གཙོ་ངོས།>> སི་ཁྲོན་བོད་ཁུལ།>>མུ་ལི།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། ལིའང་ཧྲན་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༥ཉིན།

མུ་ལི་དགའ་ལྡན་བཤད་སྒྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་བྱམས་སྐུ་ཆེན་མོ་དང་ཚོགས་ཁང་ཆེན་མོའི་རབ་གནས་མཛད་སྒོ་སྤེལ།

        སྤྱི་ཟླ་11པའི་ཚེས་23ཉིན་གྱི་སྔ་དྲོར། མུ་ལི་དགའ་ལྡན་བཤད་སྒྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་བྱམས་སྐུ་ཆེན་མོ་དང་ཚོགས་ཁང་ཆེན་མོའི་རབ་གནས་མཛད་སྒོ་གཟབ་རྒྱས་ངང་སྤེལ་འགོ་ཚུགས། 

        རྒྱུས་ལོན་བྱུང་བ་ལྟར་ན། རབ་གནས་མཛད་སྒོའི་ཚོགས་ཆེན་དེ་ཉིན་དེ་གའི་སྔ་དྲོ་དུས་ཚོད་བཅུ་པ་ནས་ཉིན་དགུང་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་བར་དུ་རྒྱུན་མཐུན་བྱས། བོད་ལྗོངས་དང་སི་ཁྲོན་དཀར་མཛེས་ཁུལ། ལའང་ཧྲན་ཁུལ་བཅས་ནས་ཕེབས་པའི་སྤྲུལ་སྐུ་དང་བླ་ཆེན། དེ་མིན་ཡུན་ནན་སོགས་ས་ཁུལ་གྱི་དམངས་ཁྲོད་ཀྱི་རྟེན་འབྲེལ་ཞུ་བའི་ཚོགས་པ་མཛད་སྒོར་ཞུགས། 

        རྒྱུས་ལོན་བྱུང་བ་ལྟར་ན། མུ་ལི་དགོན་ཆེན་གྱི་བྱམས་པའི་སྐུ་གཟུགས་མཐོང་གྲོལ་རིན་པོ་ཆེ་དེ་སྤྱི་ལོ་1711ལོར་གསར་བཞེངས་ཀྱི་མགོ་བཙུགས་ཤིང་སྤྱི་ལོ་1713ལོའི་ཟླ་4པའི་ཟླ་སྟོད་ལ་ལེགས་པར་གྲུབ་པ་ཞིག་ཡིན། ལྷ་སྐུའི་སྤྱིའི་མཐོ་ཚད་ལ་སྨི་26.73ཡོད་དེ་སྐབས་དེའི་འཛམ་གླིང་སྟེང་ཆེས་མཐོ་བའི་རྒྱལ་བ་བྱམས་པའི་གསེར་སྐུ་ཡིན་པར་གྲགས། 

        འོན་ཀྱང་ལོ་རྒྱུས་ཀྱི་དུས་འགྱུར་ཁྲོད་དུ་ལོ་རབས་60པའི་དུས་སྟོད་ལ་གཏོར་བཤིག་ཚབས་ཆེན་ཐེབས། རྗེས་སུ་མུ་ལི་སྐྱབས་མགོན་སྐུ་ཕྲེང་བཅུ་པ་པདྨ་རིན་ཆེན་མཆོག་གིས་སྐུ་ཚེགས་ལ་མ་འཛེམ་པར་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེན་འོག་2009ལོའི་ཟླ་5པའི་ཚེས་5ཉིན་མུ་ལི་དགོན་ཆེན་དུ་རྒྱལ་བ་བྱམས་པ་སྐུ་བརྙན་བསྐྱར་གསོ་འཛུགས་སྐྲུན་གྱི་རྨང་འདིང་མཛད་སྒོ་སྤེལ། 2010ལོའི་ཟླ་10པའི་ཚེས་3ཉིནལས་གཞི་དངོས་སུ་འགོ་བཙུགས་ཏེ་2015ལོའི་ཟླ་11པར་ལེགས་འགྲུབ་བྱུང་བ་རེད། བསྐྱར་གསོའི་རྗེས་ཀྱི་བྱམས་སྐུ་ཆེན་མོའི་སྐུ་བརྙན་མཐོ་ཚད་ལ་སྨི་28ཡོད།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1