གཟི་རྩ་སྡེ་དགུ་རྫོང་གི་འཕོ་འགྱུར་དང་ལོ་ངོ་བདུན་ཅུ།

འོད་གསལ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-10


        ལོ་ངོ་70སྐད་ཅིག་ཉིད་དུ་འདས་པ་དང་། ལོ་ངོ་70རིང་གཟི་རྩ་སྡེ་དགུ་རྫོང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་སྟེ། མི་དམངས་ཀྱི་འཚོ་བ་སྔར་བས་འབྱོར་ཕྱུག་ལྡན་པ་དང་གྲོང་ཁྱེར་གྱི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་གྱི་རྣམ་པ་སྔར་བས་མཛེས་ཤིང་སྡུག་པ། མི་དམངས་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་དང་སྡོད་གནས་ཁོར་ཡུག་སྔར་བས་ཇེ་ལེགས་སུ་ཕྱིན་འདུག ད་ལྟ་རིག་གནས་ཀྱི་རྨང་གཞི་ཟབ་ཅིང་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཆུང་ངུ་དེས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད།

       གཞི་གྲངས་ལས་མངོན་པར། 2018ལོར་གཟི་རྩ་སྡེ་དགུ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་32457ཟིན་ཡོད་པ་དང་། ལོ་གོང་མ་ལས་བརྒྱ་ཆ7.3འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12863ཟིན་ཡོད་པ་དང་། ལོ་གོང་མ་ལས་བརྒྱ་ཆ9.7འཕར་ཡོད། ཉེ་བའི་ལོ་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་གིས་དམངས་འཚོའི་ཁྱབ་ཁོངས་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། སློབ་གསོ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་མངོན་འགྱུར་བྱུང་བ་དང་། ལས་ཞུགས་དང་། སྡོད་ཁང་། འགྲིལ་འགྲུལ། སྨན་བཅོས་འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ནས། མི་སེར་རྣམས་བློ་བདེ་ཞིང་སེམས་སྐྱིད་པའི་ངང་འཚོ་བ་རོལ་བཞིན་མཆིས།


       སློབ་གསོའི་བྱ་གཞག་དོ་མཉམ་ངང་གོང་འཕེལ་བྱུང་། ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱི་སློབ་གསོའི་རོགས་སྐྱོར་མ་དངུལ་ལྡབ་4ལྷག་འཕར་བ་དང་། སློབ་གྲྭར་སྡོད་པའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་རེར་ཟླ་རེར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ཐོག་མའི་སྒོར་100ནས་ད་ལྟ་སྒོར་170རུ་འཕར་བ་དང་། འཕར་ཚད་བརྒྱ་ཆ་58.82ཟིན་ཡོད། སློབ་གསོའི་རོགས་སྐྱོར་དེ་ཐོག་མའི་འོས་བབ་སློབ་གསོའི་དུས་རིམ་གྱི་གཅིག་ཆག་གཅིག་གསབ་ནས་ད་ལྟའི་གསུམ་ཆག་གཉིས་གསབ་ཏུ་ཕྱིན་ཡོད། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་། རྫོང་དེས་ཕྱོགས་མང་བོ་ནས་མ་དངུལ་གྲབས་གསོག་བྱས་ནས་སྒོར་ཁྲི་500ཡི་སློབ་གསོའི་རོགས་སྐྱོར་ཐེབས་རྩ་བཙུགས་པ་དང་། ཁྱིམ་ཚང་དབུལ་བོའི་སློབ་མར་རོགས་དངུལ་སྤྲད་དེ་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་སློབ་མཚམས་མི་ཆད་པར་འགན་ལེན་བྱས།

        འཕྲོད་བསྟེན་ཆ་རྐྱེན་མུ་མཐུད་དུ་ཇེ་བཟང་དུ་སོང་། ལོ་ངོ་70རིང་དར་རྒྱས་གོང་འཕེལ་བྱུང་བ་བརྒྱུད། གཟི་རྩ་སྡེ་དགུ་རྫོང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད། སྔོན་ཆད་སྨན་པས་ཕལ་ཆེར་ཉན་དཔྱད་ཡོ་བྱད་དང་། ཁྲག་ཤེད་དཔྱད་ཆས། ལུས་དྲོད་དཔྱད་ཆས་བཅས་ཁོ་ནར་བརྟེན་དགོས་པ་དང་། ད་ལྟ་CTསོགས་སྤུས་ལེགས་ཀྱི་སྨན་བཅོས་སྒྲིག་ཆས་ཀྱི་མི་སེར་གྱི་བདེ་ཐང་ལ་ཕན་ཐོགས་ཡོད། ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ་བྱུང་བ་དང་གཟི་རྩ་སྡེ་དགུ་རྫོང་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཕྱིན་ནས། སྤྱི་བའི་འཕྲོད་བསྟེན་དང་། སྨན་བཅོས་སྒྱུར་བཅོས། མ་བུ་བདེ་སྲུང་། རྒྱལ་གཅེས་འཕྲོད་བསྟེན། བདེ་ཐང་དབུལ་སྐྱོར། འཆར་ལྡན་བུ་བཙའ། མཁོ་སྒྲུབ་རོགས་སྐྱོབ་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་བླངས་ཡོད།

    འགྲིམ་འགྲུལ་མུ་མཐུད་དུ་འཐུས་སྒོ་ཚང་དུ་བཏང་།1958ལོར། ནན་ཕིང་ནས་(གཟི་རྩ་སྡེ་དགུ་རྫོང་)ཟུང་ཆུ་རྫོང་བར་གྱི་གཞུང་ལམ་ནི་དེ་དུས་ཀྱི་ཞིང་ཆེན་རིམ་པའི་གཞུང་ལམ་ཉག་ཅིག་ཡིན། ད་ལྟ། གཟི་རྩའི་ས་གཞི་ཆེན་མོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་150བཏང་ནས་གཟི་རྩ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཟི་རྩ་ནས་མཛོད་དགེ་བར་གྱི་གཞུང་ལམ། གཙོ་ཚང་སྒུ་ནས་གཟི་རྩའི་བར་གྱི་གཞུང་ལམ། གཙང་རྩ་ནས་སྟག་ལོའི་བར་གྱི་གཞུང་ལམ་སོགས་འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་ལས་མགོ་ཚུགས་པ་དང་། སྤྱི་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་འགྲིམ་འགྲུལ་རྣམ་གྲངས་སོགས་ལ་འགོམ་བརྒལ་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། སྔ་རྗེས་སུ་གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་ཁག་གཅིག་ལག་བསྟར་བྱས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་བཞི་བཟང་གྲོང་གསེབ་གཞུང་ལམ་དཔེ་སྟོན་རྫོང་དུ་བཏོན་ནས་ཕྱི་ཕྱོགས་དང་ནང་ཁུལ་ཀུན་ཏུ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་མ་ལག་བསྐྲུན་ཡོད།
    གཞི་གྲངས་རེ་རེ་དང་དོན་དངོས་རེ་རེ། གྲུབ་འབྲས་རེ་རེས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་མཚོན་ལ། མ་འོངས་པར་རྒྱང་ལྟ་བྱས་ཚེ། གཟི་རྩ་སྡེ་དགུ་རྫོང་གིས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་བློ་སྟོབས་ཆེན་པོར་བརྟེན་ནས་འཕེལ་རྒྱས་ཀྱི་འོད་སྟོང་གསར་པ་སླར་ཡང་འདྲེན་རྒྱུ་རེད་དོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1