བསོད་ནམས་ཆོས་དར

སྤྱོད་ལམ་དང་ཁྲིམས་ལུགས་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-09


   འགྲོ་བ་མིའི་ཚོགས་པ་འདི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་ཁྲོད་དུ། ཡུལ་དུས་ཀྱི་དབང་གིས་རིག་གནས་འདྲ་མིན་ཞིག་དར་མྱོང་ལ། རིམ་བཞིན་རིག་གནས་དེ་དག་གི་དབང་གིས་མིའི་བློ་ངོར་ཡག་བཙོག་དང་འགྲིག་མིན་གྱི་རྣམ་བཞག་ཅིག་ཀྱང་རིམ་གྱིས་ཆགས་པ་རེད། དེ་བས་མི་མང་ཕྱོགས་ཀྱི་བློ་ངོར་བབས་པའམ་ཁས་ལེན་ཐོབ་པའི་བྱ་བ་དང་སྤྱོད་པ་ལ་སྤྱིའི་ཆ་ནས་ལེགས་པའི་ཐ་སྙད་འདི་སྦྱར་བའི་གོམས་སྲོལ་དེའང་ཆགས་དགོས་པ་དུས་སམ་ལོ་རྒྱུས་ཀྱི་དགོངས་པ་འབའ་ཞིག་ཏུ་གྲུབ་ཡོད།

སྤྱིར་བཏང་དུ་སྤྱོད་ལམ་ཞེས་པ་དེ་ནི་ང་ཚོར་སྔོན་ནས་གོ་ཐོས་ཡོད་པ་ལྟར་འགྲོ་འདུག་ཉལ་འཆག་གི་བྱ་བ་ལ་གོ་བ་རེད། རགས་པའམ་སྤྱིའི་ཆ་ནས་བལྟས་ན་འདི་ལ་མ་འགྲིག་པ་ཆེར་མེད་སྙམ་ལ། སྤྱི་ཚོགས་གང་ཞིག་གི་འགྲོ་འདུག་ཉལ་འཆག་གི་གོམས་གཤིས་ལ་མ་མཐུན་ན་དེ་ནི་བྱ་ལོག་སྤྱོད་ལོག་གི་མི་ཐ་ཤལ་བར་བརྩི་བ་རེད། དེ་འདྲ་ཡིན་ནའང་འཚོ་བའི་ཁྲོད་དུ་སྤྱི་ཞིག་ལ་ངེས་པར་དུ་བསྟུན་མི་དགོས་པའི་མིའང་རེ་འགའ་ཐོན་ཡོད། རང་གིས་ཐུན་མིན་གྱི་བློ་གྲོས་བེད་སྤྱད་ནས་སྤྱི་ཚོགས་སམ་ཚོགས་པ་གང་དེའི་མུན་འཐོམས་ལ་དགག་བཞག་དང་སྐུལ་འདེད་ཀྱི་མཛད་འཕྲིན་སྐྱོང་མཁན་བྱུང་བ་ལས་གཞན། མིའི་ལྷན་སྐྱེས་ཀྱི་དགའ་སྐྱོ་ཆགས་སྡང་གི་དབང་གིས་སྒེར་གྱི་དོན་དུ་གཞན་ལ་གནོད་པའི་བྱ་སྤྱོད་འདྲ་མིན་སྦྱོར་ཡོང་བ་ཡང་བྱུང་ཡོད། དེ་བས། མིའི་རིགས་ལ་ཐུན་མོང་སྤྱི་ལ་ཕན་པའི་ལུགས་ཤིག་ཡོད་དགོས་པའི་དྲན་པ་སྐྱེས་ནས་ལག་ལེན་དུ་བྱུང་བ་དེས་ང་ཚོས་ད་སྐབས་ཁྲིམས་ལུགས་ཞེས་པའི་ཐ་སྙད་འདི་འབྱུང་བར་ཐོགས་མའི་ས་བོན་གྲུབ། དེ་འདྲ་ཡིན་ནའང་ས་ཁོངས་སོ་སོའི་རིག་གནས་མི་འདྲ་བའི་དབང་གིས་ཁྲིམས་ལུགས་ལག་ལེན་བྱེད་པའི་གོ་རིམ་ཁྲོད་ནས་དྲང་བདེན་ཡིན་མིན་གྱི་གནས་ཚུལ་གང་མང་ཞིག་བྱུང་དང་འབྱུང་བཞིན་པ་རེད།

སྤྱིར་ཁྲིམས་ལུགས་རིག་པ་ནི་ད་ལྟ་རིག་ཚན་གཞན་དང་འདྲ་བར་རང་རང་ལ་ཐུན་མིན་གྱི་རིག་གནས་ཁྱད་ཆོས་དང་ཤེས་བྱ་ཡོད་པའི་ངོས་ནས་ང་ཚོས་གང་འདོད་དུ་ཁྲིམས་ལུགས་ཞེས་གླེང་བ་སྟེ། འདི་ལ་སྦྱང་བ་སོགས་དམིགས་སུ་བྱེད་མ་མྱོང་བའི་སློབ་མ་ཕལ་པ་ང་ལྟ་བུས་བརྗོད་ན་འགྲིག་མིན་མ་ཤེས་མོད། སྤྱིའི་ཆ་ནས་ཁྲིམས་ལུགས་ཀྱི་རྒྱུན་ཤེས་ཙམ་ཐ་ཐོར་ཞིག་ཤེས་ལ། རིག་ཚན་འདི་ངེས་པར་དུ་ཤེས་དགོས་པའི་གནད་གཙོ་བོ་ཞིག་ཀྱང་ཡིན་པ་ད་ལྟའི་བོད་དང་བོད་ལྟ་བུའི་རྗེས་ལུས་ཀྱི་མི་རིགས་དང་རྒྱབ་ཁབ་ཁག་གིས་དངོས་ཡོད་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་འདུག་སྙམ།

ཡང་ཁག་གི་ཁྲིམས་ལུགས་ཤིག་དྲང་བདེན་གྱི་ཁྲིམས་སྐྱོང་མཁན་ཞིག་གིས་བཀོལ་སྤྱོད་བྱས་ན་དེ་ལ་རིན་ཐང་ལྡན་པ་སྨོས་མ་དགོས་མོད། སྐབས་སྐབས་སུ་ཁྲིམས་སྤེལ་ཡུལ་དེ་བདེན་པའི་སྐྱོང་ཐབས་བྲལ་བའི་གནད་དོན་ཀྱང་འབྱུང་སྲིད་པ་ནི་དམངས་ཡོངས་ཀྱི་བླུན་རྨོངས་དང་ཤེས་འཇོན་ལ་ཅིས་ཀྱང་རག་ལས་པ་རེད། གང་གི་གནས་དེར་འཆལ་སྤྱོད་འདྲ་མིག་གནས་ལ། སྤྱི་ཚོགས་ཀྱི་ངོ་བོ་གདུག་རྩུབ་དང་སྡུག་བསྔལ། གུ་དོག་གི་རྣམ་པར་གནས་ན། དེ་རུ་བདེན་ཐུབ་ཀྱི་ཁྲིམས་ལུགས་ཤིག་སྤེལ་ཐབས་བྲལ། དེ་ནི་མ་གཞི་ཡུལ་དེ་ལྟ་བུར་སྒེར་གཅོད་རིག་གནས་དར་བས་ཡིན་ལ། སྒེར་གཅོད་ཀྱི་མཁའ་དབུགས་ཇི་ལྟར་མཐུག་ན་ཁྲིམས་ལུགས་ཀྱིས་དེ་ལྟར་ལྡོག་ཕྱོགས་ཀྱི་ནུས་པ་འདོན་པ་རེད། དེ་བས་སྤྱི་ཚོགས་ཀྱི་མང་ཚོགས་ཀྱང་ཅི་བྱ་གཏོལ་མེད་ཀྱིས་མགོ་བོ་རྨོངས་བར་བྱས་ནས་འཆལ་སྤྱོད་སྣ་ཚོགས་དར་ངེས་རེད། སྐད་ཆ་ལྡོག་སྟེ་བཤད་ན། རིག་གནས་འདྲ་མིན་མེ་ཏོག་མཉམ་བཞད་དུ་གནས་མི་ཐུབ་པའི་ཡུལ་དེར་ཁྲིམས་ལུགས་དང་སྤྱོད་ལམ་ཀྱང་ཧ་ཅང་ལེགས་པོ་ཞིག་ཡོང་དཀའ་བ་རེད་འདུག

མ་གཞི་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ཀྱིས་འབབ་གཞི་ནི་མི་བུ་སྒེར་རེ་རེ་ལ་དབབ་དགོས་མོད། ཁ་གཏད་ཡུལ་ལམ་འབྱུང་རྐྱེན་ནི་གཙོ་བོ་སྤྱིའམ་ཚོགས་པ་ཞིག་གི་ངོས་ནས་དར་བ་དང་གནས་པ་ཡིན་པས། སྤྱི་ཚོགས་གང་དེ་ཧྲིལ་པོས་སྒོ་ནས་འཕེལ་རྒྱས་དང་ཉམས་རྒུད་ལ་གཞུག་ནས་འཕེལ་འགྲིབ་ལ་དབྱེ་ཞིབ་བྱེད་དགོས་པ་མ་ཟད། དུས་ཀྱི་དགོངས་པ་དང་བསྟུན་ནས་རིག་གནས་ཀྱི་འཕེལ་འགྲིབ་ཐག་གཅོད་བྱེད་དགོས། དེ་བས་མི་སྒེར་རེ་ཟུང་གི་སྤྱོད་ལམ་གྱིས་སྤྱི་ཚོགས་ཧྲིལ་པོས་འཕེལ་འགྲིབ་ཀྱི་གནས་ཚུལ་ཐག་གཅོད་དཀའ་ལ། ཁྱད་པར་དུ་ཤེས་རྨོངས་བ་ལ་སྤྱི་ཚོགས་ལེགས་ཉེས་འབྱེད་བྱེད་ཀྱི་རྩ་བར་བཟུང་ན་མི་འགྲིག ཡིན་ནའང་ཡུལ་དུས་དེའི་ཤེས་ཡོན་པའི་སྡེ་ནི་སྤྱི་ཚོགས་གང་དེའི་རིག་གནས་དར་རྒུད་ཀྱི་ཚད་གཞི་གཙོ་བོར་བཟུང་ཆོག་པས། ཡུལ་ཕྱོགས་གང་གི་ཤེས་ཡོན་པའི་སྡེ་ནུས་མེད་རུལ་སུངས་ཡིན་ན་དེ་རུ་ཁྲིམས་ལུགས་ཀྱིས་ནུས་པ་འདོན་དཀའ་ལ། སྤྱོད་ལམ་གྱི་ཚད་ཀྱང་གཞལ་དཀའ།

མདོར་ན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་མེད་སྤྱི་ཚོགས་དེའི་མིའི་སྤྱོད་ལམ་དང་། སྤྱི་ཚོགས་དེར་ཁྲིམས་ལུགས་ཀྱི་ནུས་པ་འདོན་ཐུབ་མིན་ལས་གསལ་པོར་ཤེས་ལ། གལ་ཏེ་ཁྲིམས་ལུགས་ཀྱིས་ནུས་པ་འདོན་ཐུབ་པར་བྱ་དགོས་ན་དམངས་ཀྱི་རྟོགས་སད་ལ་འབྲེལ་བ་ཆེ་བ་མ་ཟད། མ་མཐའ་ཡང་སྤྱི་ཚོགས་དེའི་ཤེས་ཡོན་པའི་སྡེ་ནི་ནུས་མེད་རུལ་སུངས་ཀྱི་ངོ་བོར་གནས་མི་ཆོག་གོ །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1