གཙོ་ངོས།>> དེང་རབས་མི་སྣ།>>དཔེ་སྟོན་མི་སྣ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༥ཉིན།

༄༅།། ཟླ་བ་སངས་རྒྱས།

 ཟླ་བ་སངས་རྒྱས་དང་ཁོང་གི་བཟའ་ཟླས་ཇ་སྲུབ་བཞིན་པ།
          “བསམ་ཡས་མ་ཆགས་བསམ་ཡས་ཆགས། བསམ་ཡས་བྱེ་མའི་དཀྱིལ་ན་ཆགས”བསམ་ཡས་ལ་འགྲོ་མ་མྱོང་བ་དང་བསམ་ཡས་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་མི་རྣམས་ཀྱི་རྣ་ལམ་དུ་དམངས་གཞས་དེ་ཐོས་ཙ་ན། ཁོ་ཚོའི་སྣང་ངོར་བསམ་ཡས་ཀྱི་མཐའ་བཞི་བྱེ་མས་བསྐོར་ཡོད་པ་དང་། ལྷགས་པ་རྒྱག་ཐེངས་རེ་རེར་ལུས་ཀྱི་གོས་གསར་དང་གནག་ཅིང་སྣུམ་པའི་སྐྲ་ལོ་སྦགས་པར་བྱེད་ཅིང་། བྱེ་རླུང་གིས་དེད་པའི་ཚེར་ཚེར་དང་འུར་འུར་གྱི་སྒྲ་ཡིས་མི་སེམས་མི་བདེ་བར་བཟོ་སྙམ། འོན་ཀྱང་དེང་གི་བསམ་ཡས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་སྟེ། བོད་ཟླ་ལྔ་པའི་བསམ་ཡས་ནི་གང་སར་སྔོ་ལྗང་གིས་བརྒྱན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་ལ་དེ་སྔའི་མུ་མཐའ་མེད་པའི་བྱེ་ཐང་ད་ཆ་ཚང་ཚིང་སྟུག་པོས་བརྒྱན་པའི་ནགས་ཚལ་མངོན། ཚུལ་དེར་བསམ་བཞིན་དུ། སྔར་གྱི་དམངས་གཞས་དེ“བསམ་ཡས་མ་ཆགས་བསམ་ཡས་ཆགས། བསམ་ཡས་ལྗོན་པའི་དབུས་སུ་ཆགས”ཞེས་བསྒྱུར་ནའང་མི་འཚམ་པ་མེད་པར་སྣང་། མིག་མདུན་གྱི་ཡུལ་ལྗོངས་མཚར་པོ་དེ་ཡིད་ངོར་འཆར་དུས་ངོ་མ་ཧང་རེ་སངས་བཞིན་དུ་ཞོགས་ཆར་སིམ་སིམ་ཞིག་དང་འགྲོགས་ཏེ་ངེད་བཅར་འདྲི་ཚོགས་ཆུང་བསམ་ཡས་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་བསོད་ནམས་སྟོབས་རྒྱལ་དང་ལས་དོན་མི་སྣའི་གཞོགས་འདེགས་འོག་ཡུལ་དེ་ཙམ་མ་ཟད་མཚན་སྙན་གྱི་བ་དན་གང་སར་གཡོ་བའི“གངས་ལྗོངས་སྤུན་ཟླའི་ཟ་ཁང”དུ་ཞོགས་ཇ་བཏུངས་རྗེས་ཟ་ཁང་གི་སྦྱིན་བདག་ཟླ་བ་སངས་རྒྱས་ལ་བཅར་འདྲི་ཞུས་པ་ཡིན།
རྙོག་འཛིང་ཆེ་བའི་མི་ཚེའི་ལམ། སྙིང་རུས་ཆེན་པོས་ཕ་མཐར་བཤགས།
          ཟླ་བ་སངས་རྒྱས་ནི་སྤྱི་ལོ་1986ལོར་ནང་མི་དང་མཉམ་དུ་གོང་དཀར་རྫོང་ནས་དེ་གར་ཆོས་མཇལ་ལ་སླེབས་ཤིང་དེ་དུས་ཁོང་ལོ་16ལ་སླེབས་ཡོད་པ་རེད། གནས་དེར་འབྱོར་དུས་དགོན་པའི་བརྗིད་ཉམས་དང་གྲོང་ཚོའི་སྐྱིད་སྣང་གིས་ཁོང་ལ་ཕ་ཡུལ་གྱི་འཆར་སྣང་སྟེར་བ་དང་བསམ་ཡས་དགོན་པར་གྲྭ་པ་བྱས་ནས་སྡོད་རྒྱུའི་འདུན་པ་དྲག་པོ་སྐྱེས་ཏེ། ཕྱིར་མ་ལོག་པར་རང་མོས་ངང་དགོན་དེའི་གྲྭ་ཁོངས་སུ་ཞུགས།
          གསར་འགོད་པས་ཁོང་ལ་གྲྭ་པར་བཞུགས་རིང་གི་འཚོ་བའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས“ང་1986ལོར་གྲྭ་སར་ཞུགས་ནས་གྲྭ་པ་གཞན་དང་འདྲ་བར་ངག་ཐོག་ནས་སྐྱོར་འདོན་མ་བྱས་ན་འགྲིག་ཐབས་མེད་པའི་ཞོགས་ཚོགས་ཀྱི་འདོན་བྱ་ཤོག་ལྷེ་40ཙམ་ངག་སྐྱོར་ཟིན་པ་ལས་ཆོས་གཞུང་ཁག་ལ་གཏིང་ཟབ་པའི་ཉམས་ལེན་མ་ཐུབ་པར་དགོན་པའི་ཟ་ཁང་ནང་ལས་ཀ་ཙག་ཙིག་བྱས་ནས་ལོ་གཅིག་བསྡད་པ་ཡིན། དེའི་རྗེས་སུ་དགོན་པས་ཕྱི་ཕྱོགས་ལ་སྒོ་ཕྱེ་བའི་ཟ་ཁང་གཅིག་བཙུགས་པ་དེར་བཀོད་སྒྲིག་བྱས་སྟབས་ལོ་གསུམ་ཏག་ཏག་ཟ་ཁང་གི་གཉེར་པའི་ལས་ཀར་གཞོལ་བ་དང་། གཉེར་པ་བྱེད་པའི་ཞོར་དུ་ཟ་ཁང་གི་མ་བྱན་གྱི་གམ་ནས་ཚལ་བཟོ་བའི་ལག་རྩལ་སྦྱངས་པ་དང་ཕྱིས་སུ་ཟ་ཁང་གི་གཉེར་པ་དང་མ་བྱན་གྱི་འགན་གཅིག་ལྕོགས་འཁུར་ཏེ་ལོ་གཉིས་བསྡད། དེའི་རིང་ང་རང་མུ་མཐུད་ཟ་ཁང་གི་ལས་ཀ་ཙག་ཙིག་བྱས་ཏེ་དུས་ཚོད་སྟོང་ཟད་བཏང་ན་མི་འགྲིག་སྙམ་སྟེ་མུ་མཐུད་དེ་དམ་པའི་ཆོས་གཞུང་ལ་འབད་རྒྱུའི་བློ་འཆར་ནས། སྔ་རྗེས་སུ་ལོ་བཞིའི་རིང་ཡབ་དགོན་པར་མངགས་ནས་ང་ཟ་ཁང་ནས་ཕར་འཐེན་ཏེ་ཆོས་བྱེད་པའི་གོ་སྐབས་སྦྱིན་རོགས་གྱིས་ཞུས་ཀྱང་དགོན་པས་ཚལ་བཟོ་བའི་ཐད་ཀྱི་ཉམས་མྱོང་དང་ལག་རྩལ་ཅན་གྱི་མི་འཚོལ་དཀའ་བ་རྒྱུ་མཚན་དུ་དྲངས་ནས་ང་ལ་མོས་མཐུན་མ་བྱས། མཐར་ལོ་ལྔ་པར་དགོན་པའི་སྐྱིད་སྡུག་ལས་དགོངས་པ་ཞུ་རྒྱུའི་ཐག་བཅད་དེ་སྤྱི་ལོ་1996ལོར་དགོན་པ་ནས་ཕྱིར་དོན་པ་ཡིན”ཞེས་གསུངས། ཁོང་དགོན་པའི་ཟ་ཁང་ནང་དུ་ཕྱག་ལས་གནང་ནས་བཞུགས་པའི་རིང་ལ་ཟ་ཁང་དེའི་གཞོགས་སུ་ཤང་གྲོང་ཁེ་ལས་ཀྱི་ཟ་ཁང་ཞིག་མ་གཏོགས་མེད་པ་དང་སྐབས་དེ་དུས་ཀྱི་བསམ་ཡས་ནི་འགྲིམ་འགྲུལ་སྟབས་བདེ་མེད་ཅིང་འཚོ་བའི་འཁོས་ཀ་ཞན་པས་ཟ་ཁང་གི་ཅ་དངོས་ཕལ་ཆེ་བ་ཕར་གཡར་ཚུར་གཡར་བྱེད་དགོས་ཀྱི་ཡོད་པས་ཟ་ཁང་གཉིས་ཀྱི་འབྲེལ་བ་དམ་ཟབ་ཏུ་ཕྱིན་པ་དང་ཟླ་བ་སངས་རྒྱས་ཁོང་གི་ད་ལྟའི་བཟའ་ཟླ་བསོད་ནམས་སྒྲོལ་དཀར་ཡང་སྐབས་དེ་དུས་ངོ་ཤེས། ཁོང་གིས“སྐབས་དེ་དུས་ཁོང་ཚོའི་ཟ་ཁང་དང་ཕལ་ཆེར་ཉིན་ལྟར་འབྲེལ་བ་བྱེད་དགོས་ཀྱི་ཡོད་པས་ང་གཉིས་དབར་ལའང་བརྩེ་དུང་གི་མྱུ་གུ་འབུས”ཞེས་ཀུ་རེ་དང་བཅས་བརྗོད།
          དེ་རྗེས་གསར་འགོད་པས་ཁོང་ལ་1996ལོ་ནས་ད་བར་ཚོང་ལས་བྱས་པར་འཚོ་བ་དང་བསམ་བློའི་ཐད་ལ་དཀའ་ངལ་ཆེ་ཤོས་གང་འཕྲད་བྱུང་ངམ་ཞེས་བཀའ་འདྲི་ཞུས་པར།
          ཁོང་གིས“ཚོང་ལས་ཐོག་མར་གཉེར་སྐབས་མ་དངུལ་མི་འདང་བ་དང་ལག་རྩལ་མི་འདང་བའི་དཀའ་ངལ་ཆེན་པོ་འཕྲད་མྱོང་ཡོད་ལ།
          སྐབས་དེ་དུས་འཚོ་བའི་འཁོས་ཀ་ཞན་པའི་ཁར། སྣུམ་ནག་གཞུང་ལམ་སོགས་མེད་སྟབས་ས་ཆ་གཞན་ནས་རྒྱུ་ཆ་ཉོ་བར་བསྐྱོད་སྐབས་ཁེ་བཟང་ཕལ་ཆེ་བ་བདལ་གླར་སྤྲོད་དགོས་ཀྱི་འདུག བསམ་བློའི་ཐད་ལ་སྤྱི་ལོ་1996ལོར་དང་ཐོག་བསོད་ནམས་སྒྲོལ་དཀར་དང་མཉམ་དུ་སྡོད་དུས་དགོན་པ་དང་ཡུལ་མི་རྣམས་ཀྱིས་ཤེས་ན་སྡོམ་ཁྲིམས་ལས་འགལ་བ་རེད་ཅེས་དམོད་མོ་རྒྱག་རྒྱུ་རེད་སྙམ་པའི་སེམས་ཁྲལ་དང་། བཟའ་ཟླའི་ནང་མིས་ང་གཉིས་མཉམ་དུ་འཚོ་བ་སྐྱེལ་བར་མོས་མཐུན་དེ་ཙམ་མི་བྱེད་པ་དང་བཅས། གང་ལྟར་ང་གཉིས་དེ་དུས་གཉེན་སྒྲིག་གི་རྟེན་འབྲེལ་བྱེད་མ་ནུས་པ་དེ་ཡང་རྒྱུ་མཚན་དེ་ཚོ་དང་འབྲེལ་བ་ཡོད”ཅེས་བརྗོད་ཀྱི་འདུག ལས་ཀྱིས་འབྲེལ་བའི་བཟའ་ཟླ་ལྷན། དཔུང་པ་གཤིབས་ནས་ཟ་ཁང་གཉེར།
          ཟླ་བ་སངས་རྒྱས་ཁོང་དགོན་པའི་སྐྱིད་སྡུག་ནས་དགོངས་པ་ཞུས་པ་དང་བསོད་ནམས་སྒྲོལ་དཀར་ཡང་ཤང་གྲོང་ཁེ་ལས་ནས་ཕྱིར་བཤོལ་བྱས་རྗེས། ཟླ་བ་སངས་རྒྱས་གནས་དེ་གར་གཞིས་ཆགས་ཏེ་རང་ཉིད་ཀྱིས་དགོན་པའི་ཟ་ཁང་ནས་སྦྱངས་པའི་ལག་རྩལ་དག་ལེགས་པར་སྤྱོད་པ་དང་དེ་གར་ཡོང་བའི་འགྲུལ་པ་རྣམས་ལའང་ངལ་དུབ་སེལ་བའི་གནས་ཤིག་དང་ཟ་མའི་བསྟི་གནས་ཤིག་བྱུང་ན་བསམས་ནས་ལོ་དེའི་བོད་ཟླ་2པའི་ཚེས་13ཉིན་ལ་ཁོང་གཉིས་མཉམ་དུ་བསམ་ཡས་དགོན་གྱི་རྒྱལ་སྒོ་ཤར་གྱི་འཁྲིས་སུ་ཟ་ཁང་ཞིག་བཙུགས་པ་དང་དེར“གངས་ལྗོངས་སྤུན་ཟླའི་ཟ་ཁང”ཞེས་མིང་བཏགས་པ་རེད། དེ་ནི་བསམ་ཡས་དགོན་ནས་གྲྭ་པ་ལོག་མཁན་གྱིས་བཙུགས་པའི་ཟ་ཁང་དང་པོ་དེ་ཡིན་པ་རེད། “དེ་དུས་བསམ་ཡས་སུ་དགོན་པའི་ཟ་ཁང་དེ་དང་ལྷ་སའི་ཟ་ཁང་གཅིག རྒྱ་རིགས་ཀྱི་ཟ་ཁང་གཅིག་བཅས་ཁྱོན་ཟ་ཁང་གསུམ་ལས་མེད་པ་དང་དེར་གནས་མཇལ་དང་ཡུལ་སྐོར་ལ་ཡོང་མཁན་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བར་བརྟེན་ང་གཉིས་ཀྱིས་ཟ་ཁང་དེ་འབྱུང་འགྱུར་གྱི་འཚོ་བའི་རྟེན་གཞིར་བྱས་ནས་འབད་པ་བྱེད་རྒྱུའི་དམ་བཅའ་དང་བཅས་ཏེ་ལས་དེར་གཞོལ་བ་ཡིན”ཞེས་ཟླ་བ་སངས་རྒྱས་ཀྱིས་གསུང་གི་འདུག 2003ལོ་ནི་ཟླ་བ་སངས་རྒྱས་ཀྱི་ངོས་ནས་བརྗོད་ན་ཆེས་བརྗེད་པར་དཀའ་བ་དང་ཆེས་སྤྲོ་སྣང་ལྡན་པའི་ལོ་ཞིག་རེད། གང་ལགས་ཤེ་ན། ལོ་དེར་བསམ་ཡས་སུ་ཀྲུང་འཇར་མ་རྩ་མཉམ་འཇོག་གི་དབུལ་སྐྱོར་རྣམ་གྲངས་ཤིག་རག་ནས་དེ་གའི་མ་བྱན་16ལྷག་ཙམ་ལ་དུས་ཡུན་ཉིན་13རིང་གི་ཟབ་སྦྱོང་འཛིན་གྲྭ་ཞིག་གཉེར་བ་དེར་ཞུགས་པ་དང་སྔ་དྲོ་རིག་གཞུང་སློབ་ཚན་འཚོགས་པ་དང་ཕྱི་དྲོ་དངོས་སུ་ཚལ་གཏུབ་སྟངས་དང་། བརྔོ་སྟངས། སྨན་སྣ་སྦྱོར་སྟངས་སོགས་ནས་འགོ་བརྩམས་ཏེ་རྒྱ་ཟས་དང་ཕྱི་རྒྱལ་གྱི་ཚལ་རིགས་སྣ་ཚོགས་བཟོ་སྟངས་སྦྱོང་བའི་བགོ་སྐལ་ཐོབ་པ་རེད།
          ཁོང་གིས“ཟབ་སྦྱོང་འཛིན་གྲྭ་དེར་ཞུགས་ནས་ང་ལ་ཕན་པ་ཆེན་པོ་ཐོབ་བྱུང་། དེ་བརྒྱུད་ནས་ངས་རྒྱ་ཟས་སྣ་ཚོགས་དང་ཀུ་ཤུའི་བག་ལེབ་དང་། སྒོ་ངའི་བག་ལེབ། ངང་ལག་བག་ལེབ། ཁོ་ཧྥེ་སོགས་ཕྱི་རྒྱལ་གྱི་ཟས་རིགས་མང་དག་ཅིག་བཟོ་སྟངས་ཤེས་བྱུང”ཞེས་གསུངས། ཕྱིས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་བསམ་ཡས་སུ་ཡུལ་སྐོར་ལ་ཡོང་དུས་གངས་ལྗོངས་སྤུན་ཟླའི་ཟ་ཁང་དུའང་ནུབ་ལུགས་ཀྱི་ཞོགས་ཟས་བཟོ་ཡི་ཡོད་པ་ཤེས་པ་དང་། ཁོང་རང་གིས་བྲིས་པའི་དེབ་ནང་ཟ་ཁང་འདིའི་སྐོར་རགས་ཙམ་བཀོད་པས་ཟ་ཁང་གི་མཚན་སྙན་གྲགས་ཕྱོགས་གང་སར་ཁྱབ་པ་དང་ཕྱི་རྒྱལ་བ་མང་དག་ཅིག་བསམ་ཡས་ལ་འབྱོར་སྐབས་གངས་ལྗོངས་སྤུན་ཟླའི་ཟ་ཁང་དུ་ཞལ་ལག་མཆོད་པར་ཕེབས་ཀྱི་ཡོད་པ་རེད། ཟླ་བ་སངས་རྒྱས་ཀྱིས“ད་ལྟ་མི་མང་ཆེ་བས་ངའི་ཟ་ཁང་ངོ་ཤེས་པ་མ་ཟད། བསམ་ཡས་ལ་ཡོང་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་ནང་ནས་བརྒྱ་ཆ་བདུན་ཅུ་ངའི་ཟ་ཁང་དུ་ཞལ་ལག་མཆོད་པར་ཕེབས་ཀྱི་ཡོད”ཅེས་སྤོབས་སེམས་ཆེན་པོས་བརྗོད་ཀྱི་འདུག
          སྤྱི་ལོ་2005ལོར་བོད་སྐྱོར་རྣམ་གྲངས་ཤིག་བྱུང་ནས་བསམ་ཡས་དགོན་གྱི་སྒོ་རའི་ནང་དུ་རྡོ་གཅལ་བཏིང་བ་མ་ཟད། དགོན་པའི་ལྕགས་རིའི་ནང་དང་ལྕགས་རིའི་གཞོགས་སུ་ཡོད་པའི་མི་སེར་རྣམས་ཕྱིར་གནས་སྤོས་བྱས་པ་དང་། སྐབས་དེ་དུས་ཟླ་བ་སངས་རྒྱས་དང་བཅས་པའི་ཁྱོན་ཚོང་ལས་གཉེར་མཁན་གྱི་མི་ཚང་བཞི་རྣམ་གྲངས་དེའི་ནང་ཚུད་དེ་དགོན་པའི་མདུན་དུ་བཀོད་སྒྲིག་བྱས་ཡོད་པ་རེད། ཁོང་གིས“2005ལོར་ང་ཚོ་དགོན་པའི་མདུན་དུ་བཀོད་སྒྲིག་བྱས་པ་དང་ས་ཆ་ཡག་པོ་ཞིག་རག་བྱུང་བས། ལོ་གཉིས་པར་ཞིང་ལས་དངུལ་ཁང་ནས་མ་དངུལ་སྒོར་ཁྲི་གསུམ་གཡར་བ་དང་ཡུལ་སྐོར་ཅུས་ནས་ཁྱོན་སྒོར་ཁྲི་གཅིག་ལྷག་ཙམ་རི་བའི་དུག་སེལ་སྒམ་སོགས་ཟ་ཁང་ལ་མཁོ་བའི་ཅ་དངོས་རོགས་སྐྱོར་ཐོབ་སྟེ་ཁང་པ་གསར་པ་ཞིག་བརྒྱབ་ཅིང་དེ་སྔའི་ཟ་ཁང་གི་རྒྱ་ཁྱོན་ཆེ་རུ་བཏང་བ་དང་དེའི་ཐོག་ཁྱིམ་ཚང་འགྲུལ་ཁང་ཆུང་ཆུང་ཞིག་བརྒྱབ་པས། ཡོང་འབབ་དེ་སྔོན་ལས་མང་དུ་སོང་བ་དང་འཚོ་བ་སྔར་ལས་ཡག་པ་སྐྱེལ་རྒྱུ་བྱུང”ཞེས་དགའ་ཚོར་ཆེན་པོས་བརྗོད།
ངལ་བ་སྟོང་གི་ལ་རྒྱབ་ན། མཛེས་སྡུག་འཚོ་བའི་བསུ་མ་ཡོད།
          ད་ལྟ་ཟླ་བ་སངས་རྒྱས་ཀྱི་ཁྱིམ་ཚང་འགྲུལ་ཁང་དེར་ཁྱོན་མལ་ཁྲི་15ཡོད་པ་དང་ཞག་མ་གཅིག་ལ་ཉལ་ཁྲི་རེར་སྒོར་50ལས་བྱེད་ཀྱི་མེད་པ་མ་ཟད། རིན་གོང་ཁེ་ལ་ད་དུང་ཞོགས་པ་བོད་ཟས་དང་རྒྱ་ཟས། ཕྱི་རྒྱལ་གྱི་ཟས་རིགས་སོགས་གང་ཟ་གང་དགོས་ཡོད་པས། དེ་ནི་ཟས་རིགས་སྣ་ཁ་འཛོམས་ཤིང་བློ་དལ་བག་ཕེབས་ངང་ངལ་གསོ་རྒྱག་སའི་གནས་ཤིག་ཏུ་གྱུར་ཡོད། གསར་འགོད་པས་ཁོང་ལ་ད་ལྟ་མ་རྩ་ག་ཚོད་ཡོད་མེད་དང་ལོར་ཡོང་འབབ་ཇི་ཙམ་ཡོང་མིན་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་གད་མོ་དགོད་བཞིན་དུ“ད་ལྟ་ཚང་མ་བསྡོམས་ན་ཕལ་ཆེར་མ་དངུལ་སྒོར་ཁྲི་900ཡས་མས་ཡོད་ཀྱི་རེད། ལོ་རེར་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར་ཁྲི་40ལྷག་ཙམ་ཡོང་གི་འདུག”ཅེས་གསུངས། ད་ལྟ་ཟླ་བ་སངས་རྒྱས་དང་བསོད་ནམས་སྒྲོལ་དཀར་གྱི་ཁྱིམ་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་དང་། ད་དུང་བཟའ་ཟླའི་ཁྱིམ་ནས་ཉར་བའི་གསོས་ཕྲུག་བུ་མོ་གཅིག་ཡོད་པས་ཁྱོན་བུ་ཕྲུག་གསུམ་ཡོད་པ་རེད། ཁོང་ཚོའི་ལོ་20སླེབས་པའི་བུ་ད་ལྟ་ཅང་སུའུ་རུ་སློབ་གྲྭ་ཆེ་མོ་འགྲིམས་བཞིན་པ་དང་། ལོ་19སླེབས་པའི་བུ་མོ་ད་ལྟ་མཐོ་རྒྱུགས་བཏང་ཚར་ནས་ཁྱིམ་དུ་སློབ་བསྡུའི་བརྡ་ཐོ་བསྒུགས་ནས་བསྡད་ཡོད་པ་རེད།
          གསར་འགོད་པས་བུ་ཕྲུག་ཚང་མ་སློབ་གྲྭར་བཏང་ནས་ཟ་ཁང་དང་མགྲོན་ཁང་གི་ཤུལ་འཛིན་སུས་བྱེད་ཀྱི་རེད་དམ་ཞེས་དྲིས་པར། ཁོང་གིས། ད་ལྟ་དེའི་ཐད་ལ་བསམ་བློ་གཏོང་མ་མྱོང་། གལ་སྲིད་ཁོ་གཉིས་ཕ་ཡུལ་ལ་ལོག་ནས་ཚོང་ལས་བྱེད་རྩིས་ཡོད་ན་ཤུལ་འཛིན་དུ་འཇུག་རྒྱུ་ཡིན། འོན་ཀྱང་ད་ལྟ་སློབ་གྲྭར་འགྲོ་བཞིན་པའི་ཕྲུ་གུ་གཉིས་ཀ་སློབ་སྦྱོང་གི་རྨང་གཞི་ཡག་པའི་གྲས་སུ་སླེབས་ཀྱི་ཡོད། གལ་སྲིད་ཁོ་གཉིས་ཀ་གཞུང་ཞབས་པའི་ཡིག་རྒྱུགས་འཕྲོད་ནས་ས་ཕྱོགས་གཞན་ལ་ལས་ཀར་ཕྱིན་པ་དང་ང་དང་བཟའ་ཟླའང་ལོ་ན་རྒས་ཏེ་ལས་ཀ་བྱེད་མ་ཐུབ་ན་ཟ་ཁང་དང་མགྲོན་ཁང་གཞན་ལ་བོགས་མར་གཏོང་རྒྱུའམ་ང་ཚོས་གསོ་ཉར་བྱས་པའི་བུ་མོ་དེ་ཡང་ངའི་ཕྲུ་གུ་དང་གཉིས་སུ་མེད་པས་བུ་མོར་བསམ་བློ་གཏོང་དགོས་ཀྱི་རེད་ཅེས་གསོས་ཕྲུག་བུ་མོར་ཟ་ཁང་ཤུལ་འཛིན་བྱེད་དུ་འཇུག་རྒྱུའི་དགོངས་གཞི་ཞིག་ཀྱང་གསུངས་བྱུང་།
          གསར་འགོད་པས་སླར་ཡང་ཚོང་ལས་གཉེར་བ་ནས་ད་བར་ཁྱེད་རང་གི་སེམས་ནང་དགའ་ཚོར་ཆེ་ཤོས་དང་སེམས་འགུལ་ཐེབས་པའི་གནས་ཚུལ་གང་བྱུང་མྱོང་ཞེས་དྲིས་པར། ཁོང་གིས“ཚོང་ལས་ལ་ལམ་འགྲོ་རྒྱུག་པ་དང་རྒྱལ་ཁམས་ཀུན་གྱི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད། གྲོང་ཚོ་དང་གྲོང་རྡལ་སོགས་སྲིད་གཞུང་ནས་ཧུར་བརྩོན་ཅན་དང་དཔེ་སྟོན་མི་སྣ་སོགས་ཀྱི་གཟེངས་བསྟོད་ཐོབ་བྱུང་བས་དགའ་ཚོར་ཆེན་པོ་བྱུང་ལ། ང་རང་གྲྭ་པའི་སྐྱིད་སྡུག་ནས་དགོངས་པ་ཞུས་ཏེ་ཚོང་ལས་གདམ་ག་བྱས་པ་དེ་ཡང་ནོར་མི་འདུག་སྙམ་གྱི་འདུག”ཅེས་བརྗོད། ཁོང་གི་བཟའ་ཟླ་བསོད་ནམས་སྒྲོལ་དཀར་ད་དུང་ཟ་ཁང་གི་ལས་ཀར་བྲེལ་བཞིན་འདུག ང་ཚོས་ཡུད་ཙམ་སྒུག་རྗེས་ཁོང་གི་གམ་དུ་བཅར་ཏེ། ད་ལྟའི་འཚོ་བ་གང་འདྲ་ཡོད་མེད་དང་མ་འོངས་པར་འཆར་གཞི་གང་ཡོད་སྐོར་དྲིས་པར། ཁོང་གིས་འཚེར་སྣང་དང་བཅས“ད་ཆའི་འཚོ་བར་ཡིད་ཚིམ་པོ་འདུག ཁྱིམ་ཚང་གི་ཆ་རྐྱེན་སོགས་སྔོན་ཆད་དང་བསྡུར་ན་གང་ཕྱིའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་ཕྲུ་གུ་གཅིག་སློབ་གྲྭ་ཆེ་མོར་འགྲོ་བཞིན་ཡོད་པ་དང་། གཅིག་སློབ་གྲྭ་ཆེ་མོར་འགྲོ་ལ་ཉེ་ལ། བུ་མོ་གཅིག་ང་གཉིས་ཀྱི་འགྲམ་དུ་ཡོད་པས་ཧ་ཅང་སྐྱིད་པོ་འདུག མ་འོངས་པར་ང་གཉིས་ཀྱིས་ད་ལྟའི་ཁྱིམ་ཚང་གི་མགྲོན་ཁང་ཆུང་ཆུང་དེ་མགྲོན་ཁང་ཆེ་མོ་ཞིག་ཏུ་གཉེར་ཐུབ་པ་བྱ་རྒྱུ་ཡིན་ལ། ཟ་ཁང་གི་ས་རྒྱ་ད་ལྟ་ལས་ཆེ་རུ་དང་ཞབས་ཞུའི་སྤུས་ཚད་ད་ལྟ་ལས་ཡག་ཏུ་གཏོང་ཐུབ་པ་བྱ་རྒྱུའི་སེམས་ཤུགས་ཡོད”ཅེས་བརྗོད་ཀྱི་འདུག
          ཟླ་བ་སངས་རྒྱས་དགོན་པའི་སྐྱིད་སྡུག་ལས་དོན་ཏེ་ཞབས་ཞུའི་ལས་རིགས་ཀྱི་འགྲན་རྩོད་ནང་ཞུགས་ཏེ་མི་རྣམས་སྨོན་དགོས་པའི་གྲུབ་འབྲས་ཐོབ་ཅིང་། བཟའ་ཟླ་བུ་ཕྲུག་དང་བཅས་ཚེ་འདིའི་བདེ་སྐྱིད་འཚོ་བར་རོལ་བའི་ངང་ཚུལ་དེར་གསར་འགོད་པའང་བློ་མགུ་པོ་བྱུང་ཞིང་། ཁོང་ཚང་གི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུས་པ་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1