རྒྱལ་ཐང་བྲག་ལམ་བོད་སྡེའི་བག་སྟོན།

པད་མ་ཚེ་རིང་གིས་བྲིས་ཤིང་པར་བླངས རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


 འདི་ནི་རྒྱལ་ཐང་གི་གཞས་མོ་དུམ་བུ་ཞིག་ཡིན། རྒྱལ་ཐང་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ཀྱི་ནང་ལ། གནའ་ནས་ད་བར། ན་གཞོན་ཕོ་མོ་གཉིས་ཀ་ཕན་ཚུན་དགའ་མགུ་ཡོད་ན། དགའ་བའི་གཞས་མོ་བཏང་ནས་དགའ་རོགས་སྒྲིག་སྲོལ་ཡོད་པ་དང་། རྗེས་མར་ཕོ་མོ་གཉིས་ཀ་ལས་ཀྱིས་མཐུན་ན་འཇིག་རྟེན་གྱི་བཟའ་ཚང་བསྒྲིགས་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གྲུབ་པ་རེད།

 བག་མའི་བག་སྟོན་ནི་མི་ཚེ་གཅིག་གི་སྐབས་སུ་གལ་ཆེ་བའི་མཛད་སྒོ་ཞིག་ཡིན། ན་གཞོན་ཕོ་མོ་གཉིས་ཀ་དགའ་རོགས་སྒྲིགས་ནས་བག་སྟོན་བྱེད་པའི་བར་བག་སློང་བ་དང་། སློང་ཆང་འཛུགས་པ། བག་སྐར་ལྟ་བ། བག་སྐྱེལ་བ། བག་བསུ་བ། བག་སྟོན་བྱེད་པ། བག་ལོག་པ་སོགས་ཀྱི་རིམ་གྱིས་སྲོལ་རྒྱུན་གྱི་གོམས་གཤིས་གུས་ལུགས་ཀྱི་མཛད་སྒོ་མང་པོ་བྱེད་དགོས་སྲོལ་ཡོད།

ཁ་སང་ཁ་བ་ལྷབ་ལྷུབ་ཏུ་བབས་ན་ཡང་། དེ་རིང་བཀྲ་ཤིས་པའི་ཡུལ་གྲུ་འདི་ལ་གསེར་མདོག་གི་ཉི་འོད་ལམ་ལམ་དུ་འཕྲོས་བྱུང་། ཁ་རྒྱབ་གསེར་གྱི་ཉི་མ་ཤར་བའི་རྟེན་འབྲེལ་ཡག་པོ་ཞིག་གི་མདུན་བསུས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གི་གྲོང་རྡལ་བྲག་ལམ་གྲོང་ཚོ་རུ་ཕ་དོན་འགྲུབ་དང་། མ་བློ་བཟང་སྒྲོལ་མ་གཉིས་ཀྱི་བུ་བློ་བཟང་ཕུན་ཚོགས་ཀྱི་བག་སྟོན་གྱི་ཉིན་མོ་ཡིན། འཇོལ་རྫོང་ཐང་ལ་གྲོང་སྡེའི་ཚེ་རིང་དཔལ་གཡང་ནི་ཁོང་ཚང་གི་བག་མར་བསུས་ཡོད། ག་ས་གང་གི་ཉེ་བ་དང་། གྲོགས་པོ། གྲོང་རོགས་སོགས་འཛོམས་ནས་བག་མ་བསུ་ལེན་བྱས་ཤིང་དགའ་སྤྲོའི་གླུ་གར་ལ་རོལ།

རྒྱལ་ཐང་གི་བག་མ་བག་སྟོན་གྱི་ནང་ལ་བག་སྐྱེལ་བ་དང་བག་བསུ་བ་གཉིས་ཀ་དེ་ཧ་ཅང་ཁྱད་ཆོས་ལྡན་པའི་མཛད་སྒོ་ཞིག་ཡིན་པ་དང་། མཛད་སྒོ་དེའི་ནང་ལ་བག་དཔོན་གྱིས་བག་མ་སྐྱེལ་བ་དང་། མགྲོན་དཔོན་གྱིས་བག་མ་བསུ་བའི་སྲོལ་རྒྱུན་ཡོད་པས། བག་མ་བསུ་བ་དེའི་ནང་ལ་བག་སྐྱེལ་དང་བག་བསུ་གཉིས་བར་བག་གླུ་མང་པོ་ལེན་ནས་བག་བཀག་རྒྱག་སྲོལ་པ་དང་། གྲོང་ཚོའི་ལམ་ཁར་མདའ་དར་གྱིས་གཡང་བསུ་ཚར་ནས་རྟ་ལ་འབབ་དེ་རྟ་འབབ་གླུ་ལེན་པ་དང་། ལམ་ནང་སླེབས་ན་ལམ་བཀག་གླུ་ལེན་པ། སྒོ་ནང་བུད་ན་སྒོ་བཀག་གླུ་ལེན་པ། ཁྱིམ་ནང་ཐོན་ན་ཁྱིམ་གླུ་ལེན་པ་སོགས་རིམ་གྱིས་གུས་སྲོལ་མཛད་སྒོ་བྱེད་དགོས་སྲོལ་ཡོད།

བག་སྐྱེལ་རྣམས་ཁྱིམ་ནང་གི་ཐབ་ཚང་དུ་ཐོན་དུས་བག་བསུ་རྣམས་ཀྱིས་ཁྱིམ་གླུ་ལེན་པ་སྟེ། 

བྱོན་བྱུང་མགྱོགས་བྱུང་ཁམས་བཟང་བྱུང་། །ཁམས་ས་ཐག་རིང་གི་མགྲོན་བྱོན་བྱུང་། ། མགྲོན་མ་བྱོན་སྔོན་ལ་མགྱོགས་གསུམ་ཡོད། །མགྲོན་མ་བྱོན་སྔོན་ལ་རྩེན་གསུམ་ཡོད། །མགྲོན་མ་བྱོན་སྔོན་ལ་བྲོ་གསུམ་ཡོད། །མགྱོགས་གསུམ་རྩེན་གསུམ་བྲོ་པ་གསུམ། ། མགྲོན་ཁྱེད་ཅག་མིང་ངོ་ཚུར་བཤད་རོགས། །དེ་དགུ་ཡི་མིང་ངོ་མ་བཤད་ན། །མགྲོན་ཁྱེད་ཅག་བཞུགས་པ་ལས་སླ་མེད། །

བག་སྐྱེལ་རྣམས་ཀྱིས་ངག་ལྷོད་ལྷོད་ཀྱིས་བྱ་ལན་འདེབས་པ་སྟེ།

མགྲོན་མ་འོང་སྔོན་གྱི་མགྱོགས་གསུམ་དེ། །དར་གདན་ཕྲུག་གདན་ཐགས་གདན་མགྱོགས། ། མགྲོན་མ་འོང་སྔོན་གྱི་རྩེན་གསུམ་དེ། །གསེར་པར་ཞལ་དཀར་དཀར་སྡེར་རྩེན། ། མགྲོན་མ་འོང་སྔོན་གྱི་བྲོ་གསུམ་དེ། །ཇ་ཆང་སྦྲང་གསུམ་བྲོ་བ་ཞིམ། །

ལན་རྒྱག་ཚར་རྗེས་བག་སྐྱེལ་གྱི་མགྲོན་པོ་རྣམས་གྲལ་ནང་མར་བཞུགས་པ་དང་། བག་མ་གཉིས་ཀྱིས་ཚངས་པས་མཛུལ་ཁྲིད་གནང་ནས་མཆོད་མེ་གཏོང་པ་དང་། དེའི་རྗེས་སུ་བག་མ་གཉིས་གྲལ་ནང་བཞུགས་ནས་དགེ་རྒན་གྱིས་ཞལ་གདམས་ཉན་ཡོད་པ་དང་། དགེ་རྒན་གྱི་གྲལ་གཏམ་བཤད་ཚར་ན་མི་ཀུན་གྱིས་ཡར་ལངས་ནས་དབུ་ཀར་དྲང་སྐོར་བྱས་ནས་གཡང་བསུ་བྱེད་སྲོལ་ཡོད། མཛད་སྒོ་དེ་བྱེད་ཚར་ན་ཐེངས་འདིའི་བག་བསུའི་མཛད་སྒོ་མཇུག་རྫོགས་སོང་།

དགོང་མོར་བག་བདག་དང་བག་སྐྱེལ་གཉིས་ཀྱི་བར་སྐོར་བྲོ་འཁྲབ་ནས་འགྲན་བསྡུར་བྱེད་པས་མཚན་ཐོག་ཐག་ཆོད་བཅུགས་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1