གཙོ་ངོས།>> སྒྱུ་རྩལ།>>ལག་རྩལ།

འཇམ་གྲགས་ཀྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༧ཉིན།

༄༅།། སྡེ་དགེ་པར་ཁང་གི་ཐུན་མོང་མ་ཡིན་པའི་པར་བརྐོས་ལག་རྩལ།


འཇམ་གྲགས་ཀྱིས་བྲིས། དཀོན་རྡོས་པར་བླངས།

       

ཞུ་དག་བྱེད་བཞིན་པ། 

     དེ་ལ་འདིར་སྤྱིར་བཏང་ནས་པར་བྲིས་རྐོས་གསུམ་གྱི་རྣམ་བཞག་མི་འདྲ་བ་གསུམ་ཡོད་ཀྱང་། ད་རེས་སྐབས་ཀྱི་བརྗོད་དོན་ནི། པར་གྱི་རྣམ་གཞག་མདོར་ཙམ་གླེང་ན། ཐོག་མར་དར་བའི་ལོ་རྒྱུས། བརྐོ་བའི་ཚུལ་མདོར་ཙམ་བཤད་པ། རྐོ་བྱེད་ལག་ཆའི་མིང་། རྐོ་བ་པོ་བཤད་པ། མཇུག་གཏམ་མཚོན་ཙམ་བཤད་པ་སྟེ་དོན་ཚན་ལྔའི་སྒོ་ནས་བསྟན་ནོ། །

དང་པོ། པར་བརྐོས་དར་ཚུལ།

        གདོད་མའི་དུས་སམ་ལོ་ངོ་ཁྲི་ཕྲག་དུ་མའི་ཡར་སྔོན་དུ། མིའི་སྲོག་ཆགས་ལ་རྣམ་དཔྱོད་དང་། ཤེས་རིག །ལུས་སོགས་དེ་ཙམ་ལེགས་པར་ཞིག་བྱུང་ཐུབ་མེད། དེ་དག་གིས་ཀྱང་རང་གི་ཞེ་འདོད་ཀྱི་བརྗོད་དོན་དེ། གཞན་ལ་སྟོན་པར་བྱེད་པའི་གཟུགས་རིས་ཁྱད་པར་བ་རི་ཆུ་ལྗོན་ཤིང་དང་། ཕྱུགས་འཚོ་བ་དང་། གཡུལ་འགྱེད་པའི་རྣམ་པ་འདྲ་མིན་མང་པོ་བྲག་སོགས་ལ་རྐོས་སྲོལ་ཡོད་པར་གྲགས། དེ་ནས་མིའི་སྲོག་ཆགས་དེ་དག་ལ་རྣམ་དཔྱོད་དང་། ཤེས་རིག ལུས་སོགས་རིམ་གྱིས་ཇེ་ལེགས་སུ་བྱུང་ནས། འགྲོ་བ་མི་ཞེས་སྲོག་ཆགས་ཐམས་ཅད་ལས་མཆོག་ཏུ་གྱུར་པ། སྨྲ་ཤེས་དོན་གོ་བའི་མཚན་ཉིད་དང་ལྡན་པ་འདི་ཉིད་ཆགས་ནས་རིང་ཞིག་འདས་པ་ན། བོད་ཀྱི་མེས་དབོན་རྣམ་གསུམ་གྱི་སྐུ་རིང་དུ་ནང་པའི་བསྟན་པ་འདི་ཉིད་བོད་དུ་དར། དེ་ཉིད་དར་སྤེལ་གྱི་ཆེད་དུ་གསར་བསྐྲུན་བྱས་པའི་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཤིང་ལ་པར་འདེབས་བྱེད་པའི་ལུགས་སྲོལ་འདིའང་དར་བ་བྱུང་མོད། དེ་དག་རྐོ་བའི་ཚུལ་དང་། སྲོལ་གཏོད་པ་པོ་སོགས་ནི་འདི་དང་འདིའོ་ཞེས་བཤད་པར་དཀའ། དེ་ནས་རྗེ་རིན་པོ་ཆེ་བོད་དུ་ཕེབས་པའི་དུས་དེ་ལ། ནང་ཆོས་ཡང་དར་འཕེལ་ཆེན་པོ་བྱུང་ཞིང་། དེ་སྤེལ་བར་བྱེད་པ་ལ་གཅིག་ལས་དུ་མ་འབྱུང་བའི་འཕེལ་གདུང་རིང་བསྲེལ་དང་། ཆོས་མཚུངས་པའི་ཆོས་སྦྱིན་ཟད་མི་ཤེས་པའི་ཆོས་ཀྱི་ཕྱི་མོ་འདི་ཉིད། པར་འདེབས་ཀྱི་དར་ཁྱབ་ཆེན་པོར་བྱུང་བར་བརྟེན། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོང་འགྲེལ་བཅས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་དུ་གནས་པར་འགྱུར། །ཞེས་དང་། པཎ་ཆེན་བཅུ་པ་མཆོག་གིས། འཇིག་རྟེན་མིག་འབྱེད་གསུང་རབ་སྟེ། །ལེགས་ཉེས་གསལ་བའི་མེ་ལོང་ཡིན། །ཞེས་གསུངས་པ་བཞིན་པའི་ཤིང་ཐོག་ཏུ་འདྲ་པར་རྐོས་པའི་སྲོལ་བྱུང་།


པར་ལེབ་བཟོ་བ།


        བསྟན་པ་ཕྱི་དར་གྱི་དུས་ཤིག་ལ་བྱ་གྲགས་པ་རྒྱལ་མཚན་གྱིས་གཙང་དམྱལ་ཞེས་པ་རུ་འདྲ་རྐོས་ཤིང་པར་སྲོལ་ཐོག་མར་བཏོད་པར་སྣང་ཡང་། རྐོ་ཚུལ་སོགས་ཀྱི་ཡིག་ཆ་ནི་སྣང་དུ་མ་གྲུབ། དེ་ནས་རིམ་གྱིས་ནང་པའི་བསྟན་པ་འདི་ཡང་མདོ་ཁམས་སྨད་ནས་དར་བ་ལ་བརྟེན། སྡེ་དགེའི་རྒྱལ་ཁམས་འདིའང་གནམ་སའི་བར་དུ་ཤོང་དཀའ་བར་ལྟ་བུར་འགྱུར་བཞིན་པའི་སྐབས་དེར། སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་བསྟན་པ་ཚེ་རིང་གིས་སྤྱི་ལོ་1729 ལོར་དམ་ཆོས་སྤེལ་བར་ཡོད་ན་དེས་ཆོག་མེད་ཐབས་ཆག་པའི་རྒྱལ་བའི་བཀའ་བསྟན་འགྱུར་དེ་ཉིད་ཤིང་པར་བརྐོ་བའི་དབུ་བཙུགས། སྐབས་དེར་སྔོན་གྱི་ལས་དབང་དང་བསོད་ནམས་ཀྱི་དབང་གིས་ཁམས་སྡེ་དགེའི་ཡུལ་གྱི་བྱེ་བྲག་སྐུ་སེ་ནས་ཡེ་སངས་བྱམས་ཐོག་ལྷ་དབང་གིས་རྨི་ལམ་དང་། རྟེན་འབྲེལ་མང་པོས་སྣ་དྲངས་ཏེ། ཁམས་རྐོས་འདི་ཉིད་ཐོག་མར་གསར་གཏོད་མཛད། པར་གྱི་ཐོག་མ་ཚེ་མདོ་བརྐོས་ཏེ་ཆོས་རྒྱལ་ལ་སྐུ་ཚེ་བརྟན་ཆེད་དུ་འབུལ་བར་ལམ་ལ་ཆས་སྐབས། པར་ཁང་གི་རྟེན་འབྲེལ་ཐོག་མར་འཛོམས་ཐོག་ན་འགྲིགས། དེ་ནས་ད་ལྟའི་པར་ཁང་ཡོད་ས་དེར་འབྱོར་ཚེ་བཀལ་གླང་འདྲོགས་ཏེ་པར་གཏོར་བས་པར་ཁང་གི་རྒྱ་ཁྱོན་གྱི་རྟེན་འབྲེལ་ཡང་འགྲིགས་པར་གྲགས། དེ་ནས་རྒྱལ་པོས་རྡོ་སློབ་བཅུ་གསུམ་ཙམ་གྱིས་མི་མངོན་པའི་ས་བསློང་མཛད་ནས་པར་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་། སྐབས་དེར་རྐོས་པ་བྱམས་ཐོག་ལྷ་དབང་གི་དུད་ཁྱིམ་དང་། ཁོ་རང་གི་མིང་རྣམས་རྒྱལ་པོས་བསྟོད་བཀུར་གྱིས་ཐ་སྙད་རྣམས་གཞན་དུ་བསྒྱུར། ཁོང་གི་བྱ་བ་ལ་ཆོས་རྒྱལ་ཉིད་དགའ་འགུ་ཡི་རང་བས་དུད་ཁྱིམ་ལ། ཡི་རང་དང་། ཁོ་བོའི་མིང་ལ། ཁྱེད་ཀྱི་བྱ་བ་ལ་ནི། ལྷ་ཡང་ཐུགས་བརྙེས་པ་དང་། རྐོ་བྱེད་ལག་ཆ་ལ་ཀླུའང་དགྱེས་ས་འདུག་གསུངས་པ་ལ་བརྟེན་ནས། རྐོས་ལྷ་ཀླུ་དགྱེས། ཞེས་ཐ་སྙད་གསར་དུ་བཏགས། ཡི་རང་རྐོས་ལྷ་ཀླུ་དགྱེས་ལ་པར་རྐོའི་ལག་རྩལ་གསར་གཏོད་བྱས་པ་ལ་གཟེངས་རྟགས་ཇ་ནོམ་པ་དང་། སྡེ་དགེ་མངའ་ཁོངས་གང་དུ་སོང་ཡང་འགྲོ་འདུག་བྱེད་ཆོག་པ་དང་། ཁྲལ་འུ་ལག་སོགས་གང་ཡང་མི་དགོས་པའི་བཀའ་གནང་བ་བཅས་མཛད་དོ། །

གཉིས་པ། རྐོ་ཚུལ་དངོས།

        དང་པོ། འཁྲིས་ཤིང་བཅད་རྗེས་འཁྲིས་ཤིང་ལ་པར་ཡུ་དང་བཅས་པ་པར་ཤིང་ཚད་ལྡན་བཟོ་དགོས་སོ། །
        གཉིས་པ། པར་རྩ་ཁ་ཕར་འཁོར་ཏེ་གྲོ་འདམ་དང་སྦྱར་སྤྱིན་གང་རུང་ཁོད་སྙོམས་ཡག་པོ་བྱུགས་ནས་སྦྱར་རོ། །
        གསུམ་པ། སྐོམ་ཚར་དུས་རྒྱབ་ལྤགས་བཤུ་དགོས། བཤུ་སྐབས་ཆུའི་ཁ་འཁྲུ་ཟིམ་ཟིམ་རྒྱབ་ཏེ། བརླན་ཕབ་ནས་ལག་པའི་འཛུབ་རྩེས་ཡང་ཡང་བྱས་ནས་དབུར་ན། སྣག་ཚའི་རི་མོ་མ་གཏོགས་ཤོག་བུ་རིལ་གྱིས་འགྲིལ་ཡོང་བས། ཤོག་རོ་མེད་པར་ཁོད་སྙོམས་བཤུ་དགོས་སོ། །
        བཞི་པ། ཆུ་ནང་དུ་ཅུང་ཙམ་སྦང་སྟེ། དེ་ནས་ཆེ་གཅོད་བྱ། ཆེ་གཅོད་ཡར་བཙུགས་མར་བཏེས་གཉིས་དགོས། དེ་ནས་ཡང་ཆུ་རྒྱབ་ནས་དྲངས་པོར་བཞག་ལ་བརླན་ཅུང་ཙམ་ཡོད་དུས་སུ། ཞིབ་རྐོས་བྱ་དགོས། ཞིབ་རྐོས་ཀྱི་ཐོག་མར་མིག་འབུག་ཡར་བཙུགས་མར་བཏེས་གཉིས་དང་། དེ་ནས་ཞིབ་རྐོས་ཡར་བཙུགས་མར་བཏེས་གཉིས་དང། འབྲུ་མ་མར་བཏེས་སྐབས་སྦོ་འབུག་མར་བཏེས་ཏེ། རྣམ་པ་རིམ་པ་བདུན་གྱི་སྒོ་ནས་གཏན་ལ་ཕབ་པ་ཡིན་ནོ། །
        ལྔ་པ། པར་རྐོས་ཀྱིས་འབྲུ་ཆག་གྲུམ་ཤོར་བ་དང་། ཤིང་ལ་འཛེར་མ་སོགས་སྐྱོན་རྣམས་སླར་གསོ་དགོས་པས་དེ་ལ་བརྐོ་བཙུགས་ཟེར་བས། རྐོ་བཙུགས་ལ་གྲངས་ཀ་བཞིའམ་ལྔ་ཙམ་དགོས་སོ། །
        དྲུག་པ། པར་ཤིང་མི་སྦོས་པའི་ཐབས་ལ་སྣུམ་བསྲེད་བྱ་དགོས། དེ་ཡང་ཉི་མའི་དྲོད་ཧ་ཅང་ཚ་སྐབས་ལ་རབ་དང་། དེ་མིན་མེ་དང་གློག་སོགས་ལའང་རུང་བ་ཙམ་ཡིན་ནོ། །
        བདུན་པ། དེ་ནས་ཆུ་དྲོད་ཅན་ཞིག་གིས་པར་ཐོག་ཤོག་རོ་མེད་པར་བཀྲུ་དགོས་སོ། །དེ་ནས་པར་དགོས་པ་ལས་རྐོ་ཚུལ་གྱི་རིམ་པ་མདོར་ཙམ་རེ་ཞིག་རྫོགས་པ་ཡིན་ནོ། །
གསུམ་པ། རྐོ་བྱེད་ཀྱི་ལག་ཆ།
        རྐོ་བྱེད་གསེག་གཅོད་ཀྱི་མིང་ལ། མགོ་གཤགས་གསེག་གཅོད། ཕྱིང་དིལ་གསེག་གཅོད། ཤིང་བཏེས། མིག་འབུག །འབྲུ་རྐོས་གསེག་གཅོད་སྲབ་ཐུག་གཉིས། སྦོ་འབུག །སྐེ་འབུག ཁ་ས་ཕྱགས་བྱེད་ལ། ལྡེམ་བཀུག །བརྐོ་བཙུགས་ལ། སྒམ་རྫང་། འབྲུ་འབུག །དཔུང་འབུག །ཚེག་འབུག་སྟེ་ཆེ་ཆུང་བདུན་ཙམ་དགོས་ངེས་སོ། །ད་དུང་གཞན་ཡོད་ཀྱང་ལྷ་བརྐོ་བྱེད་ཡིན་པས་འདིར་མ་བཤད་དོ། །

བཞི་པ། རྐོ་བ་པོ།
        རྐོ་མཁན་ལ་ལྡན་དགོས་པ། པར་ཚད་ལྡན་ལ་ཚང་དགོས་པའི་ཕྲ་ཁམས་སྒྲོས་གསུམ། ལེགས་ཁམས་འཛར་གསུམ། ཕྲ་གཅོད་ཁྲིག་ཟླུམ་སྟེ། པར་གྱི་མཚན་ཉིད་ཟུར་དྲུག་དང་ལྡན་པར་རྐོ་མ་ཤེས་བར་ཐོག་མར་སྦྱོང་དགོས། དེ་ནས་བསམ་མནོ་དང་ལུས་སྟོབས་ངེས་ཅན་ཞིག་དགོས་ངེས་པས་རང་ལོ་བཅོ་བརྒྱད་ལས་མི་ཆུང་བ་དང་། མིག་དབང་སོགས་རྒུད་པའི་དུས་སྐབས་ལོ་ངོ་ལྔ་བཅུ་ཡན་གྱི་གང་ཟག་རྣམས་ཀྱི་མིས་བརྐོ་བར། གཞོན་ནུའི་ལང་ཚོ་དར་ལ་བབ་པའི་དུས་སུ་འདིའི་བྱ་བ་ལ་བརྩོན་དགོས་ངེས་པར་ཡིན་ནོ། །

ལྔ་པ། མཇུག་གཏམ།
        ད་དུང་འབྲུ་རེ་རེ་ལ་འདྲ་བའི་དཔེ་དང་གསེག་གཅོད་དྲངས་སྟངས་སོགས་རྒྱས་པར་ཡོད་ཀྱང་ད་ཐེངས་ཡིག་ཚོགས་མང་དྲག་པར་དོགས་ནས་མ་བྲིས་མོད། འོན་ཀྱང་། པར་བརྐོའི་ལག་རྩལ་འདི་དར་ནས་དུས་ཡུན་རིང་ཙམ་འདས་ཟིན་ཀྱང་འདི་ཉིད་ལག་ལེན་དམར་ཁྲིད་ཙམ་ལས། བརྐོ་ཚུལ་གྱི་རིག་པའི་གཞུང་ལུགས་མེད་པ་ནི་སྐྱོ་འོས་པ་ཞིག་རེད། དེ་ལ་བརྟེན་ནས་བདག་གིས་ཕྲག་ཐོག་གི་ཁུར་པོ་བཞིན་མ་སྐུལ་དང་བླང་གི་ཚུལ་དུ་རྒན་རབས་ཀྱི་ངག་རྒྱུན་དག་པ་དང་། རང་གི་མྱོང་བ་བཅས་ལ་བརྟེན་ནས་ཡིག་ཆ་ཅུང་ཙམ་བཟོས་ཡོད་པས། དེ་ཡང་ལག་རྩལ་འདི་ཉིད་ད་ལྟ་ལ་ལྟོས་ནས་བཤད་ན་སྔར་དང་མི་འདྲ་བའི་ཆེན་པོ་འགྱུར་བ་ཐེབས་འདུག་པ་དང་། གལ་ཏེ་རེ་ཞིག་ནུབ་སྟེ། མེད་པར་གྱུར་ཀྱང་ཡིག་ཆ་འདི་ལ་བརྟེན་ནས་སྔར་ལྟར་སླར་གསོ་ཐུབ་པའི་རིག་གཞུང་ཅན་ཞིག་ཨེ་ཐུབ་བསམ་ནས་དུས་ཚོད་དཔལ་འབྱོར་གང་མང་ཞིག་གཏོང་སྟེ། སྔོན་མེས་པོ་དམ་པ་དག་གིས་དཀའ་བ་ཁྱད་བསད་དང་། ངལ་བ་དང་བླང་གི་སྒོ་ནས་སྲོལ་འབྱེད་པ་འདི་གངས་ཅན་བཟོ་རིགས། རིག་གནས་ཀྱི་ཁྲོད་དུ་རིག་གཞུང་ཅན་གྱི་གྲལ་དུ་ཚུད་པར་རེ་བ་ལ་འབད་པ་ཆེན་པོ་བྱས་པ་འདི་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །  

རི་མོའི་ཤིང་པར་རྐོ་དཀྲོལ་བྱེད་བཞིན་པ།

        

པར་ཤིང་སྣེ་མོར་ལེགས་བཅོས་བྱེད་བཞིན་པ།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1