲང་ན་བཟང་།།”⑿ཞེས་པ་ལྟར། རྣ་བ་འཇམ་ཞིང་མཉེན་ལ་བཀྲག་མདངས་ལྡན་པ།དམར་སེར་མདོག་རན་ལ་ཤིན་ཏུ་དྭངས་བ། ཁ་མདོག་གསལ་ལ་སྟེང་གི་ཁྲག་རྩའི་རྒྱས་ཚུལ་གསལ་པོར་མངོན་པ།རྩའི་རྩ་བ་སྦོམ་ལ་རྐེད་པ་ཅུང་ཙམ་ཕྲ་བ། རྩེ་མོ་དེ་ལས་ཀྱང་ཕྲ་ལ་རྣོ་བ་ཡིན་ན་བཟང་། དར་དམར་པོ་ཆུའི་ནང་དུ་དྲང་པོར་འཕང་བ་འདྲ་ལ་ཤིང་ལོ་རྒྱས་པ་ལྟ་བུ་བཟང་། རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུའི་ནག་ཐིག་དང་དམར་ཐིག་ལ་སོགས་མི་སྣང་བར་གསལ་ལ་དྭངས་ན་བཟང་བའི་རྟགས་ཡིན།
               (2)རྣ་རྩ་ངན་པའི་རྟགས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “རྩ་མདོག་སྨུག་ནག་འདྲེས་པ་དང་།། སྔོ་ལ་ནག་དང་སྐྱ་ལ་སེར།། དམར་ནག་འདྲེས་དང་ནག་ལ་རྒྱས།། དེ་རྣམས་བྱུང་ན་ངན་པ་ཡིན།། མདོར་ན་བཟང་མཚན་གང་བཤད་པ།། དེ་ལས་ལྡོག་པ་ནམ་ཡང་ངན།།” ཞེས་གསུངས་པ་དང་། གཞན་ཡང་། “རྩ་མགོ་ཐུར་དུ་འགུགས་ན་ངན།། རྩ་རྣམས་འཛིངས་འཐབ་ཤིན་ཏུ་ངན།།”⒀ཞེས་སོ།། རྩ་མདོག་མི་གསལ་བར་ནག་ལ་སྨུག་པ་དང་སྔོ་ནག་སྐྱ་སེར་ལ་སོགས་པ་བྱུང་ན་ངན་པ་ཡིན་ལ། མདོར་བསྡུས་ནས་བཤད་ན་གོང་གི་བཤད་པའི་བཟང་བའི་རྟགས་མཚན་ལས་གོ་ལྡོག་པ་ཐམས་ཅད་ངན་པའི་རྟགས་ཡིན་ནོ།།
གཉིས། ནད་ཅན་དང་ནད་མེད་ཀྱི་རྣ་རྩ་བལྟ་བའི་ཚུལ་བཤད་པ།
               1.ནད་མེད་ཀྱི་རྣ་རྩ། 《བྱིས་པ་གསོ་བ་》ལས།“རྩ་ནི་དམར་ལ་ཤན་པ་དང་།། མདོག་དམར་ཤིང་ལོ་རྒྱས་པ་ན།། ནད་མེད་པ་ཡི་རྟགས་སུ་འདོ།།”⒁ཞེས་པ་སྟེ། རྣ་རྩའི་ཁ་མདོག་དམར་ལ་རྩ་རྒྱུད་ཕྲ་སྤོམ་སྙོམས་པ། ཤིང་ལོ་རྒྱས་པ་ལྟར་བྱུང་ན་ནད་མེད་པའི་རྟགས་ཡིན་ནོ།།
               2.ཚ་བའི་རྣ་རྩ། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “རྩ་ནག་ལ་རྒྱས་ན་ཚ་བ་ཡིན།།” ⒂ཞེས་སྙིང་རྒྱུ་སོགས་དོན་སྣོད་བཅུ་གཉིས་ཀྱི་རྣ་རྩ་གང་ཡིན་ཡང་ནག་ལ་རྒྱས་ན་ཚ་བའི་རྩ་ཡིན།
               3.གྲང་བའི་རྣ་རྩ། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “སྔོ་སྐྱ་སེར་གསུམ་གྲང་བ་སྟེ།། རྒྱས་དང་སྟོང་བ་ཇི་ལྟར་ཡང་།། གྲང་བ་མ་གཏོགས་གཞན་མ་ཡིན།།”⒃ཞེས་རྩ་མདོག་ནག་ལ་རྒྱས་པ་མ་ཡིན་པའི་སྔོ་སྐྱ་སེར་གསུམ་པོ་གང་རྒྱས་པ་དང་སྟོང་པ་གང་བྱུང་ཡང་གྲང་བའི་ནད་ལས་གཞན་མ་ཡིན།
               4.རྣ་རྩ་ཉེས་པ་གསུམ་པོའི་དབྱེ་ཚུལ། 《བྱིས་པ་གསོ་བ་》ལས། “རླུང་གི་རྩ་ནི་སྟོང་ལ་སྔོ།། སེར་ལ་སྤུན་ན་མཁྲིས་པའི་ནད།། དཀར་རམ་སྐྱ་སྤོམ་བད་ཀན་ནད།།” ⒄ཞེས་པ་སྟེ་རླུང་གི་རྩ་ནི་སྟོང་ལ་སྔོ་བ་དང་། སེར་ལ་སྤུན་པ་སྟེ་གཉིས་གཤིབ་བྱུང་ན་མཁྲིས་པའི་ནད། དཀར་རམ་སྐྱ་སྤོམ་བྱུང་ན་བད་ཀན་གྱི་ནད་ཡིན་ནོ།།
               5.རྣ་རྩ་དུས་ཚིག་གི་དབྱེ་ཚུལ། 《བྱིས་པ་གསོ་བ་》ལས། “འོན་ཀྱང་དུས་བཞིའི་དབྱེ་བ་ཡིས།། རྩ་ལ་ཁ་དོག་བཞི་འབྱུང་སྟེ།། དཔྱིད་རྩ་སྐྱ་ལ་དབྱར་རྩ་སྔོ།། སྟོན་རྩ་ནག་ལ་དགུན་རྩ་དམར།། དུས་བཞིའི་མདོག་དང་གཞན་མ་ནོར།།”⒄ཞེས་པ་དེ་གནམ་ཟླ་དུས་བཞིའི་དབང་གིས་དབྱེ་ཚུལ་རྣ་རྩ་ལ་ཁ་དོག་བཞི་རུ་འབྱུང་བ་སྟེ། ནམ་ཟླ་དཔྱིད་ཀྱི་དུས་སུ་སྤྱིར་བཏང་རྣ་རྩའི་ཁ་དོག་སྐྱ་བོ་ཡིན་པ་དང་། དབྱར་དུས་སུ་སྔོན་པོ། སྟོན་གྱི་དུས་སུ་རྣ་རྩའི་ཁ་དོག་ནག་པོ་ཡིན་ལ་དགུན་དུས་སུ་རྣ་རྩའི་ཁ་དོག་དམར་པོ་ལྟ་བུས་དུས་བཞིའི་མདོག་དང་གཞན་པ་མ་ནོར་བ་དགོས།
གསུམ། རྣ་རྩ་བསྲེག་རུང་མི་རུང་བའི་ནད་གཞི་དང་མི་རུང་བའི་དུས་བཤད་པ།
               1.བསྲེག་རུང་བའི་ནད་གཞི། 《རྒྱུད་》ལས། “མེ་བཙའ་གདབ་དུ་རུང་བའི་ནད་གཞི་ནི།། མ་ཞུ་མེ་ཉམས་སྐྱ་རྦབ་དམུ་ཆུ་སྐྲན།། གྲང་མཁྲིས་མགོ་དང་ཡན་ལག་ཆུ་སེར་དང་།། འབྲས་དང་ལྷོག་པ་སྟོངས་པའི་ཚ་བ་དང་།། སྨྱོ་བྱེད་བརྗེད་བྱེད་རྩ་ནད་ཐམས་ཅད་དང་།། ཚ་རྗེས་ཕལ་ཆེར་མེ་ཡིས་བཅད་པ་སྟེ།། མདོར་ན་བད་རླུང་ལས་གྱུར་གྲང་བ་ཀུན།། རྩ་ནད་ཆུ་སེར་མེ་ཡིས་བསྲེག་པ་བསྔགས།།”⒅ཞེས་གསུངས། གྲང་བའི་ནད་རིགས་སྤྱི་དང་ལྷག་པར་དུ་གྲང་བའི་འཁྲུ་བ། འཇུ་སྟོབས་མི་ལེགས་པ། བྱིས་པའི་ཆུང་སྲི། གྲིབ་སྐྱོན་གྱི་ནད། ལུས་ཟུངས་ཟད་པ་དང་སྒྱིད་ལུག་པ། སྐྲག་སྣང་སྐྱེ་བ། ཟས་ཐོག་སྐྱུགས་པ། ལང་གོག་དལ་བ། ལྟེ་ནད། གློ་བུར་དུ་བརྒྱལ་བ། མཚན་མོར་ངུ་བའམ་གཉིད་མི་བདེ་བའི་ནད་རིགས་སོགས་ལ་ཕན། རྣ་རྩ་ཁོ་ན་བསྲེག་པས་གོང་གི་ནད་ཐམས་ཅད་ལ་ཕན་པ་ཞིག་མ་ཡིན་པར་རྣ་རྩ་གཞིར་བཟུང་བའི་ཐོག་གཞན་སྐྱོར་རྩ་དང་ཕོ་གསང་ལྟ་བུའི་གསང་དམིགས་དང་བསྡེབས་ན་ཕན་པ་མངོན་གསལ་ཡིན། མདོར་ན་དབང་པོ་གསལ་ཞིང་ཕྱི་ཚད་ཆུང་བའི་ནད་རིགས་ལ་བསྲེག་ཆོག
               2.བསྲེག་མི་རུང་བའི་ནད་གཞི། 《རྒྱུད་》ལས།“མི་རུང་མཁྲིས་ཚད་ཁྲག་ནད་ཐམས་ཅད་དང་།། དབང་པོའི་སྒོ་དང་ཕོ་མོའི་སྲིད་རྩར་སྤང་།།”⒆ཞེས་གསུངས། ཕྱི་ཚད་ཆེ་ཞིང་ཤེས་པ་འཐིབ་པའི་ནད་རྣམས་ཕལ་ཆེར་ཚ་བར་གཏོགས་པའི་བསྲེག་མི་རུང་ཡང་། སྟོང་པའི་ཚ་བ་དང་ཚ་བའི་རྗེས་གཅོད་པ། སྐབས་རེར་ལོག་གནོན་གྱི་ཚུལ་དུ་བསྲེག་ན་ཆོག་པའི་ནད་འགའ་རེའང་ཡོད་སྲིད་པས་ན་དེ་ནད་བབ་དང་བསྟུན་ཏེ་རིག་པས་དཔྱད་རྒྱུ་གལ་ཆེ།
               3.བསྲེག་མི་རུང་བའི་དུས། 《སྙན་རྒྱུད་བེ་བུམ་ནག་པོ་》ལས། “ཁ་ཆར་བུ་ཡུག་དུས་སུ་ནི།། མེ་བཙའ་མི་བསྲེག་སོ་ཁ་འདྲ།།” ⒇ཞེས་གསུངས་འདུག་ལ། གཞན་རྩིས་ཀྱི་གཙུག་ལག་གཟའ་སྐར་སྤར་མེ་སོགས་དང་། དེ་བཞིན་བླ་གནས་དང་རིགས་ལྡན་གྱི་དུས་སུ་བསྲེག་མི་རུང་ངོ་།།
བཞི། རྣ་རྩ་ཇི་ལྟར་བསྲེག་པའི་ཚུལ་དང་རྗེས་གཅོད་བཤད་པ།
               1.བསྲེག་པའི་ཚུལ། མེ་བཙའ་ལ་བཙོ་བསྲེག་བསྲོ་དང་བསྡིག་པ་བཞི་ཡོད་ལ་བྱིས་པར་བསྡིག་པ་གཙོ་ཆེར་སྤྱོད་དགོས། འོན་ཀྱང་འདི་སྤྲ་མེ་བཞག་པ་མ་ཡིན་པས་བསྡིག་ན་སྟབས་མི་བདེ་བའི་བསྲེག་མི་དྲགས་པར་སྤོས་མེ་ཐུག་རེག་ཙམ་གྱིས་ཆོག ཐེངས་གཅིག་བསྲེག་པས་མ་ཕན་ན་ཉིན་འགའ་འགོར་རྗེས་ཡང་བསྐྱར་བསྲེག་ན་ཆོག་སྙམ།《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “ཆུ་སེར་ཁྲག་གི་ནད་དང་བྱིས་པར་བསྡིག། གང་ཡང་གཅིག་སྟེང་གཅིག་ནན་གྲང་བར་བསྐྱར།།” ﹙21﹚ ཞེས་གསུངས་སོ།།
               2.བསྲེག་པའི་ཕན་ཡོན།  《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ་》ལས། “འོན་ཀྱང་གང་ཉེ་གང་རྒྱས་གཏར་བར་ཤེས།།”﹙22﹚ཞེས་གཏར་ཁའི་སྐབས་སུ་གསུངས་འདུག་པ་ཇི་བཞིན་རྣ་རྩའང་གང་རྒྱས་པའི་རྩ་རྣམས་སྤོས་མེས་བསྲེག་ན་ཕན་པ་ཆེ། དགོས་སུ་གདོན་རྩ་དང་ཕོ་བའི་རྩ། རྒྱུ་མའི་རྩ་ལྟ་བུ་བསྲེག་ན་བཟང་ལ་བསྲེག་པའི་སྐབས་སུ་ཏོག་སྒྲ་ཐོན་ཚེ་ཕན་པ་དངོས་སུ་འབྱུང་བ་རང་གི་མཉམ་མྱོང་ཡིན། 《རྒྱུད་》ལས། “ཏོག་ཐོན་སྤྲ་བ་ཡར་ན་ཕན་ཆེར་འདོད།།” ﹙23﹚གསུངས་སོ།།
               3.བྱེ་བྲག་གི་ཆོ་ག 《རྒྱུད་》ལས། “སྤྲ་བ་བཞག་ལ་མེ་སྤར་སྐྱབས་འགྲོ་བྱ།།” ﹙24﹚ཞེས་གསུངས། རྣ་རྩ་བསྲེག་པ་འདི་མེ་བཙའི་ཁོངས་སུ་འདུ་བའི་མེ་བསྲེག་སྟ་གོན་དུས་ལ་སྐྱབས་འགྲོ་བྱ་དགོས།
               4.བསྲེག་ལེགས་པའི་རྟགས། 《གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིགས་》ལས། “ལེགས་པའི་མཚན་མ་ཁྲག་མི་འབྱུང་།། སྒྲ་ཅན་ཆུ་བུར་ཕྲེའུ་འབྱུང་།། ཏ་ལའི་འབྲས་སྨིན་ཐི་བ་འདྲ།། ན་བ་ཆུང་ཞིང་འཚོ་བ་སླ།།” ﹙25﹚ ཞེས་མེ་བཙའ་ལེགས་པའི་མཚན་མའམ་རྟགས་ནི་ཁྲག་མི་འབྱུང་ཞིང་ཆོད་པ་དང་། གནས་ཏེ་སྒྲ་ཅན་དུ་གནས་ཤིང་ཆུ་བུར་གྱི་ཕྲེའུ་འབྱུང་བ་སྟེ། ཁྲག་ལས་མདོག་འདྲ་བ་དང་ན་བའི་ཚབས་ཆུང་ཞིང་རྨ་འཚོ་བ་སླ་བའོ།།
               5.བསྲེག་ཉེས་པའི་རྟགས་དང་ཉེས་པ་སེལ་ཐབས། 《གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིགས་》ལས། བསྲེག་ཉེས་ཆུ་བུར་ཆེ་རབ་ཚ།། ཞེས་བྱ་ལ། བསྲེག་ཉེས་པ་ནི་ཆུ་བུར་ཤིན་ཏུ་ཆེ་བ་དང་། མི་བཟོད་པར་རབ་ཏུ་ཚ་བ་ཡིན། གལ་ཏེ་བསྲེག་ཉེས་བྱུང་ན་སིན་དྷུར་སྣུམ་དང་སྦྱར་བ་བྱུག་དགོས། 《རྒྱུད་》ལས། “སིན་དྷུར་ཡིས་རྩ་ཚད་དོན་རྨ་གསོ།། རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན།།” ﹙26﹚ཞེས་གསུངས་སོ།།
               6.བསྲེག་པའི་རྗེས་གཅོད། 《གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིག་》ལས། “ལེགས་བསྲེགས་མར་དང་སྦྲང་རྩི་བསྐུ།། སྣུམ་དང་བསིལ་བས་བྱུག་པར་བྱ།།”﹙27﹚ཞེས་བྱ་བ་ལ། ནད་ཀྱི་གནས་ལེགས་པར་བསྲེག་པ་ནི་བ་མར་དང་སྦྲང་རྩི་གཉིས་བསྐུས་ནས། དེའི་འོག་ཏུ་མར་དང་ཤིང་མངར་ལ་སོགས་པའི་ལྡེ་གུ་བསྐུ་ཞིང་བྱུག་པར་བྱའོ།། 《རྒྱུད་》 ལས།“ཕྱི་རྗེས་མེ་ཤི་སྤྲ་གྲངས་འཐེབ་རྒྱབ་གདབ།། གོམ་ལ་འགའ་བཅག་དེ་ནུབ་ཆུ་མི་བཏུང་།། བཅགས་པས་ལུས་བརྟས་ཆུ་འཐུངས་མེ་དཔལ་གསོད།།”﹙28﹚ ཞེས་དང་། 《གསོ་བྱེད་ཐབས་》ལས། “ཟས་ནི་ཡང་ཞིང་འཇུ་སླ་སྦྱིན་པ་དང་།། སྤྱོད་ལམ་ངུ་རུ་མི་གཞུག་གྲང་མི་བྱ།།”﹙29﹚ཞེས་སོ།། ཞོ་འཐུང་དུས་སུ་མ་བུ་གཉིས་ལ་འཛེམ་པ་དང་ཞོ་སྤང་དུས་སུ་བུ་ལ་འཛེམ། བསྲེག་ཉིན་དེར་ཁྲུས་སོགས་སྤང་ལ་རྣ་བ་ཕུར་མཉེ་དྲགས་པོ་མི་བྱ་རྨ་རུ་འགྲོ་ཉེན་ཆེའོ།།
ལྔ། མཇུག་བསྡུ་བ།
               དེང་གི་དུས་འདིར་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་བརྟག་བཅོས་ཀྱི་ཐབས་འདི་དག་ཤེས་མཁན་ཉུང་ལ་མི་ཤེས་པ་ཚོས་གཙིགས་ཆེན་དུ་མི་འཛིན་པ། གཏིང་ཟབ་ཏུ་སློབ་སྦྱོང་མི་བྱེད་པ་མ་ཟད་སྨན་པ་མང་ཆེ་བའི་ཕྱི་ལུགས་གསོ་རིག་གི་འཕྲུལ་ཆས་ཀྱི་བརྟག་ཐབས་ལ་བརྟེན་ཡོད་པས་འཕྲུལ་ཆས་ཀྱི་ཆ་རྐྱེན་མ་འཛོམས་ན་ནད་གཞི་བརྟག་པའི་ཐབས་མེད་པ་ལྟ་བུའི་གནས་ཚུལ་བྱུང་དང་འབྱུང་བཞིན་འདུག 
               ཁོ་བོས་བསམ་ཚུལ་ལྟར་ན་བོད་ལུགས་གསོ་བ་རིག་པའི་རྒྱུད་འཛིན་པ་ཚོས་ཀྱང་དེང་རབས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་དེང་རབས་གསོ་རིག་གི་ལེགས་པའི་ཆ་བསྡུ་ལེན་བྱས་ཏེ་བོད་ལུགས་གསོ་རིག་གི་ནད་གཞི་བརྟག་ཐབས་ལ་གཞོག་འདེགས་ཀྱི་ཚུལ་དུ་བཀོལ་ན་འཚམ་པར་འདོད་པ་ལས། བོད་རང་གི་ཐུན་མོང་མ་ཡིན་པའི་བརྟག་བཅོས་ཀྱི་ཚུལ་རྒྱབ་ཏུ་སྐྱུར་ནས་ཡོད་ཚད་གཞན་གྱི་རྗེས་སུ་འབྲང་ན་ཡིད་འཕང་བའི་གནས་ཚུལ་ཞིག་དང་རྩ་བ་བོར་ནས་ཡལ་ག་འཛིན་པའི་དཔེ་ལས་གཞན་མ་མཆིས་བསམ། མདོར་བསྡུས་ན་བོད་ལུགས་གསོ་བ་རིག་པ་འདི་ལ་སྨན་པའི་ནད་རིགས་བརྟག་པའི་ཐབས་དང་ནད་གཞི་བཅོས་པའི་ཚུལ་སྟབས་བདེ་ཞིང་། གཏར་ཁ་དང་མེ་བཙའི་བཅོས་ཐབས་འདིས་ལུས་ཀྱི་ནང་ན་གནས་པའི་ནད་ལུས་ཀྱི་ཕྱི་ནས་ཞི་བར་བྱེད་ཐུབ་པ་མ་ཟད། ཕྱི་ལུགས་གསོ་རིག་གི་གཤགས་བཅོས་ལྟ་བུའི་ན་ཟུག་དང་འཇིགས་རྔམ་ཆུང་། ནད་པར་དཔལ་འབྱོར་གྱི་འགྲོ་སྒོ་ཆུང་ལ། བོད་སྨན་འཐུང་ན་གཅོང་ནད་ལྟ་བུའི་བཅོས་དཀའ་ནད་ཀྱི་གཏིང་འདོན་ཐུབ་པ།ནད་གཞི་སླར་ལྡང་བ་ཉུང་ལ་སྨན་གྱི་ཞོར་སྐྱོན་ཆུང་བ་ལ་སོགས་པའི་དགེ་མཚན་མང་པོ་མཆིས་པའི་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་བརྟག་བཅོས་ཀྱི་ཐབས་ལམ་འདི་དག་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་གྱི་ཚུལ་དུ་བྲིས་བ་དགེ་གྱུར་ཅིག
མཆན་འགྲེལ།
               ①དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོར་པར་དུ་བསྐྲུན། p256
               ②④དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོར་པར་དུ་བསྐྲུན། p619 p258
               ③⑤⑥གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། 《གསོ་རིག་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར་པར་དུ་བསྐྲུན། p78 p559 p366
               ⑦གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། 《གསོ་རིག་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར་པར་དུ་བསྐྲུན། p559
               ⑧⑨དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོར་པར་དུ་བསྐྲུན། p256 p258
               ⑩བཅོས་སྒྲིག་མ། གཙོ་སྒྲིག་པ། དྲི་མེད་འོད་ཟེར། 《བྱིས་པ་གསོ་བ》 མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་5པར་པེ་ཅིན་དུ་པར་ཐེངས་3པ་བརྒྱབ། p167
               ⑾སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས། 《བཻ་སྔོན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར་པར་དུ་བསྐྲུན། p1177
               ⑿དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོར་པར་དུ་བསྐྲུན། p256
               ⒀⒂⒃དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོར་པར་དུ་བསྐྲུན། p257 p261 p261
               ⒁⒄⒅བཅོས་སྒྲིག་མ། གཙོ་སྒྲིག་པ། དྲི་མེད་འོད་ཟེར། 《བྱིས་པ་གསོ་བ》 མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ་5པར་པེ་ཅིན་དུ་པར་ཐེངས་3པ་བརྒྱབ། p167 p190 p167
               ⒆གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། 《གསོ་རིག་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར་པར་དུ་བསྐྲུན། p637
               ⒇(24)(25)གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། 《གསོ་རིག་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར་པར་དུ་བསྐྲུན། p637 p637 p636
               (21)བྷ་རོ་ཕྱག་རྡུམ་སོགས་ཀྱིས། 《སྙན་རྒྱུད་བེ་བུམ་ནག་པོ》 མི་རིགས་དཔེ་སྐྲུན་ཁང་། p614
               (22)(23)དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས། 《གསོ་རིག་གཅེས་བསྡུས་རིན་ཆེན་འཕྲེང་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོར་པར་དུ་བསྐྲུན། p618 p605
               (26)རྡོ་རྗེ་རྒྱལ་པོས་བདམ་བསྒྲིག་བྱས། 《གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིག》 མི་རིགས་དཔེ་སྐྲུན་ཁང་། 1989ལོར་པར་དུ་བསྐྲུན། p692
               (27)(29)གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས། 《གསོ་རིག་རྒྱུད་བཞི》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོར་པར་དུ་བསྐྲུན། p767 p637
               (28)རྡོ་རྗེ་རྒྱལ་པོས་བདམ་བསྒྲིག་བྱས། 《གསོ་བ་རིག་པའི་རྩ་འགྲེལ་བདམ་བསྒྲིག》 མི་རིགས་དཔེ་སྐྲུན་ཁང་། 1989ལོར་པར་དུ་བསྐྲུན། p692
               (30)དཔལ་ལྡན་རྒྱ་མཚོ། 《གསོ་བྱེད་ཐབས་ཀྱི་སློབ་དེབ་བཅོས་བསྒྲིག་མ》 མི་རིགས་དཔེ་སྐྲུན་ཁང་། 2004ལོར་པར་དུ་བསྐྲུན། p67

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1