རྨོ་མོ་དང་རྒྱང་ཐག་རིང་བའི་ལྷ་ས།

མར་ཁུ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


ངའི་རྨོ་མོ། ད་ལོ་དགུང་ལོ་85ཡིན།

ངའི་རྨོ་མོའང་བོད་ཡུལ་གྱི་རྨོ་མོ་གཞན་དག་དང་འདྲ་བར།

ནངས་ཇ་འཐུང་རྗེས། འཁར་བར་བརྟེན་ནས།

མ་ཎི་ཁང་དུ་འགྲོ་བར་དགའ་ཞིང་།

ཁ་ཏོན་ཡོད་ཚད་མཇུག་རྫོགས་རྗེས། ཁོ་མོས།

ལོ་ཟླ་འདི་དག་རིང་ལ། ཁ་ཁུ་སིམ་མེར།

ལྷིང་འཇགས་ཀྱི་གྲུ་ག་ཆུང་ཆུང་ཞིག་ན།

ལྷ་ས་ཟེར་བའི་རྒྱང་རིང་གི་གྲོང་ཁྱེར་ཞིག་གླེང་གིན་འདུག

ངའི་རྨོ་མོ། འཇིག་རྟེན་འདིར་འོང་ནས།

མི་ལོ་85འདས་ཟིན་ནའང་།

ལོ་ཟླ་དེ་དག་གི་རིང་ལ། ཁོ་མོ།

ལྷ་ས་ཟེར་བའི་རྒྱང་རིང་གི་གྲོང་ཁྱེར་དེ་ལ།

ཐེངས་གཅིག་ལའང་སོང་མ་མྱོང་།

ངའི་རྨོ་མོས་ནམ་རྒྱུན། རྒྱང་རིང་རྒྱང་རིང་ཞིག་ན།

ལྷ་ས་ཟེར་བའི་གྲོང་ཁྱེར་ཞིག་ཡོད་ཅེས་གླེང་བར་དགའ་ཞིང་།

ངས་ཀུ་རེའི་ཚུལ་དུ་ལྷ་ས་ཟེར་བའི་རྒྱང་རིང་གི་གྲོང་ཁྱེར་དེ་ན།

དོན་ངོ་མ་ཅི་ཞིག་ཡོད་དམ་ཞེས་འདྲི་ཐེངས་རེར།

ཁོ་མོས་མཆུ་སྒྲོས་མུར་མུར་འགུལ་བཞིན།

ལྷ་ས་ན་ལྷ་དང་ལྷ་མོ་མང་པོ་ཡོད་པ་རེད་ཟེར།

ངས་སླར་ཡང་ཀུ་རེའི་ཚུལ་དུ།

ལྷ་མང་ས་ན་འདྲེ་ཡང་མང་པོ་ཡོད་པ་རེད་ཅེས་སྨྲས་པ་ན།

ཁོ་མོས་མྱུར་དུ་མིག་ཟུང་བཙུམས་ནས།

ཐལ་མོ་སྙིང་གར་སྦྱོར་བཞིན།

ཨ་ཙི། དེ་ལྟར་བརྗོད་མི་རུང་།

ལྷ་ས་ན་ལྷ་མ་གཏོགས་འདྲེ་ཡོད་པ་མ་རེད་ཟེར།

ངའི་རྨོ་མོ། ད་ལོ་དགུང་ལོ་85ཡིན།

ངའི་རྨོ་མོས་ཀྱང་བོད་ཡུལ་གྱི་རྨོ་མོ་གཞན་དག་དང་འདྲ་བར།

དུས་ཆེན་རེ་རེར། ངེད་ཚང་གི་མཆོད་ཁང་ནང་དུ་སོང་ནས།

མཆོད་མེ་བསྒྲོན་ཏེ།

སྐྱེ་འགྲོ་ཡོངས་ལ་ཚེ་རིང་ནད་མེད་ཡོང་བའི།

གསོལ་བ་འདེབས་བཞིན་འདུག་ཅིང་།

གྱང་ལྡེབས་དང་བརྙན་འཕྲིན་གྱི་ངོས་ནས།

ཕོ་བྲང་པོ་ཏཱ་ལ་མཐོང་ཐེངས་རེར། ཁོ་མོས།

ཞྭ་མོ་འཕུད་ནས།

ཐལ་མོ་སྙིང་གར་སྦྱོར་བཞིན་འདུག

ལྷ་ས་ཟེར་བའི་རྒྱང་རིང་གི་གྲོང་ཁྱེར་དེ་ན།

ངའི་རྨོ་མོ་ལ་སུ་ཞིག་གིས་སྒུག་ཡོད་མེད་མི་ཤེས་ཀྱང་།

ལོ་ཟླ་འདི་དག་གི་རིང་ལ། ངའི་རྨོ་མོས་ནམ་རྒྱུན།

ལྷ་ས་ཟེར་བའི་རྒྱང་རིང་གི་གྲོང་ཁྱེར་དེ་གླེང་བཞིན་འདུག  


རྩོམ་ཡིག་སྔོན་མ།
ཞོགས་པའི་མགྱོགས་བྲིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1