གཙོ་ངོས།>> དེང་རབས་མི་སྣ།>>དམངས་ཁྲོད་མི་སྣ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༢༧ཉིན།

༄༅།། ཕུན་ཚོགས་ཚེ་རིང་།

རྒྱལ་ཁབ་རིམ་པའི་པར་བརྐོས་ལག་རྩལ་གྱི་རྒྱུད་འཛིན་པ་ཕུན་ཚོགས་ཚེ་རིང་།
ཚུལ་ཁྲིམས་བཟང་པོ།


        པར་བརྐོས་ལག་རྩལ་གྱི་རྒྱུད་འཛིན་པ་ཕུན་ཚོགས་ཚེ་རིང་ནི་1957ལོའི་ཟླ་5པར་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་དུ་སྐྱེས་ཤིང་། ཆུང་དུས་ནས་ཨ་ཕའི་རྗེས་སུ་འབྲངས་ཏེ་པར་ཁང་དུ་ལས་གནས་ལ་ཞུགས་པ་དང་། དང་ཐོག་པར་འདེབས་པ་ནས་རིམ་བཞིན་པར་བརྐོས་ལག་རྩལ་གྱི་ལས་ལ་ཞུགས་ཤིང་། བགྲང་བྱ་བཞི་བཅུའི་རིང་ལ་ཉིན་གཅིག་ལྟར་དུ་པར་ཁང་དུ་ལས་གཉེར་བྱས། ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཡིན་ཞིང་། 2017ལོར་《ཕུལ་བྱུང་བཟོ་པའི་མུ་འབྲེལ་གཏམ་རྒྱུད།》ཀྱི་ལེ་ཚན་སྒྲིག་སྦྱོར་རུ་ཁག་ཆེད་དུ་ཁོང་གི་ཟུར་དུ་ཡོང་ནས་བརྙན་ཕབ་ལེན་བྱས་པ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་རྒྱལ་ནང་གི་འཕྲིན་སྦྱོར་སྡེ་ཁག་ཆེ་གྲས་ཁག་གིས་བཏང་བ་རེད། ཁོང་ད་ལོ་དགུང་ལོ་61ལ་སོན་ནའང་པར་བརྐོས་ཀྱི་ལག་རྩལ་དང་བློའི་སྤོབས་པ་ནི་གཞོན་ནུ་ལོ་ཆུང་ཞིག་དང་མཚུངས་ལ། ད་དུང་མིག་མ་སྒྲིབ་དང་རྐང་མ་ཞ་བའི་བར་དུ་པར་བརྐོས་ཀྱི་ལག་རྩལ་འདི་མི་དོར་བའི་དམ་བཅའ་རྡོ་རྗེའི་བྲག་ལས་སྲ།

        2018ལོའི་ཟླ་6པའི་ཚེས་20ཉིན། ཞོགས་པའི་ཉི་ཟེར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་རྒྱ་ཕིབས་ཀྱི་ངོས་སུ་གསེར་འོད་ལྷམ་མེར་འཕྲོས་པའི་སྐབས་སུ། ངེད་གསར་འགོད་པ་པར་ཁང་དུ་ཕྱིན་ནས་པར་བརྐོས་ལག་རྩལ་གྱི་རྒྱུད་འཛིན་པ་ཕུན་ཚོགས་ཚེ་རིང་ལ་བཅར་འདྲི་བྱེད་འགོ་བརྩམས། སྐབས་དེར་ཁོང་གིས་ནན་ཏན་སྒོས་པར་ཤིང་རྙིང་པ་ཞིག་ཉམས་གསོ་བྱེད་བཞིན་འདུག་ལ། ང་ཚོ་ཡོང་བར་མཐོང་དུས་པར་ཤིང་པང་དུ་བཅུག་སྟེ་ཐོད་པ་དང་མཁུར་ཚོས་ཀྱི་གཉེར་རིས་བསྡུ་ཙམ་བྱས་ནས་དྲིས་ལན་སྟབས་བདེ་ཞིག་གནང་བྱུང་།
        ཁོང་གིས་བཤད་རྒྱུ་ལ། སྡེ་དགེ་པར་ཁང་ནི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཞེངས་ཤིང་། ད་བར་རྒྱུད་འཛིན་དང་དར་སྤེལ་བྱས་པ་རེད། མི་རིགས་སྲིད་ཇུས་ཇེ་ལེགས་ཕྱིན་ཏེ་ཆོས་སྒོ་ཕྱེ་དུས་སུ་སྡེ་དགེ་པར་ཁང་དུ་པར་འདེབས་མཁན་དང་པར་བརྐོ་མཁན་སོགས་ཆ་ཚང་རྩ་འཛུགས་བྱས་ཤིང་། སྐབས་དེ་དུས་སྡེ་དགེ་ལུང་པ་རུ་པར་བརྐོས་དང་པར་འདེབས་སོགས་ཀྱི་ལག་རྩལ་པ་500ཡས་མས་ཡོད་ལ། དེའི་ཁྲོད་རང་གི་ཕ་རྒན་ཡང་འདུས། ང་ཆུང་དུས་ནས་པར་ཁང་བསྐོར་བའམ་པར་མཇལ་དུ་ཐེངས་འགའ་འགྲོ་མྱོང་ཡོད། དེའི་སྐབས་ང་རང་ལོ་བཅུ་གསུམ་བཅུ་བཞི་རེད། སྐབས་དེར་སྡེ་དགེ་ལ་པར་ཁང་ལས་གཟི་བརྗིད་ཆེ་བའི་བཟོ་བཀོད་གཅིག་ཀྱང་མཐོང་མྱོང་མེད་ལ། གྱང་དང་ཀ་གདུང་རིག་དུས་ཧ་ལས་སོང་། ངས་པར་ཤིང་ཁ་ཤས་ཚུར་འཐེན་ནས་བལྟས་པས་འདི་རྣམས་ཅི་འདྲ་བྱས་ནས་བརྐོས་ཡོད་དམ་སྙམ་སྟེ་སེམས་ལ་ཡ་མཚན་དང་དོགས་གཞིས་ཁེངས་སོང་། དེ་མ་ཟད་ལོག་ཡིག་རྣམས་མཐོང་བའི་དུས་སུ་འདི་ཅི་འདྲ་བརྐོས་པ་ཡིན་ནམ་སྙམ་སྟེ་ཡ་མཚན་ཆེན་པོ་སྐྱེས། ངའི་ཕ་རྒན་ནི་པར་རྩ་བྲིས་མཁན་ཨང་དང་པོ་ཞིག་ཡིན་ལ། རྒྱུན་དུ་པར་རྩ་འབྲི་ཆེ་ནས་དཔུང་པ་འཁྱོག་སྟེ་ལག་པ་བཀྲུ་བ་དང་རྩམ་པ་རྫི་བའི་སྐབས་སུ་སྟབས་བདེ་མེད། རྗེས་སུ་ཕ་རྒན་གྱིས་ང་པར་ཁང་དུ་ཁྲིད་ནས་པར་ཁང་གི་ལོ་རྒྱུས་དང་པར་བརྐོས་ལག་རྩལ་གྱི་དགེ་མཚན་སོགས་གང་མང་བཤད་མྱོང་། དེ་ནས་རིམ་བཞིན་ང་ལ་ཨ་ཕའི་ཤུགས་རྐྱེན་ཐེབས་ཏེ་པར་བརྐོས་ལག་རྩལ་ལ་སྤྲོ་སྣང་ཆེ་ཞིང་སྦྱོང་འདོད་ཀྱི་འདུན་ལ་སྐྱེས་ཞེས་ཟེར། བཤད་མཚམས་དེར་སླེབས་དུས་ངའི་བསམ་པའི་ཡུལ་དུ་དྲི་བས་ཁེངས་ཤིང་། མུ་མཐུད་དུ་བཅར་འདྲི་བྱ་རྒྱུའི་བློ་སྤོབས་སྐྱེས་ཏེ། པར་བརྐོས་ལག་རྩལ་ཇི་ལྟར་སྦྱོང་ཚུལ་དང་། ལོ་མང་པོ་ཞིག་ལ་ཅིའི་ཕྱིར་རྒྱུན་འཁྱོངས་བྱས་ཚུལ། རྗེས་རབས་གཞོན་ནུའི་ཚོགས་ལ་གདམས་ངག་གང་དག་བརྒྱུད་ཚུལ་སོགས་དྲི་བ་མང་པོ་ཞིག་འདྲི་རྒྱུའི་འགོ་བརྩམས་པ་ཡིན།
        ཁོང་གིས་སུན་སྣང་མེད་པར་སེམས་ལ་གང་དྲན་བཤད་པ་མ་ཟད། ད་དུང་ཅུང་ཁེངས་སྐྱུང་གི་ངང་ནས་རྒྱ་སྐད་ཡག་པོ་མི་ཤེས་པའི་རྐྱེན་གྱི་མི་རིགས་གཞན་པ་ལ་ངོ་སྤྲོད་ཡང་དག་ཞིག་བྱ་མི་ཐུབ་ཀྱང་། རང་སྐད་ཀྱིས་དྲི་བ་འདྲི་དུས་སེམས་ནང་གང་དྲན་བཤད་ལོས་ཐུབ་ཟེར། ཁོང་གིས་བཤད་པར་ལྟར་ན། སྔོན་མར་པར་ཁང་དུ་ལས་གཉེར་ཡོང་མཁན་གང་མང་ཞིག་ལ་གླ་ཕོགས་དམའ་བ་དང་ལས་ཀ་ལྕི་བ། འགྲོ་འདུག་སྤྱོད་གསུམ་ལ་གཙང་སྦྲ་དག་སྣང་སོགས་ཚུལ་མཐུན་གྱི་སྒྲིག་ལམ་བརྩི་སྲུང་བྱ་དགོས་པའི་རྐྱེན་གྱིས་ལོ་དང་ཟླ་བ་ཁ་ཤས་ལས་གཉེར་བྱས་ནས། མཐར་ཤིང་བཟོ་དང་ལྷ་བཟོ་སོགས་ལས་གནས་གཞན་ལ་ཞུགས་མཁན་མང་ཡང་། ཁོང་ལ་ཕ་རྒན་ནས་བརྒྱུད་པའི་རིན་ཐང་བྲལ་བའི་ལག་རྩལ་ཞིག་རང་གི་རྒྱུད་ལ་ཡོད་པ་དང་། དེ་ལ་འབད་འབུངས་བྱ་འདོད་པའི་དད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡོད་པས། བགྲང་བྱ་བཞི་བཅུ་ལྷག་གི་རིང་ལ་བློ་བརྟན་འགྱུར་མེད་ངང་པར་བརྐོས་ལག་རྩལ་ལ་འཇུག་པ་ཡིན་ཟེར།
        ཁོང་གིས་གདོང་ལ་འཛུམ་དམུལ་ལེར་བྱས་ཏེ་ན་རེ། ང་དང་པོ་པར་ཁང་དུ་ལས་གཉེར་བྱེད་ས་འགྲོ་དུས་ཉིན་རེ་སྒོར་མོ་བརྒྱད་དགུ་ཙམ་ལས་མེད་པ་མ་ཟད། ཟ་ཉལ་ཚང་མ་རང་གིས་ཐག་གཅོད་བྱེད་དགོས། ད་དུང་གྲོང་སྡེའི་རྩྭ་འཐུ་ནས་རྔ་དང་། འབུད་ཤིང་འཐུ་བ། ཞིང་ལ་འཕྲུ་སློག་པ་སོགས་ཀྱི་སྐབས་སུ་ངའི་འདུག་རོགས་ཀྱིས་ཉེ་འབྲེལ་དང་ཁྱིམ་མཚེས་ཀྱི་རོགས་རམ་ལ་བརྟེན་ནས་དུས་བཞིའི་ལས་རིགས་མཐའ་དག་ཐག་གཅོད་བྱེད་བཞིན་ཡོད་པས། མོས་སྐབས་སྐབས་སུ་ཁྱོད་འདི་མི་འཇོན་ཐང་མེད་མཁན་ཞིག་རེད་འདུག དུད་ཁྱིམ་གཞན་པའི་ཕོ་སར་རྣམས་ལ་ལྟོས་དང་ལུས་ལས་ཀ་དང་ཁོག་ཤེས་རྒྱ་ཅི་འདྲ་འདུག་ཅེས་གཤེ་གཤེ་གང་མང་བཏང་མྱངས་། འོན་ཀྱང་ད་ལྟ་འདུག་རོགས་དང་བུ་རྒྱུད་ཚོས་ངའི་བྱ་གཞག་དང་རྒྱུན་འཁྱོངས་ལ་ངོ་ལེན་གང་ལེགས་བྱས་པར་མ་ཟད། རྒྱབ་སྐྱོར་ཡང་བྱེད་བཞིན་ཡོད། ད་ལྟ་རྒྱལ་ཁབ་ཀྱིས་ལོ་རེར་འཚོ་བའི་འགྲོ་གྲོན་ཕྲ་ལ་ཕྲན་བུ་སྦྱིན་པ་མ་ཟད། ས་ཆ་གཞན་དུ་ལྟད་མོ་ལྟ་ས་ལའང་སླེབས་སོང་། རྒྱུད་འཛིན་གྱི་བུ་སློབ་ཀྱང་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དང་དེ་ཚོའི་སྤུས་ཀའང་ཇེ་ལེགས་རེད། དེ་བས་ང་ནི་སྤྱང་གྲུང་འཛོམས་ཤིང་འཇོན་ཐང་ཅན་གྱི་མི་ཞིག་མིན་ནའང་། རིག་པའི་གཏེར་མཛོད་འདི་རུ་རང་ནུས་ཅི་ལྕོགས་ཀྱིས་ལས་གཉེར་ལོ་གྲངས་མང་པོ་བྱས་པས། རྒྱུ་དེ་ལ་བརྟེན་ནས་ད་ལྟའི་བསོད་ནམས་དང་འབྲས་བུ་འདི་དག་ཡོང་བར་ཅིས་མ་ཡིན་སྙམ་ཞེས་ཟེར། ལས་རོགས་ཀྱིས་གསལ་འདེབས་མ་བྱས་ན་ངའི་བསམ་པའི་བྱིའུ་ཆུང་དེ་མངའ་སྐྱུར་འདྲེས་མའི་གཏམ་རྒྱུད་དང་འགྲོགས་ཏེ་རྦད་དེ་གཡེང་ནས་གཞུག་ཏུ་དྲི་བ་གང་འདྲི་རྒྱུ་ཡང་བརྗེད་འདུག

        ངས་དངོས་མིན་ཤུལ་བཞག་རིག་གནས་སྐོར་ལ་དྲི་བ་འགའ་ཤས་དྲི་འགོ་བརྩམས་པས། ཁོང་གིས་དངོས་མིན་ཤུལ་བཞག་རིག་གནས་ཞེས་རྒྱ་ཆེ་ཞིང་རྒྱང་རིང་ལ། གཏིང་ཟབ་པའི་གནས་ཚུལ་གང་ཡང་མི་ཤེས་ཀྱང་། རང་ཉིད་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས་དེ་ལ་བསམ་མནོ་གཏོང་བཞིན་ཡོད། ངས་བལྟས་ན་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་པ་ནི་རིག་གནས་ཀྱི་བསྟན་པ་མི་ནུབ་པའི་ཆེད་དུ་རྒྱུད་འཛིན་བྱེད་པ་དང་དར་སྤེལ་གཏོང་བ། པར་བརྐོས་ལག་རྩལ་གྱི་རྒྱུ་ཆ་དང་ལག་ཆ་སོགས་ཚང་མ་ལས་ཤེས་མཁན། རང་གིས་ཤེས་པ་དེ་རོགས་པ་རྣམས་ལ་བསླབ་རྒྱུ་དང་འཁྲིད་རྒྱུ། གཙོ་བོར་རྗེས་མ་བརྟན་པོར་ཆགས་ནས་མི་ནུབ་པར་ལུས་ཐུབ་པའི་ཆེད་དུ་འབད་འབུངས་བྱ་མཁན་དེ་ལ་བརྗོད་ན་འགྲིག་འདུག་སྙམ་ཞེས་ཟེར།

        སྤྱི་བཏང་ཁོང་ལོ་ཚད་མཐོན་པོ་ཡིན་ནའང་། མ་འོངས་པའི་མདུན་ལྗོངས་རིང་ཞིང་། མིང་དོན་མཚུངས་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་ཞིག་ཡིན་ཏེ། ཁོང་གིས་ཆག་སྐྱོན་བྱུང་བ་དང་བྱི་བས་ཟོས་པའི་པར་ཤིང་རྙིང་པ་མཐའ་དག་ཉམས་གསོ་བྱས་དང་བྱེད་བཞིན་ཡོད་ལ། ད་དུང་པར་ཤིང་གསར་བརྐོས་ཐད་ལ་འབད་འབུངས་གང་ལེགས་གནང་འཆར་འདུག ཁོང་གི་རེ་བ་ནི་པར་ཤིང་རྙིང་པ་བྱིན་ལྡན་ཅན་རྣམས་ཉམས་གསོ་བྱས་ནས་རྟེན་གྱི་ཚུལ་དུ་ཉར་ཚགས་སྤུས་ལེགས་བྱ་རྒྱུ་དང་། པར་ཤིང་གསར་པ་བརྐོས་ཏེ་དད་ལྡན་མང་ཚོགས་སོགས་བླུ་མཁན་ཚོའི་འདོད་འདུན་བསྐང་རྒྱུ་དེ་དང་། རྒྱུད་འཛིན་གྱི་བུ་སློབ་གང་མང་གསོ་སྐྱོང་བྱས་ཏེ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་པར་བརྐོས་ལག་རྩལ་དེ་འཛམ་གླིང་ཐ་གྲུ་ཀུན་ལ་ཁྱབ་གདལ་དུ་བཏང་ནས། ཇི་སྲིད་བསྐལ་པ་མ་འཇིག་པའི་བར་དུ་དེ་སྲིད་དུ་བརྟན་པའི་ཕུགས་འདུན་བཅངས་ཡོད། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1