རིག་གནས་ལུས་རྩལ་སྤེལ།། དམངས་ལ་ཁེ་ཕན་བསྐྲུན།།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-25


རྔ་བ་རྫོང་གིས་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྤེལ་བའི་གནས་ཚུལ་རགས་བཀོད།
      སྔོན་ཆད་བརྙན་འཕྲིན་ཁོ་ན་མ་གཏོགས་ལྒང་རྩེད་འགྲན་བསྡུར་ལ་བལྟ་མི་ཐུབ། ད་སྐབས་ང་ཚོའི་རྫོང་གི་ལུས་རྩལ་ཁང་ནས་ལྒང་རྩེད་འགྲན་བསྡུར་ལ་བལྟ་ཐུབ་པར་མ་ཟད། རང་ཉིད་དགའ་བའི་ཚོགས་པ་ལ་རྒྱབ་སྐྱོར་བྱེད་ཐུབ། ཚོར་བ་དེ་ནི་དངོས་གནས་སྐྱིད་པོ་ཞིག་རེད་ཅེས་རྔ་བ་རྫོང་གི་མང་ཚོགས་ཁྲེན་ཀྲུང་གིས་གསར་འགོད་པར་བཤད།
       ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་རང་ཡུལ་གྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་དགེ་མཚན་ལ་བརྟེན་ནས། སྔ་རྗེས་སུ་རྒྱལ་ཡོངས་བོད་འགྱིག་གདན་ཞུའི་འགྲན་བསྡུར་དང་། སི་ཁྲོན་དང་ཀན་སུའུ།མཚོ་སྔོན་ཞིང་ཆེན་གསུམ་གྱི་ལྒང་རྩེད་གདན་ཞུའི་འགྲན་བསྡུར་སོགས་རིག་རྩལ་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་།

      2005ལོ་ནས་སྤེལ་བའི་བོད་འགྱིག་འགྲན་བསྡུར་དེས་རྔ་བ་རྫོང་གི་བོད་འགྱིག་ལ་དགའ་ཞེན་ཆེ་བའི་མང་ཚོགས་རྣམས་ལ་བོད་འགྱིག་གི་སྒྱུ་རྩལ་ངོམ་པའི་སྟེགས་བུ་ཞིག་དང་། རིག་རྩལ་འགྲན་པའི་དོ་ར་ཞིག་བསྐྲུན་ཡོད། རྔ་བ་རྫོང་གི་མང་ཚོགས་དགེ་འདུན་རྒྱ་མཚོས་གསར་འགོད་པར་བཤད་པ་ལྟར་ན། བོད་འགྱིག་འགྲན་བསྡུར་ལ་ཞུགས་པ་ནས། ངས་དགའ་ཕྱོགས་གཅིག་པའི་མི་མང་པོ་ཞིག་ངོ་ཤེས་པ་དང་། རང་གི་ལྟ་རྒྱ་ཆེ་རུ་ཕྱིན་པར་མ་ཟད། བོད་འགྱིག་གི་འདེད་རྩལ་ཡང་ཇེ་མཐོར་ཕྱིན་འདུག་ཟེར།
      དགེ་འདུན་རྒྱ་མཚོ་ནི་བོད་འགྱིག་རྩེད་རྒྱུར་ཧ་ཅང་དགའ། རྔ་བ་རྫོང་གིས་ད་སྔ་བོད་འགྱིག་འགྲན་བསྡུར་ཐེངས་བཅུ་སྤེལ་བ་ལས། ཁོ་ཐེངས་བརྒྱད་ལ་ཞུགས་ཤིང་། ཐེངས་བཞི་ལ་ཨང་དང་པོ་བླངས། བོད་འགྱིག་འགྲན་བསྡུར་གྱིས་ཁོའི་དགའ་ཕྱོགས་ལ་ལག་ལེན་གྱི་མཐུན་རྐྱེན་བསྩལ་བར་མ་ཟད། འཚོ་བ་ཡང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་། རྔ་བ་རྫོང་གིས་རིག་གནས་དང་ལྗོངས་སྐོར་ཟུང་དུ་སྦྲེལ་ཞིང་། རིག་གནས་འགྲན་བསྡུར་སྤེལ་ཐབས་ཀྱིས་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྔར་མེད་ཀྱི་སྟོབས་ཤུགས་གསར་བ་བསྣན་ཡོད།
      ད་ལོའི་ཟླ་8པར་བདེ་བླག་ངང་མཇུག་བསྡུས་པའི་གཉན་པོ་གཡུ་རྩེ་རྟགས་མའི་སི་ཁྲོན་དང་མཚོ་སྔོན། ཀན་སུའུ་ཞིང་ཆེན་གསུམ་གྱི་ལྒང་རྩེད་འགྲན་བསྡུར་སྐབས་གཉིས་པར། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་དང་། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་དང་། མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་དང་ལིན་ཞ་ཁུལ་སོགས་ཀྱི་འགྲན་ཞུགས་རུ་ཁག་20འགྲན་བསྡུར་དུ་ཞུགས་ཡོད་ཅིང་། རོང་འབྲོག་མང་ཚོགས་ཀྱིས་སྤ་སེ་ཉོས་ནས་ཡུལ་དངོས་ནས་འགྲན་བསྡུར་ལ་བལྟ་ཆོག་ཅིང་། རྔ་བའི་བརྙན་འཕྲིན་ཁང་གི་ཐད་གཏོང་དང་རྔ་བ་རྫོང་གྲོང་ཁུལ་གྱིLEDབརྙན་ཡོལ་བཅས་བརྒྱུད་དེ་བལྟ་ཆོག བསྡོམས་རྩིས་བྱས་པ་ལྟར་ན། ཉིན་བདུན་གྱི་རིང་ལ་སྤེལ་བའི་འགྲན་བསྡུར་གྱི་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་260ལྷག་ཙམ་ཟིན་ཡོད།
       རྫོང་ཞིག་གིས་ས་ཁོངས་ལས་བརྒལ་བའི་ལྒང་རྩེད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་ནི་ལས་སླ་མོ་ཞིག་མིན་ལ། འོན་ཀྱང་མི་སེར་རྣམས་ལ་བལྟ་འདོད་ཆེ་བར་མ་ཟད། རྒྱབ་སྐྱོར་ཆེན་པོ་ཡང་བྱེད་པས། ང་ཚོས་ཅི་ཐུབ་གང་ཐུབ་ཀྱིས་འདི་ལྟ་བུའི་བྱེད་སྒོ་མང་པོ་སྤེལ་རྒྱུ་ཡིན་ཞེས་རྔ་བ་རྫོང་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ཀྱི་འགན་འཁུར་བ་དབྱང་ཧྥང་གིས་གསར་འགོད་པར་བཤད།
      སྲིད་གཞུང་གིས་ཁྲིད་སྟོན་དང་མང་ཚོགས་མང་དུ་ཞུགས་པའི་འགྲན་བསྡུར་བྱེད་སྒོ་དེ་རིགས་ནི་རྔ་བ་རྫོང་གི་རིག་གནས་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་བཏང་ནས་དམངས་འཚོར་ཕན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་རྒྱུན་མི་ཆད་པར་མ་དངུལ་བཏང་ནས་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་སྒོ་ཇེ་ཚང་དུ་བཏང་། མིག་སྔར། རོང་འབྲོག་གི་ལུས་སྦྱོང་ར་བ་དང་ལྒང་རྩེད་ཐང་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་19ལ་ཁྱབ་འདུག
       ཉེ་བའི་ལོ་ཤས་རིང་ལ་། རྔ་བ་རྫོང་གིས་རྫ་ཁྲོམ་རིག་གནས་ལྗོངས་སྐོར་དུས་ཆེན་དང་བོད་འགྱིག་འགྲན་བསྡུར། ལྒང་རྩེད་འགྲན་བསྡུར་སོགས་རིག་གནས་ལུས་རྩལ་གྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཅིང་། ལ་གཞས་དང་སྐོར་བྲོ། རྒྱན་གོས་འཁྲབ་སྟོན་སོགས་དམངས་སྲོལ་རིག་གནས་གཙོ་བོར་བཟུང་སྟེ་དར་རྒྱས་སུ་བཏང་། ད་དུང་དུས་ཆེན་དང་མཉམ་སྤྲོའི་ཚོགས་འདུ། ཆེད་དོན་མཉམ་འཁྲབ་སོགས་ཆེད་དོན་རིག་རྩལ་འཁྲབ་སྟོན་མང་པོ་སྤེལ་ནས་རིག་གནས་གཤམ་སྤེལ་དང་ཟློས་གར་གཤམ་སྤེལ་སོགས་རིག་གནས་དམངས་ཕན་བྱེད་སྒོ་ཡུལ་ཚོ་དང་གྲོང་རྡལ་ཡོངས་ལ་ཁྱབ་ནས། རྔ་བ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་དངོས་པོའི་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་དུས་མཚུངས་སུ། སྒོ་འགྲམ་ནས་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་ལོངས་སུ་སྤྱོད་ཐུབ་པས། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དབྱར་མཚོ་བཞིན་དུ་རྒྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1