༄༅།། ཉི་མ་བཀྲ་ཤིས།

བསྟན་འཛིན་པད་མ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-25


        ལྷ་ས་གྲོང་ཁྱེར་གཞུ་སྨད་ཤང་དེ་ནི་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་འཕྲིན་རྗེས་ལུས་ཡིན་པའི་རྐྱེན་གྱིས་མི་རབས་ནས་མི་རབས་བར་ཡུལ་དེའི་མང་ཚོགས་རྣམས་ཞིང་འབྲོག་ལས་ཁོ་ནར་བརྟེན་དགོས་ཀྱི་ཡོད་པས་ཟས་གོས་ཀྱི་ཆ་རྐྱེན་ཅུང་ཞན་ཙམ་ཡོད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྐོངས་ཚོགས་བྱས་ཚུན་དུ། ཤང་དེའི་མང་ཚོགས་ཀྱི་ཁྲོད་དུའང་བསྒྱུར་བཅོས་སྒོ་དབྱེའི་ཚ་རླབས་འཕྱུར་བས་ཞིང་པ་མི་ཉུང་བ་ཞིག་གིས་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་རང་རང་གི་འཇོན་ཐང་བཏོན་ཏེ་ལུང་ཤུར་ནས་ཐོན་ཏེ་འདུ་འཛི་འཁྲུག་པའི་གྲོང་ཁྱེར་དང་འཁྲུག་ཆ་དོད་པའི་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ནང་ཞུགས་འགོ་ཚུགས་པས་དབུལ་པོའི་རྣམ་པར་འགྱུར་ལྡོག་ཡོང་རྒྱུའི་རེ་བ་དང་ཆོད་སེམས་ཀྱིས་ཁེངས་ཡོད། རང་ཡུལ་དུ་ཐོན་ཁུངས་ཞན་པའི་གནས་ཚུལ་འོག་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཉི་མ་བཀྲ་ཤིས་ལགས་ཀྱིས་སྤྱི་ལོ་༡༩༧༩ལོ་ནས་བཟུང་རང་ཡུལ་གྱི་ཤིང་བཟོ་བ་རྒན་རབས་རྣམས་ཀྱི་སྐུ་མདུན་དུ་བཅར་ནས་ཨར་སྐྲུན་གྱི་ཕུལ་དུ་བྱུང་བའི་ཤིང་བཟོའི་ལག་རྩལ་བྱང་ཆུབ་པ་སྦྱང་བ་མ་ཟད། སྔ་རྗེས་སུ་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་སོགས་སུ་སྐྱོད་དེ་ཤིང་བཟོའི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་གསོག་འཇོག་བྱེད་སྒོ་ཚུགས། ཉི་མ་བཀྲ་ཤིས་ལགས་ཀྱི་ཤིང་བཟོའི་ལས་དོན་གྱི་སྤྱོད་ཚུལ་ལ་སྦྱིན་བདག་མི་ཉུང་བ་ཞིག་གི་དགའ་བསུ་དང་ཡིད་ཆེས་ཐོབ་ཐུབ་པ་བྱུང་བས། ཁོང་རང་ཉིད་ཀྱི་ཡོང་འབབ་ཀྱང་རིམ་བཞིན་གོང་མཐོར་སོང་ཞིང་ལས་གཉེར་གྱི་ལམ་བུ་ཡང་རྒྱ་ཆེར་གཏོད་ཐུབ་པ་བྱུང་། ཁོང་གིས་ཨར་བསྐྲུན་གྱི་ལས་ཀ་གང་ཞིག་འགན་གཙང་བླངས་ཀྱང་སྤུས་ཚད་ཨང་དང་པོར་བརྩིས་ཏེ་སྦྱིན་བདག་གི་བློ་ཁ་ཁེངས་གང་ཐུབ་བྱེད་ཀྱི་ཡོད་པས། ལས་གྲྭ་འགན་གཙང་གི་རྣམས་གྲངས་ཀྱང་གཅིག་མཇུག་གཉིས་མཐུད་ཀྱིས་ཇེ་མང་དུ་སོང་བས། སྔ་རྗེས་སུ་ཤང་དེའི་ཁོངས་ནས་ཨང་དང་པོ་ཡིན་པའི་དམངས་གཉེར་ཨར་ལས་འཛུགས་སྐྲུན་ཀུང་སི་དངོས་སུ་བཙུགས་པ་དང་། སྐབས་དེ་དུས་ལས་མི་བཞི་ཅུ་ཡོད་པ་དེ་རྣམས་སྣེ་འཁྲིད་དེ་སྡོད་ཁང་གསར་རྒྱག་དང་གཞུང་ལམ་ཉམས་གསོ། ཟམ་པ་གསར་བསྐྲུན། རྡོ་བཤག་ལས་སྣོན་སོགས་ཀྱི་འཛུགས་སྐྲུན་ལས་རིགས་རྒྱ་ཆེར་བཏང་བས་ལས་མི་ཚོར་ཡང་ཆ་སྙོམས་གླ་ཆ་སྒོར་སུམ་སྟོང་ལྷག་སྤྲོད་རྒྱུ་འགན་ལེན་བྱུང་བའི་རྨང་གཞིའི་ཐོག་འཛུགས་སྐྲུན་ལ་མཁོ་བའི་འཕྲུལ་ཆས་དང་ལག་རྩལ་མི་སྣ་མི་ཉུང་ཞིག་གསོ་སྐྱོང་ཐུབ་པ་བྱུང་ཡོད། ད་དུང་སྦྱིན་བདག་ཉི་མ་བཀྲ་ཤིས་ལགས་ལོ་ལྟར་གཞུ་སྨད་ཤང་ཆ་ཚང་སློབ་ཆུང་དུ་སྐྱོད་དེ་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་གྱོན་གོས་དང་སློབ་ཆས་སོགས་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་གྱི་ཡོད་པས་ཤང་དེའི་ཁོངས་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་ཡོངས་ལ་མིག་དཔེའི་ནུས་པ་འདོན་ཐུབ་པ་བྱུང་ཡོད། ལོ་ངོ་བཅུ་ཕྲག་གི་འབད་བརྩོན་བརྒྱུད་ཉི་མ་བཀྲ་ཤིས་ལགས་ཀྱི་ཨར་སྐྲུན་ལས་རིགས་ལ་རང་སྐྱོང་ལྗོངས་རིམ་པའི་ཨར་སྐྲུན་ལས་རིགས་ནང་ཞུགས་ཐུབ་པའི་ལག་འཁྱེར་ཐོབ་པ་མ་ཟད། ལྷ་ས་གྲོང་ཁྱེར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་མི་སྒེར་སོགས་བྱ་དགའ་གཟེངས་བསྟོད་མང་པོ་ཐོབ་ཡོད་པ་རེད། 


རྩོམ་ཡིག་སྔོན་མ།
༄༅།། ཟླ་བ་སངས་རྒྱས།
རྩོམ་ཡིག་རྗེས་མ།
འཆི་མེད་རྡོ་རྠེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1