༄༅།། རྒན་པོ་པུ་རྒྱལ་གྱི་བྱེ་འགོག་བརྩེ་སེམས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-10


        ཀོས་ནན་རྫོང་མང་ར་ཞང་ལོ་བ་ཞོལ་མ་སྡེ་བར། རྒན་པོ་འདི་ལྟ་བུ་ཞིག་ཡོད་དེ། ཁོས་ལོ་བཅུ་ཕྲག་དུ་མར་མུ་གེ་ཐང་གི་བྱེ་འགྱུར་བཅོས་སྐྱོང་གི་ཆེད་དུ་རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་བཏོན།
        མི་རབས་ནས་མི་རབས་བར་མང་ཆུའི་འགྲམ་དུ་བསྡད་པའི་པུ་རྒྱལ་གྱིས། ཞིང་འདེབས་པ་དང་སྒོ་ཕྱུགས་འཚོ་བར་བརྟེན་ནས་འཚོ་བ་རོལ། ལོ་འདི་དག་གི་རིང་ལ། མུ་གེ་ཐང་གི་རྩྭ་སའི་ཐོན་སྐྱེད་ཚད་དང་ཕྱུགས་རྩྭའི་སྤུས་ཀ་ལོ་རེ་ནས་ལོ་རེར་ཞན་ལ། བྱེ་མས་སྡེ་བ་དང་ཞིང་ས་ལ་གནོད་འཚེ་ཐེབས་པས་པུ་རྒྱལ་ལ་རང་དབང་མེད་པར་བྲེལ་འཚུབ་ལངས། “མུ་གེ་ཐང་དུ་སྡོང་འཛུགས་རྩྭ་འདེབས་བྱེད་ཐུབ་བམ། བྱེ་རྒྱུན་གྱི་སྤོ་འགུལ་བཀག་སྟེ་སྐྱེ་ཁམས་དང་ཕ་ཡུལ་ལ་སྲུང་སྐྱོབ་བྱེད་ཐུབ་བམ”སྙམ་པའི་བསམ་ཚུལ་འདི་ལ་དེ་མ་ཐག་ཏུ་ཀོས་ནན་རྫོང་ནགས་ལས་ཅུས་དང་། ཞང་དང་གྲོང་རྡལ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཁྱིམ་མི་བཅས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ། དེ་ནས། ཁོས་སེམས་ཐག་བཅད་དེ2002ལོའི་ལོ་མགོར་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་བྱས་ཏེ་སྤྱི་ཆིང66.6ཅན་གྱི་ཐང་རྒོད་ལ་འགན་གཙང་ལེན་བྱེད་པའི་གན་རྒྱ་བཞག་སྟེ། མུ་གེ་ཐང་གི་བྱེ་མའི་ཀློང་དུ་བྱེ་བཅོས་བྱེད་པའི་ལོ་རྒྱུས་མགོ་བརྩམས།
        རྟོག་ཞིབ་དང་སློབ་སྦྱོང་བྱས་པ་བརྒྱུད། 2003ལོར། པུ་རྒྱལ་གྱིས་རང་ཉིད་ཀྱི་ལོ་ངོ་མང་པོའི་རིང་གི་རྒྱུ་ནོར་ཐམས་ཅད་བླངས་པ་དང་།ཤ་ཉེ་གྲོགས་པོ་དག་བརྒྱུད་ནས་མ་དངུལ་སྒོར་ཁྲི4.5བསྡུ་རུབ་བྱས་ཤིང་། རྫོང་ནགས་ལས་ཅུས་ཀྱིས་ཁོ་ལ་ཁ་གསབ་མ་དངུལ་སྒོར་ཁྲི2.5བྱིན་ཏེ། སྦྱར་སྡོང་ཁྲི10འཛུགས་པ་དང་། ཉིང་ལྕུག་ས་བོན་རྒྱ་མ3000དང་། ཕུར་ནག་ས་བོན་རྒྱ་མ1000དང་། ཆ་འགྲིག་ལྕགས་ར་སྨི12000བཅས་ཐག་བཅད་པས། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི18བཏང་བའི་རྨང་གཞིའི་སྟེང་། པུ་རྒྱལ་གྱིས་སྡེ་དམངས60ལྷག་གླས་ཤིང་། ཁྱིམ་མི4པོ་ཁྲིད་དེ་མུ་གེ་ཐང་གི་བྱེ་ཀློང་དུ་རས་གུར་ཕུབ་ཅིང་། ཐབ་ཀ་བཙུགས་ཏེ། ཉིན40ལྷག་ལ་དཀའ་སྤྱད་སྡུག་རུས་བསྐྱེད། ལོ་དེར་སྡོང་པོ་སྤྱི་ཆིང100ལེགས་པར་བཙུགས། 2004ལོར། པུ་རྒྱལ་རང་ཉིད་ཀྱིས་སྦྱར་བའི་སྡོང་ཕྲུག་ཁྲི10གྲབས་གསོག་བྱས་ཡོད་ཅིང་། རྫོང་ནགས་ལས་ཅུས་ཀྱིས་ཁོ་ལ་སྡོང་ཕྲུག་སྣ་ཚོགས་ཁྲི10དང་། ཉིང་ལྕུག་ས་བོན་རྒྱ་མ5000དང་། རྩྭ་འཁན་པའི་ས་བོན་རྒྱ་མ1000བཅས་མཁོ་སྤྲོད་བྱས་ཏེ། སྡོང་འཛུགས་ཁ་གསབ་སྒོར་མོ་ཁྲི4ཐག་གཅོད་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་སྤྱི་ཆིང66.6གི་བྱེ་འགོག་ལས་འགན་ཡོངས་སུ་གྲུབ།
        གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། པུ་རྒྱལ་གྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་དམ་ཚིག་དང་། དད་མོས་དང་ལག་ལེན་བཅས་མཉམ་འདྲེས་བྱས་ཏེ། ལོ་ངོ20རིང་གི་བྱེ་མ་བཅོས་སྐྱོང་གོ་རིམ་ཁྲོད།འགྱུར་བ་མེད་པའི་ཡིད་ཆེས་ཀྱིས་ཉེ་འཁོར་གྱི་རོང་འབྲོག་མང་ཚོགས་སྐུལ་སློང་དང་། རང་ཉིད་ཀྱི་མི་གཞིའི་སྟོབས་ཤུགས་ཀྱིས་མང་ཚོགས་ལ་ཤུགས་རྐྱེན་ཐེབས། རང་ཉིད་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ལ་སྣེ་ཁྲིད་དེ། རོང་འབྲོག་མང་ཚོགས་ཀྱི་བྱེ་འགོག་སྡོང་འཛུགས་ཀྱི་སྣེ་ཁྲིད་པར་གྱུར།
        མིག་སྔར། ཁོས་བྱེ་འགྱུར་རྩྭ་ས་སྤྱི་ཆིང666.6བྱེ་བཅོས་དང་སྡོང་འཛུགས་བྱས་ཟིན། ཁོས་བདག་སྐྱོང་བྱེད་རྒྱུ་ནི་སྡོང་ཕྲུག་འཛུགས་པ་ལས་གལ་ཆེ་བའི་གནས་ལུགས་ཡིན་པས་ཤེས་ནས། ལོ་རེར་རང་ཉིད་ལ་གཏན་འབེབས་བྱས་པའི་བྱེ་བཅོས་སྡོང་འཛུགས་ཀྱི་འཆར་བཀོད་ལས་འགན་ལེགས་འགྲུབ་བྱས་པ་དང་མཉམ་དུ། མུ་མཐུད་དུ་སྡོང་ཕྲུག་གསབ་འཛུགས་བྱས་ཏེ། ལོ་རེར་སྤྱི་ཆིང66.6གི་འགྲོས་ཚད་ཀྱིས་མུ་མཐུད་དུ་སྡོང་འཛུགས་ལྗང་སྒྱུར་ལ་སྐུལ་འདེད་བཏང་ཞིང་། སྡོང་ཕྲུག་གསོན་ཚད85%ཡན་རེད། དེང་སྐབས། མུ་གེ་ཐང་དུ་བལྟས་ཚེ། གཞི་ཁྱོན་ཅན་གྱི་ལྗང་མདོག་གི་ཡུལ་གྲུ་ཞིག་མཐོང་ཐུབ།
        ལོ་ངོ་མང་པོའི་རིང་ལ། པུ་རྒྱལ་ནི་ཁྱིམ་མི་ཁྲིད་པ་དང་བྲོ་ཁ་དང་འཐུང་ཆུ་བཟུང་ཞིང་། ལྕགས་ཁེམ་ཁུར་ཏེ་རང་ཚང་གི་སྡོང་གསེབ་ཏུ་ལས་ཀར་འགྲོ་བའི་འཚོ་བར་གོམས་ཟིན་པ་དང་། ཁོས་སྔ་མོ་ནས་བྱེ་བཅོས་ནི་རང་ཉིད་དགའ་བའི་རླབས་ཆེན་བྱ་གཞག་ཅིག་ཏུ་བརྩིས་ཏེ། ཕ་ཡུལ་གྱི་བྱེ་བཅོས་སྡོང་འཛུགས་ཀྱི་ཆེད་དུ་ཕངས་སེམས་མེད་པར་མ་དངུལ་བཏང་ཞིང་། ཕ་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཆེད་འགྱོད་པ་མེད་པའི་སྟོབས་ཤུགས་བཏོན།
        བྱེ་ཐང་དུ་ཐོག་མར་ཆགས་པའི་གཞི་ཁྱོན་ཅན་གྱི་ལྗང་མདོག་གི་ཡུལ་དེར་ལྟ་བཞིན། ཁོས་སྡོང་ཕྲུག་ལ་བདག་སྐྱོང་གང་ལེགས་བྱེད་པའི་དུས་མཚུངས་སུ། མུ་མཐུད་དུ་ཡང་བསྐྱར་ཐང་རྒོད་སྔར་ལས་མང་པོ་ཞིག་འགན་གཙང་ལེན་བྱས་ཏེ། རང་ཉིད་ཀྱི་མི་ཚེ་རྫོགས་པའི་བར་དུ་སྡོང་འཛུགས་ནགས་སྐྲུན་བྱ་རྒྱུའི་འཆར་གཞི་འཐེན་གྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1