གཙོ་ངོས།>> སྒྱུ་རྩལ།>>སྒྱུ་རྩལ་ཞིབ་འཇུག

རྩོམ་སྒྲིག་པ།ཡོང་ཁུངས།པད་མ་ཚེ་རིང་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༠ཉིན།

༄༅།། གནའ་ཉམས་ལྡན་པའི་མུ་ཟུར་སྐོར་བྲོ།

བདེ་ཆེན། པད་མ་ཚེ་རིང་།
 
        བྲོ་ཞིག་མ་འཆམ་བྲོ་ཞིག་འཆམ།དུས་བཟང་པོ་ཤར་ན་བྲོ་ཞིག་འཆམ།དབྱངས་ཤིག་མ་ལེན་དབྱངས་ཤིག་ལེན།སེམས་སྐྱིད་པོ་བྱུང་ན་དབྱངས་ཤིག་ལེན།དེ་ནི་རྒན་རབས་པ་ཚོས་གསུང་བའི་སྐད་ཆ་ཚིག་གསུམ་ཡིན་པ་རེད།
        སྐོར་བྲོ་ནི་བོད་རིགས་ཀྱི་དམངས་ཁྲོད་ཞབས་བྲོ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཏེ།དེ་ནི་ལྷ་སའི་ཆབ་མདོ་དང་ནག་ཆུ། སི་ཁྲོན་གྱི་རྔ་པ་དང་དཀར་མཛེས། ཡུན་ནན་གྱི་བདེ་ཆེན།དེ་བཞིན་མཚོ་སྔོན་དང་ཀན་སུའུ་བཅས་བོད་རིགས་འདུས་སྡོད་ཡོད་པའི་ས་ཁུལ་དུ་ཁྱབ་ཡོད་པ་རེད།
        སྐོར་བྲོ་ལ་མུ་ཟུར་དུ་ཚ་ལའང་འབོད་སྲོལ་ཡོད།ཚ་ལ་ཞེས་པ་དེ་ནི་མུ་ཟུར་བོད་མི་རྣམས་ཀྱིས་བཤད་པའི་ལུང་སྐད་ཅིག་རེད།དེའི་ནང་དོན་ནི་དགའ་སྤྲོའམ་རྩེད་མོ་རྩེ་བ་ལ་གོ།
        གནའ་ཉམས་ལྡན་པའི་མུ་ཟུར་གྱི་སྐོར་བྲོ་གདུང་འཛིན་བྱེད་པ་དང་།རང་བྱུང་ཁོར་ཡུག་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པས་རང་བྱུང་ཁོར་ཡུག་ནི་མུ་ཟུར་གྱི་སྐོར་བྲོ་གདུང་འཛིན་བྱེད་པའི་ཆ་རྐྱེན་ཞིག་ཡིན་པ་རེད།མུ་ཟུར་གྲོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་སུ་གནས་ལ།ཤར་དུ་སི་ཁྲོན་ཞིང་ཆེན་འདབ་པ་རྫོང་གི་སྟོང་ཉི་ཞང་དང་མུ་ལི་རྫོང་གི་ཨེར་ཡ་ཞང་ཡོད་ལ།གཙང་པོའི་གཡས་གཡོན་ནས་ཕན་ཚུན་མཐོང་ཐུབ་པ་དང་།ལྷོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཞང་གི་ཡན་ལུའོ་གྲོང་དང་འབྲེལ། ནུབ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དང་ཁྱིམ་མཚེས་སུ་གྱུར་ཡོད།བྱང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཞང་དང་འབྲེལ་ཡོད་པའི་གྲོང་ཚོ་ཞིག་ཡིན།སྔ་མོ་ནས་མུ་ཟུར་གྲོང་ལ་ཡུལ་གབ་ཟེར་སྲོལ་ཡོད་ལ།མི་རྣམས་གྲོང་ཚོ་དེ་ལ་རྒྱུས་ལོན་ཉུང་བ་དང་།ཐ་ན་མི་མི་ཉུང་བ་ཞིག་གིས་གྲོང་ཚོ་དེ་འདྲ་ཞིག་ཡོད་པའང་ཤེས་མེད་པས།ཡུན་རིང་བའི་ཚུན་དུ་གྲོང་ཚོ་དེ་ལ་ངོ་མཚར་བའི་ཡོལ་བས་བཀབ་པ་བཞིན་མི་རྣམས་ཀྱི་མིག་དབང་དང་ཡིད་སེམས་བཀུགས་ཡོད་པ་རེད།
        ས་ཆ་རེ་ལ་ལུགས་སྲོལ་རེ།ལུང་པ་རེ་ལ་གོས་རྒྱན་རེ།ཞེས་སྲོལ་ཡོད་དེ།མུ་ཟུར་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་རི་མཐོན་པོ་དང་ཤིང་ནགས་སྟུག་པོ་ཆགས་ཡོད་པས།ས་གནས་དེའི་མི་རྣམས་ཕྱི་ཕྱོགས་དང་འབྲེལ་བ་ཉུང་ཞིང་། ཕྱི་ནས་ཡོང་བའི་རིག་གནས་ཀྱི་ཤུགས་རྐྱེན་ཅུང་ཉུང་བར་བརྟེན་ས་གནས་དེ་གའིི་སྐོར་བྲོ་ལ་ཁྱད་ཆོས་ཆེ་ཤོས་ཡོད་པ་དང་། ང་རང་ལོ་ན་ཕྲ་དུས་ས་གནས་དེ་གའི་རྒན་རྒོན་ཚོས་མུ་ཟུར་སྐོར་བྲོ་ལ་སྣ་སུམ་བརྒྱ་ལྷག་ཙམ་ཡོད་པར་བཤད་པའི་གཏམ་ཐོས་མྱོང་། ཉེ་བའི་ལོ་ཤས་རིང་སྲིད་གཞུང་རིམ་ཁག་གི་རིག་གནས་སྡེ་ཚན་གྱིས་མཐོང་ཆེན་བྱས་ཏེ།མུ་ཟུར་སྐོར་བྲོའི་དམངས་ཁྲོད་རྒྱུན་འཛིན་པ་བཅོ་བརྒྱད་ཀྱིས་གཞས་གདངས་གྱེར་འདོན་བྱས་པ་བརྒྱུད་ནས།མངོན་མིན་རིག་གནས་ཤུལ་བཞག་ལས་དོན་པས་སྒྲ་ཕབ་འཚོལ་བསྡུ་བྱས་པ་དང་། དེའི་རྗེས་བོད་སྐད་ཡིག་ཐོག་ནས་ལེགས་སྒྲིག་དང་རྩོམ་སྒྲིག་བྱས་ཏེ་བོད་ཡིག་ལ་རྒྱ་ཡིག་ཐོག་ནས་ཡིག་སྒྱུར་བྱས་ཡོད་པ་རེད།མིག་སྔར་བོད་སྐད་ཡིག་གིས་བཀོད་ཡོད་པའི་མུ་ཟུར་སྐོར་བྲོ་བརྒྱ་དང་ལྔ་བཅུ་ང་དྲུག་བསྡུ་རུབ་བྱས་ནས་དེ་སྔ་བོད་ཀྱི་ཡི་གེར་བཀོད་མེད་པའི་ལོ་རྒྱུས་མཇུག་གྲིལ་བ་རེད།
        ལོ་རྒྱུས་དང་ད་ལྟའི་གནས་ཚུལ་དང་ཆེད་མཁས་པས་ཞིབ་འཇུག་བྱས་པ་ལྟར་ན། སྐོར་བྲོ་ནི་གནའ་ཉམས་ལྡན་ཞིང་རམ་དཀྲོལ་མེད་པའི་མཉམ་སྡེབ་རང་བཞིན་གྱི་མཆོད་འབུལ་ཞབས་བྲོ་ཞིག་ཡིན་པ་དང་། བོད་བཙན་པོའི་དུས་སྐབས་ཀྱི་གོང་དུ་སྐོར་བྲོ་དར་ཞིང་།མནའ་སྐྱེལ་བྱེད་སྒོ་དང་འབྲེལ་བ་ཡོད་ལ། ཡང་ན་ཆེད་མཁས་པས་ཡུན་ནན་ས་དམ་ཀེ་ཙི་གྲོང་ཚོ་ནས་ཐོན་པའི་ཐང་རྒྱལ་རབས་སྐབས་ཀྱི་ཐུ་བྷོད་བོད་ཡིག་སྐུ་པར་རྡོ་རིང་ནང་གི་ཞབས་བྲོ་འཆམ་པའི་གཟུགས་བརྙན་ལ་ཚོད་རྩིས་བྱས་པར་གཞིགས་ན། སྐོར་བྲོ་དེ་བདེ་ཆེན་གྱི་མངའ་ཁོངས་སུ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ལ། དེ་ནས་མུ་ཟུར་སྐོར་བྲོ་ཐོག་མར་དར་ཁྱབ་སོང་བ་ནི་ཐུ་བྷོད་དུས་སྐབས་སུ་ཞང་ཞུང་གི་ཤེས་རིག་དང་འབྲེལ་བ་ཡོད་པ་དང་།ད་བར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན།
        ད་ཆ་མུ་ཟུར་སྐོར་བྲོ་དེས་སྲོལ་རྒྱུན་དམངས་ཁྲོད་ཀྱི་འཚོ་བཅུད་བསྡུ་ལེན་བྱས་ནས།དེང་རབས་ཀྱི་གླུ་གར་ལ་ལྡན་པའི་དུས་རབས་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་གྱི་མི་རིགས་གླུ་གར་གཉིས་ཟུང་འབྲེལ་བྱས་ནས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ཡོད་པ་སྟེ།མུ་ཟུར་སྐོར་བྲོ་དེ་རྟག་ཏུ་གྲོང་ཁྱེར་དུ་སོང་ནས་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་ཆེ་གྲས་ནང་འཁྲབ་སྟོན་བྱས་པར་ལྟད་མོའི་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད། ལྷག་པར་དུ2017ལོའི་ཟླ8ཚེས6ཉིན་ནས་ཚེས9ཉིན་བར།མུ་ཟུར་སྐོར་བྲོའི་འཐུས་མི་རུ་ཁག་དང་འཇོལ་རྫོང་ཀོང་རྩེད་རགས་སྐོར་བྲོའི་འཐུས་མི་རུ་ཁག་གཉིས་ཀྱིས་བདེ་ཆེན་ཁུལ་གྱི་ཚབ་བྱས་ཏེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དུ་འཚོགས་པའི་ཀྲུང་གོ་ཀླུ་ཆུ་སྐོར་བྲོ་འཁྲབ་སྟོན་སྐབས་དྲུག་པ་དང་།ཁང་འཁོར་ཡུལ་སྐོར་ཚོགས་ཆེན་སྐབས་དང་པོར་ཞུགས་པ་རེད། སེམས་ཀྱི་ཉི་ཟླ་མུ་ཟུར་སྐོར་བྲོ་རུ་ཁག་གིས་སྤྱིའི་སྐར་གྲངས9.82ཀྱི་ཐོག་ནས་སྲོལ་རྒྱུན་སྐོར་བྲོ་རྒྱུན་འཛིན་གྱི་བྱ་དགའ་བླངས།
        2006ལོའི་ཟླ5ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས།བདེ་ཆེན་སྐོར་བྲོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་ཐོར་ཚུད། བདེ་ཆེན་སྐོར་བྲོ་ཁྲོད་འཇོལ་རྫོང་ཀོང་རྩེད་རགས་གྲོང་རྡལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ།ཡང་ཐང་གྲོང་རྡལ། གཏར་མ་རོང་ཞང་། སྐད་ཚགས་ཞང་། ལོའུ་ཅི་ཞང་མུ་ཟུར་གྲོང་ཚོ་སོགས་ཀྱི་སྐོར་བྲོར་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན།
        ནང་དོན་དང་རྣམ་པའི་ཆ་ནས་བལྟས་ན་མུ་ཟུར་སྐོར་བྲོ་དེ་བོད་རིགས་ས་ཁུལ་གཞན་དག་གི་སྐོར་བྲོ་དང་མི་འདྲ་བར་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་རེད། མུ་ཟུར་གྲོང་གི་མི་རྣམས་སྡོད་ཁང་གསར་པར་སྤོ་བ་དང་། རྟེན་འབྲེལ་གྱི་དུས་ཆེན་གཏོང་བ། བག་སྟོན་བྱེད་པ། རྟེན་བཟང་གི་མགྲོན་བསུ་བ། མཆོད་སྒོ་འདུ་ཚོགས་བཅས་ཀྱི་སྐབས་སུ་ཕོ་མོ་རྒན་གཞོན་ཚང་མ་འཛོམས་ཏེ་མཚན་གུང་དུ་སྐོར་བྲོ་འཁྲབ་ནས་དགའ་སྟོན་རྟེན་འབྲེལ་བྱེད་སྲོལ་ཡོད།
        ཡིན་ནའང་།མུ་ཟུར་གྲོང་གི་མི་རྣམས་ཀྱིས་ཡུལ་ནང་ཁུལ་དང་ཁྱིམ་མཚེས་ལ་མྱ་ངན་ཡོད་པ་ན་སྐོར་བྲོ་འཁྲབ་རྒྱུ་སྒྲིག་འཛུགས་མི་བྱེད་པ་དང་།བཀྲ་ཤིས་པའི་ཉིན་མོ་ཁོ་ནར་གཞི་ནས་སྐོར་བྲོ་འཁྲབ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། ལྷག་པར་དུ་མྱ་ངན་ཕོག་པའི་ཁྱིམ་ཚང་གི་ཁོངས་མི་དང་གཉེན་ཉེ་ཚོས་ལོ་གཅིག་མ་འགོར་གོང་སྐོར་བྲོ་འཁྲབ་མི་ཉན་པ་རེད།
        མུ་ཟུར་སྐོར་བྲོ་ནི་གཞས་དང་། ཞབས་བྲོ། ཚིག་བཅས་གཞི་གཅིག་ཏུ་འདུས་པའི་ཞབས་བྲོའི་རྣམ་པ་ཞིག་ཡིན་མོད། འོན་ཀྱང་སྐོར་བྲོ་འཁྲབ་ཀྱང་རྒྱན་གོས་འགྲེམས་སྟོན་བྱ་རྒྱུ་ཡོད་པ་རེད།
        སྐོར་བྲོའི་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ལོ་རྒྱུས་གཞིར་བཟུང་ན་ཚ་རྙིང་དང་ཚ་གསར་གཉིས་སུ་དབྱེ་ཆོག་པ་རེད།ཚ་རྙིང་གི་བྲོ་ཚིག་གི་ནང་དོན་དང་ཞབས་བྲོའི་རྣམ་པ་སོགས་ཚང་མ་ཅུང་རྙིང་ཙམ་ཡོད་པ་དང་། དཔེར་ན་ས་སྲིད་པ་དང་པོ་ཆགས་ས་ག་ཡིན་མ་ཤེས་པ་དང་།སློབ་དཔོན་པད་མ་འབྱུང་གནས།སྲིད་པ་བྲོ་ཞིག་འཆམ་པ།ས་ཆ་དང་པོ་ཞེས་པ་སོགས་ལྟ་བུ་ཡོད་པ་རེད། བྲོ་ཚིག་ནི་ཆེད་སྤྱོད་ཡིན་པས་གང་བྱུང་དུ་བཟོ་བཅོས་བརྒྱག་མི་རུང་། བྲོ་སྟངས་ལ་དལ་མོ་དང་། བརྟན་བརླིང་། གནའ་ཉམས་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། གདོད་མའི་ཆོས་ལུགས་ཀྱི་མཆོད་འབུལ་གྱི་ངོ་བོ་མཚོན་ཡོད་པས། གྲྭ་བཙུན་དང་རྒན་རྒོན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ཚ་རྙིང་ལ་ཚ་གཡང་ཡང་ཟེར་སྲོལ་ཡོད་ལ།དེ་ནི་མུ་ཟུར་སྐོར་བྲོའི་ཁྱད་ཆོས་ཆེན་པོ་ཞིག་ཡིན་པ་རེད།

ཚ་གསར་ཞེས་པའི་བྲོ་ཚིག་གི་ནང་དོན་དང་ཉམས་འགྱུར་སོགས་ཚང་མ་སྟབས་བསྟུན་པ་དང་། གསར་གཏོད། དར་སྲོལ་བཅས་སུ་ཡོད་པས།སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་ཉམས་འགྱུར་ལྡན་ཡོད། ད་དུང་ས་གནས་གཞན་ནས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྐོར་བྲོ་ཡང་སྐོར་བྲོ་གསར་པའི་ནང་བཅུག་ནས་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་རང་ངོས་སྟོབས་ཆེར་བཏང་ཡོད། ཚ་གསར་ལ་ཤར་གཞོན་ཚ་ལ་ཞེས་ཀྱང་འབོད་སྲོལ་ཡོད་དེ།བྲོ་དེ་རིགས་ལ་ན་གཞོན་ཚོ་ཧ་ཅང་དགའ་པོ་ཡོད་པ་དང་།དཔེར་ན་བྱེའུ་གསེར་བྱེའུ་དངུལ་བྱེའུ་གཡུ་བྱེའུ་སུམ་དང་། ཕུ་གངས་རི་མཉམ་སྲིད་ཀྱི་ཤ་གཞོན་རོགས།ལ་ཕར་རྒྱབ་གསེར་གྱི་སྒྲ་སྙན་རྡུང་།ཞེས་པ་སོགས་ལྟ་བུ་ཡོད།དེའི་རིགས་ཀྱི་བྲོ་ཚིག་ནི་རྒྱུན་དུ་གངས་རི་དང་། ཆུ་བོ། ཤིང་སྡོང་། མེ་ཏོག རྩྭ་བ། འདབ་ཆགས་དང་རི་དྭགས་སོགས་ཀྱིས་ཕན་ཚུན་ཡིད་སྨོན་བྱེད་པའི་བརྩེ་སེམས་མཚོན་པར་བྱེད་ཀྱིན་ཡོད། ཙན་དན་གྱི་ལྗོན་ཤིང་དང་རྨ་བྱ་ཆ་སྒྲིག་དང་། གསོམ་ཤུག་དང་ནེ་ཙོ་ཆ་སྒྲིག ལྕང་སྡོང་དང་ཁུ་བྱུག་དང་། གངས་རི་དང་ཤྭ་བ། ནགས་ཚལ་དང་གླ་བ། རྩྭ་ཐང་དང་མེ་ཏོག ཉ་ཕྲུག་དང་ཆུ་ཕྲན་ཆ་སྒྲིག་སོགས་རྒྱུན་དུ་མཐོང་རྒྱུ་ཡོད་པ་རེད།

མུ་ཟུར་སྐོར་བྲོ་འཁྲབ་སྟངས་ཀྱི་ཁྱད་ཆོས་ནི།ཕྱོགས་གཅིག་ནས་དལ་ལྷོད་ལ་ཉམས་དོད་པའི་རྣམ་པ་མངོན་གྱིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དལ་ལྷོད་ཀྱི་རྣམ་པ་མངོན་པ་དང་།ཞབས་བྲོ་ཡང་འཁྲུག་ཆ་དོད་པོ་ཡོད་པ་རེད། དཔེར་ན།ཚ་གསར་ནང་གི་ཤར་གཞོན་ཚ་ལ་རྨ་བྱ་ཆབ་འཐུང་དང་།རི་བོང་ཆེན་མོ་སྡོད་ཚུགས་ཅིག་ཅེས་པའི་ནང་རྒྱུན་དུ་མཐོང་རྒྱུ་ཡོད་པ་རེད།

སྐོར་བྲོའི་ནང་དོན་མི་འདྲ་བ་དང་། རྣམ་པ་མི་འདྲ་བའི་ཐོག་ནས་གླུ་གཏོང་དང་། བཅོལ་ཚ། ཚ་ཟ་བཅས་སུ་དབྱེ་ཆོག་པ་རེད། གླུ་གཏོང་ཞེས་པ་ནི་གླུ་ལེན་རེས་དང་ཞབས་བྲོ་འཁྲབ་རེས་བྱེད་པ་ཞིག་ཡིན་ལ། གླུ་ལེན་ཞོར་དང་ཞབས་བྲོ་རྒྱག་ཞོར་སོགས་མང་ཆེ་བ་དྲི་བ་དྲིས་ལན་འདེབས་སྟངས་ཀྱི་འགྲན་བསྡུར་ཞིག་ཡིན་ཞིང་། སྐབས་འགར་གླུ་གཏོང་འགྲན་བསྡུར་དེ་བཟང་ངན་འབྱེད་མི་ཐུབ་པར་ཉིན་མཚན་གཉིས་གསུམ་ཙམ་བར་རྒྱུན་མཐུད་བྱས་ནས།དུད་ཁ་ཁྱིམ་བདག་གིས་ཆེད་མངགས་ཁ་བཏགས་ཕུལ་རྗེས་གཞི་ནས་མཚམས་འཇོག་བྱེད་པའི་མི་རབས་ནས་མི་རབས་བར་གྱི་གཏམ་བཟང་ཞིག་ཏུ་གྱུར་ཡོད་པ་རེད།གླུ་གཏོང་གི་བྲོ་ཚིག་ལ་སྲོལ་རྒྱུན་གྱི་གཏན་འཇགས་ནང་དོན་དང་སྐབས་ཐོག་གསར་རྩོམ་གྱི་ནང་དོན་ཡོད་པ་སྟེ། སྲོལ་རྒྱུན་གྱི་གླུ་གཏོང་འགྲན་བསྡུར་ཁྲོད་སུས་ཁོང་དུ་ཆུད་པའི་སྲོལ་རྒྱུན་བྲོ་ཚིག་མ་ལག་ཆ་ཚང་ན་དེས་རྒྱལ་ཁ་ལེན་ཐུབ་པ་རེད། སྐབས་ཐོག་དྲིས་ལན་འདེབས་སྟངས་འགྲན་བསྡུར་བྱེད་སྐབས་བྲོ་ཚིག་བབ་བསྟུན་གྱིས་སྤྱད་ཆོག་པ་དང་།སྐབས་ཐོག་ཏུ་ཚིག་རྩོམ་པ། གང་འདོད་དུ་འདོན་སྤེལ་བྱེད་པ། སུ་ཞིག་གི་བསམ་རྒྱ་ཕུན་སུམ་ཚོགས་པ་དང་། བསམ་བློ་རྣོ་ན། རྒྱལ་ཁ་སུ་ལ་ཐོབ་པ་རེད། ལོ་ཞིག་ལ་མུ་ཟུར་དུ་ལོ་གསར་གཏོང་སྐབས། གྲོང་ཚོ་གཉིས་ཀྱི་ཚ་མཁན་རྣམས་ཀྱིས་གླུ་གཏོང་གི་འགྲན་བསྡུར་བྱེད་སྐབས་སྲོལ་རྒྱུན་གྱི་གཏན་འཇགས་ནང་དོན་བླངས་ཚར་རྗེས།སྐབས་ཐོག་གསར་རྩོམ་ནང་དོན་གྱི་གླུ་གཏོང་འགྲན་བསྡུར་མགོ་ཚུགས་ཤིང་། རྒྱུན་མཐུད་དུས་ཡུན་རིང་བ་དང་རྒྱལ་ཕམ་གྱི་ཁྱད་པར་མི་འབྱེད་པའི་སྐབས་སུ། ཕྱོགས་གཅིག་གིས་རྒྱུན་འཁྱོངས་བྱེད་མ་ཐུབ་པས།བྲོ་མཁན་གསང་སྤྱོད་ལ་འགྲོ་ཁུལ་བྱས་ནས། བྲོ་ཚིག་ཡང་ཡང་ཕྱིར་དྲན་བྱས་པ་རེད། ཁོ་ཆུ་རའི་འགྲམ་དུ་སོང་ནས་ཆུ་ཟངས་ཀྱི་ནང་དུ་མར་སྒོར་ཆེ་ཆུང་མི་འདྲ་བ་གསུམ་བཅུག་ཡོད་པ་མཐོང་བས། ཁོང་འཕྲལ་མར་བྲོ་ར་རུ་ལོག་ནས་ཁོང་གིས་དོ་ནུབ་འུ་ཅག་ཚང་མ་འདི་ལ་མཉམ་དུ་འཛོམས་བྱུང་།ཨ་སྔོན་གནམ་ལ་ཉི་ཟླ་སྐར་གསུམ་ཤར་བྱུང་།རྒྱ་མཚོ་གཏིང་ལ་ཉི་ཟླ་སྐར་གསུམ་ཤར་བྱུང་།ཨ་འདི་ཡ་མཚན་ཅི་ཡིན་མ་ཤེས་བྱུང་ཞེས་དྲིས་པས།སྐབས་དེ་དུས་ཕྱོགས་ཅིག་གིས་ལན་གདབ་མ་ཐུབ་པར་ཕམ་ཉེས་བྱུང་ནས་མི་རབས་ནས།མི་རབས་བར་གྱི་གཏམ་བཟང་ཞིག་ཏུ་གྱུར་པ་ད་བར་དུ་དར་ཁྱབ་བྱུང་ཡོད་པ་རེད།

བཅོལ་ཚ་ལ་མནའ་བཅོལ་ཚ་ཡང་ཟེར། བཅོལ་ཚ་ཞེས་པ་ནི་ཆེད་དུ་གཉེན་སྒྲིག་ལྟད་མོའི་སྐབས་སུ་འཁྲབ་པའི་ཞབས་བྲོའི་རྣམ་པ་ཞིག་ཡིན་ཞིང་། བག་མ་ཕོ་མོ་ཕྱོགས་གཉིས་ཀྱིས་ཕན་ཚུན་དུ་མག་པ་དང་བག་གསར་ལ་རེ་བ་ཞུས་ནས་བཅོལ་ཡུལ་འཇོག་པ་རེད།དེའི་ནང་དོན་ལ་སློབ་གསོ་དང་།ལྟ་རྟོག་བྱེད་པ།མཐུན་སྒྲིལ་མཛའ་མཐུན། འཚོ་བ་སྐྱིད་པོ་སོགས་ཀྱི་རེ་བ་འདོན་པ་རེད།

ཚ་ཟ་ནི་བྲོ་ར་ནང་ཕན་ཚུན་ཟུར་ཟ་བྱེད་པ་གཙོ་བོར་འཛིན་པའི་ཞབས་བྲོའི་རྣམ་པ་ཞིག་ཡིན་ཞིང་།མང་ཆེ་བ་ནི་བྲོ་ར་ཐོག་ཕན་ཚུན་ཟུར་ཟ་དང་ཟུར་ཟ་བྱས་ནས་སློབ་གསོའི་དམིགས་ཡུལ་འགྲུབ་པར་བྱེད་ཀྱིན་ཡོད་པ་སྟེ། དཔེར་ན།དྲོ་ཞིང་དྲོ་མོ་དེ་ལུག་ཆུང་ཚ་རུར་སྣང་དང་།རི་མི་ཆེ་མི་ཆུང་ཚ་ཚ་དེ།གངས་རི་དཀར་མིག་ཁྲ་མིག་ཁྲ་ཁྲ།གཞི་ཞལ་དཀར་མགོ་ལ་སྟག་ཚང་བཅའ།ཞེས་པ་སོགས་ལྟ་བུ་ཡོད།

སྐོར་བྲོའི་གཞི་ཁྱོན་ཆེ་ཆུང་དང་ནུས་པ་མི་འདྲ་བར་གཞིགས་ནས་མུ་ཟུར་སྐོར་བྲོ་ལ་མཆོད་འབུལ་བྱེད་སྒོ་ཆེ་གྲས་ལ་འཁྲབ་པའི་ཚ་ཆེན་དང་།དམངས་ཁྲོད་ཀྱི་སྲོལ་རྒྱུན་དུས་ཆེན་དུ་འཁྲབ་པའི་ཚ་འབྲིང་།མཛའ་གྲོགས་འདུ་འཛོམས་ལ་འཁྲབ་པའི་ཚ་ཆུང་བཅས་སུ་དབྱེ་ཆོག་པ་རེད།ད་དུང་སྐོར་བྲོའི་རྩ་འཛུགས་ཀྱི་ནང་དོན་མི་འདྲ་བར་ཕོ་མོ་བག་མ་རྟེན་འབྲེལ་བྱེད་དུས་འཁྲབ་པའི་བག་མ་ཚ་ལ་དང་། ཁང་པ་གསར་པ་བསྐྲུན་ཟིན་དུས་འཁྲབ་པའི་ཁྱིམ་གསར་ཚ་ལ།ལོ་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་དུས་འཁྲབ་པའི་ལོ་གསར་ཚ་ལ།བདུན་པའི་བཅོ་ལྔའི་དུས་ཆེན་དུ་འཁྲབ་པའི་བདུན་པ་ཚ་ལ་སོགས་སུ་དབྱེ་ཆོག་པ་དང་།འོན་ཀྱང་འཆམ་པའི་ནང་དོན་དང་། རྣམ་པ། གོ་རིམ་བཅས་སྤྱིར་ན་གཅིག་མཚུངས་ཡིན་པ་དང་། ཕོ་མོ་རྒན་གཞོན་གྱི་དབྱེ་བ་མེད་པར་མཉམ་དུ་མཚན་ཕུད་དེ་རྟེན་འབྲེལ་དང་སྨོན་ལམ་འདེབས་ཀྱིན་ཡོད་པ་རེད།

སྐོར་བྲོའི་འཁྲབ་སྟབས་དང་བྲོ་འགྲོས་ཀྱི་རྣམ་པའི་ཐོག་ནས་མུ་ཟུར་སྐོར་བྲོ་ལ་གོམ་ཕྱེད་དང་། གོམ་དྲུག གོམ་བརྒྱད་སོགས་ཀྱི་ཞབས་བྲོ་ཡོད་པ་རེད།

མུ་ཟུར་སྐོར་བྲོ་ནི་དྲང་སྐོར་བྱས་ནས་ཚང་མས་རྐེད་པ་དང་དཔུང་པ་བསྒུར་ཏེ་སྐོར་བྲོ་འཁྲབ་པ་དང་། སྤྱིར་བཏང་དུ་ཕོ་མོ་ཕྱེད་ཀར་བགོས་ནས་སྐོར་བྲོ་འཁྲབ་པ། ཕྱོགས་རེ་ལ་ཚ་དཔོན་རེ་ཡོད།སྐྱེས་པ་རྣམས་ལག་གཡོན་པས་དཔུང་པ་གཡོན་པ་དང་ལག་གདང་སྦྲེལ་བ། སྐྱེས་མ་རྣམས་ལག་པ་གཡོན་པས་རྐེད་པ་སྐྱོར་བའམ་ལག་འཇུ་བྱེད་པ། མི་གྲངས་ལ་ཚད་བཀག་མེད་པ། ཕོ་མོ་རྒན་གཞོན་ཚང་མ་འགྲིག་གི་ཡོད། དྲི་བ་དྲིས་ལན་ཡང་ཡང་བརྒྱབ་ན། རོལ་ཆས་ཀྱི་རམ་དཀྲོལ་མེད། རྒྱུན་པར་སྐྱེས་པས་སྣེ་ཁྲིད་ནས་གཞས་ལེན་པ་དང་།སྐྱེས་མས་རྗེས་སུ་གཞས་ལེན་པ་དང་། གླུ་དབྱངས་སྙན་ཞིང་འཇེབས་པ་རེད་པས། བྲོ་མཁན་གྱིས་ལག་པ་གཡུགས་པ་གཙོ་བོར་བྱས་ནས་ཞབས་བྲོའི་སྟངས་སྟབས་བསྒྱུར་བ་རེད། སྐྱེས་པའི་འགུལ་སྟངས་ཧ་ཅང་ཆེ་བས་ལག་པ་བརྐྱངས་ཚེ་བྱ་རྒོད་ལྡིང་སྐོར་རྒྱག་པ་དང་འདྲ། སྐྱེས་མའི་འགུལ་སྟངས་ཅུང་ཆུང་ཞིང་། གོམ་པ་རེ་རེ་བཞིན་རྒྱ་བྱ་གཤོག་གཡུག་དང་འདྲ། ལུས་སྟོད་མདུན་སྒུར་དང་། མགོ་སྒུར་བ། པུས་མོ་འདར་སིག་སིག་གི་ཚད་ཅུང་མཐོ་བ། རྐང་མཐིལ་རྡེབ་པའི་སྒྲ་གྲགས་པ། མུ་ཟུར་གྱི་གཏམ་དཔེ་ནང་ཚ་ལའི་ཚིག་མི་ཤེས་ན་རྐང་པའི་རྡོག་པགས་ཀྱི་སྡུག་བསྔལ་ཞེས་སྲོལ་ཡོད་པ་དང་།དེས་སྐོར་བྲོའི་བྲོ་ཚིག་གི་གལ་ཆེན་རང་བཞིན་མཚོན་པ་རེད།

ནང་དོན་དང་གོ་རིམ་ལས་མུ་ཟུར་སྐོར་བྲོ་ལ་བལྟ་ན་མུ་ཟུར་གྲོང་མི་རྣམས་ཀྱིས་ཁང་པ་གསར་པར་སྤོས་པ་དང་། རྟེན་འབྲེལ་དུས་ཆེན་གཏོང་བ། བག་མ་བག་སྟོན་བྱེད་པ། རྟེན་འབྲེལ་གྱི་མགྲོན་པོ་བསུ་བ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1