༄༅།། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ལས་མི་ཚེའི་འབེལ་གཏམ་སྐོར།ངར་སེམས་ཀྱི་དབང་དུ་མི་ཤོར་བར་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-10


        ངར་སེམས་ཀྱི་དབང་དུ་མི་ཤོར་བར་བྱེད་རྒྱུ་ནི་ཕུལ་བྱུང་གི་མི་སྣར་ལྡན་པའི་གཤིས་བཟང་ཞིག་ཡིན། སྤྱོད་བཟང་དེས་མི་རྣམས་ལ་ངང་ཐུང་ཐ་དམན་རང་བཞིན་གྱི་ང་རྒྱལ་གྱི་ཤུགས་རྐྱེན་ཐེག་བཟོད་པར་བྱེད་ངེས། རང་གི་ང་རྒྱལ་གཞོམ་པར་བཟོད་པ་ལས་ལྷག་པ་མེད་དེ། དེ་ནི་སྙིང་སྟོབས་ཅན་གྱི་རྒྱལ་ཁ་ཞིག་ཡིན། རང་ཉིད་ཀྱི་གཤིས་རྒྱུད་ལ་ཚོད་འཛིན་ཕོག་པའི་དབང་དུ་བཏང་ནའང་མིག་སྔའི་གནས་བབ་ལ་འཇིགས་སྐུལ་མི་ཕོག་པ་གྱིས། གལ་ཏེ་གནས་བབ་མི་དམན་པ་ཞིག་ཡོད་ཚེ་ཉིད་ཀྱིས་དེ་བས་ཀྱང་གཟབ་གཟབ་བྱེད་དགོས། དེ་ནི་ཞབས་འདྲེན་གྱི་གནས་ཚུལ་སྔོན་འགོག་ཐུབ་པའི་ཐབས་ལམ་ཉག་གཅིག་ཡིན་ལ།གཟི་བརྗིད་སླར་བརྩོན་གྱི་ལམ་ཐག་ཐུང་ཤོས་དེའང་ཡིན། །
རྒྱུད་ལ་རང་ཆས་ཀྱི་ཞན་ཆ་ལས་གཡོལ་ཐབས་བྱེད་དགོས།
        རྒྱུད་ལ་རང་ཆས་ཀྱི་ཞན་ཆ་ལས་གཡོལ་ཐབས་བྱེད་དགོས། ཆུ་རྒྱུད་ཀྱི་ས་གཤིས་ལས་ཆུའི་སྤུས་ཚད་ལ་ཤུགས་རྐྱེན་འབྱུང་བ་ཇི་བཞིན་སྐྱེ་བོའི་སྤྱོད་པ་དང་གཤིས་ཀར་སྐྱེ་ས་སྐྱེ་ཡུལ་གྱི་ཆ་རྐྱེན་དང་གནམ་གཤིས་ཡག་སྡུག་གི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། སྐྱེ་བོ་འགའ་ཞིག་མི་གཞན་དང་བསྡུར་ཚེ་ཕ་ཡུལ་གྱི་བཀའ་དྲིན་དེ་བས་ཟབ་པ་ཡོད། གང་ལགས་ཤེ་ན། དེ་གར་ནམ་མཁའ་དྭངས་ཤིང་མཁའ་རླུང་གཙང་མ་ཡོད། རྒྱལ་ཁབ་ཅི་འདྲ་ཞིག་ཡིན་རུང་། ཚང་མར་དམིགས་བསལ་གྱི་ཞན་ཆ་རེ་མེད་པ་ནི་མི་སྲིད་དོ། ། ཞན་ཆ་དེ་དག་གི་རྐྱེན་པས་རྒྱལ་ཁབ་གཞན་དག་གིས་ང་རྒྱལ་རློམ་སེམས་བྱེད་པའམ་ཡང་ན་དོགས་ཟོན་བྱེད་དགོས་པ་ཡོང་གི་ཡོད། རང་གི་ཞན་ཆ་ཡོ་བསྲང་དང་ཐ་ན་སྦས་སྲུང་ཐུབ་ཚེ་དེ་ནི་རྣམ་དཔྱོད་ཅན་གྱི་རྒྱལ་ཁ་ཞིག་ལགས། ཁྱོད་ཉིད་སྤུན་ཟླའི་ཁྲོད་ནས་གཟེངས་སུ་ཐོན་ན་མཚན་སྙན་གྲགས་མི་དམན་པ་ཞིག་ཐོབ་ངེས་ལ།ཧང་སངས་དགོས་པའི་གྲུབ་འབྲས་ལ་ག་དུས་ཡིན་ནའང་གཞན་གྱི་བརྩི་འཇོག་དང་ཡིད་སྨོན་ཐོབ་ངེས་ཡིན། དེ་མིན་གྱི་ཞན་ཆ་དག་གི་ཡོང་ཁུངས་ནི་ཁྱིམ་ཚང་། ལས་གནས། ལས་རིགས་དང་དུས་ཀྱི་འཕོ་འགྱུར་བཅས་ཡིན། གལ་ཏེ་ཞན་ཆ་དེ་དག་སྐྱེ་བོ་གཅིག་གི་ལུས་ཐོག་ནས་མངོན་པར་མ་ཟད།ཚོད་འཛིན་ལེགས་པོ་མ་ཐུབ་ཚེ་མི་དེ་ཉིད་བཟོད་པར་དཀའ་བའི་མི་ཡ་མ་གཟུགས་ཤིག་ཆགས་ངེས་ལགས། །

རྒྱུ་ལོངས་སྤྱོད་དང་མཚན་སྙན་གྲགས།
        རྒྱུ་ལོངས་སྤྱོད་དང་མཚན་སྙན་གྲགས། གཅིག་ནི་གཡོ་ཞིང་མི་རྟག་པ་དང་ཅིག་ཤོས་ནི་རྟག་བརྟན་འགྱུར་མེད་ཅིག་ཡིན། རྒྱུ་ལོངས་སྤྱོད་ནི་ཚེ་འདི་ཉིད་ཀྱི་དོན་དུ་ཡིན། མཚན་སྙན་གྲགས་ནི་སྐྱེ་བ་ཕྱི་མའི་དོན་དུ་ཡིན། ཁེ་ཕན་ཐོབ་སྐབས་གཞན་གྱི་ཕྲག་དོག་ལ་གཟབ་དགོས། སྙན་གྲགས་ཐོབ་སྐབས་མི་གཞན་མ་བརྗེད་པ་བྱེད་དགོས། སྐྱེ་བོ་ཀུན་གྱིས་ནོར་རྫས་འདོགས་རྒྱུར་རེ་བ་བྱེད་ཅིང་སྐབས་རེར་རང་གི་བསམ་པ་བཞིན་དུ་གྲུབ་ཀྱིན་ཡོད། མཚན་སྙན་གྲགས་ཀྱི་རེ་འདོད་ནི་གཤིས་བཟང་ལས་བྱུང་བ་ཡིན། སྔར་ནས་ད་བར་མཚན་སྙན་གྲགས་དང་སྐྱེ་བོ་གྲགས་ཅན་གཉིས་ལྷན་དུ་འགྲོགས་ཀྱིན་ཡོད་རྐྱེན་ནམ་ཡང་མཐའ་གཉིས་ཀྱི་ཕྱོགས་སུ་ལྷུང་གི་ཡོད་དེ། ཡང་ན་ཆེས་གདུག་རྩུབ་ཀྱི་གདོན་འདྲེ་ཆགས་པ་དང་ཡང་མིན་ན་རྩེར་སོན་གྱི་རྣམ་དཔྱོད་ཅན་ཞིག་ཆགས་ཡོད། །

མིག་དཔེར་འོས་པའི་གྲོགས་པོ་བསྒྲིག་དགོས།
        མིག་དཔེར་འོས་པའི་གྲོགས་པོ་བསྒྲིག་དགོས། མཛའ་མཐུན་གྱི་གཏམ་གླེང་དེ་ཉིད་ཤེས་ཡོན་འཕེལ་བའི་ཐབས་ལམ་ཞིག་ཏུ་འགྱུར་བར་བྱེད་དགོས། གཏམ་གླེང་བརྒྱུད་དགེ་མཚན་ལྡན་པའི་སློབ་གསོ་ཐོབ་པར་བྱེད་དགོས། དེ་ལྟར་བགྱིས་ཚེ་གྲོགས་བཟང་གི་བཤེས་གཉེན་དུ་འགྱུར་སྲིད། བགྲོ་གླེང་གི་སྤྲོ་སྣང་དང་སློབ་སྦྱོང་གི་ལེགས་ཆ་གཉིས་གཅིག་ཏུ་འདྲེས་པར་བྱེད་དགོས། བློ་གྲོས་ཅན་གྱི་སྐྱེ་བོ་དེས་བགྲོ་གླེང་གི་སྤྲོ་སྣང་རོལ་མྱོང་བྱེད་དོ། གཏམ་བཤད་སྤེལ་ན་དགའ་བསུ་ཐོབ་པ་དང་གཞན་གྱི་གཏམ་རྣམས་ལེགས་པར་ཉན་ཚེ་ཉིད་ལ་ཕན་པ་འཇགས་པའོ། ། ང་ཚོ་རྟག་ཏུ་སྒེར་ཕན་འབའ་ཞིག་གི་དོན་དུ་གཞན་གྱི་དབང་འོག་ཏུ་ཚུད་ཀྱིན་ཡོད། འོན་ཏེ་འདི་ཉིད་ཀྱིས་ངེད་ཚོ་རྟོགས་པ་དེ་བས་ཚད་མཐོན་པོ་ཞིག་ཏུ་སླེབས་སྲིད། མཁས་མཛངས་ཅན་གྱི་སྐྱེ་བོས་རྟག་ཏུ་ཕུལ་བྱུང་མི་སྣའི་བཞུགས་གནས་སུ་གམ་བཅར་ཞུ་གིན་ཡོད་ཅིང་། དེ་ཉིད་བློ་སྦྱོང་གི་གར་སྟེགས་ཤིག་ལས་མཚན་སྙན་གྲགས་ཀྱི་གནས་ལ་བརྩི་གིན་མེད། དེ་གར་ཡང་དག་པའི་འཇིག་རྟེན་འགྲོ་ལུགས་ལ་མཁས་པའི་དབང་གིས་སྐད་གྲགས་ཆོད་པའི་སྐྱེ་བོ་མཐོང་རྒྱུ་ཡོད་དེ། དེ་ནི་ཁོ་ཚོས་རང་དཔེ་གཞན་སྟོན་གྱིས་རྣམ་དཔྱོད་ཅན་ཞིག་ཏུ་གྱུར་པར་མ་ཟད་དེ་དག་དང་མཉམ་དུ་འགྲོགས་པ་དག་ཀྱང་འཇིག་རྟེན་འགྲོ་ལུགས་ལ་མཁས་པའི་མཚན་ཉིད་རིག་པ་སྦྱོང་མཁན་གྱི་ཤེས་ལྡན་ཚོགས་པ་ཞིག་ཏུ་གྲུབ་པ་ལགས། །

རང་བྱུང་དང་མིས་བཟོས། རྒྱུ་ཆ་དང་ལས་སྣོན།
        རང་བྱུང་དང་མིས་བཟོས། རྒྱུ་ཆ་དང་ལས་སྣོན། འཇིག་རྟེན་ཐོག་བཟོ་ལ་མ་བརྟེན་པའི་ཚེམ་པ་མེད། གལ་ཏེ་མིའི་བཟོ་དང་བྲལ་གྱུར་ན་དགེ་མཚན་མཐའ་དག་ཐ་དམན་དུ་འགྱུར་སྲིད། མིས་བཟོས་ལག་རྩལ་གྱིས་མི་འདང་ས་ཁ་གསབ་ཐུབ་པའི་ཁར་དགེ་མཚན་ཆེ་རུ་གཏོང་ཐུབ། བྱ་དངོས་མཐའ་དག་ཆ་ཡོངས་སུ་རྫོགས་པ་ཞིག་མིན་རྐྱེན་ང་ཚོས་ངེས་པར་དུ་མིའི་བཟོ་དང་ལག་རྩལ་ལ་བརྟེན་དགོས། གལ་ཏེ་བཙོ་སྦྱང་དང་ཞུན་བརྡར་མ་བྱས་ཚེ་མཆོག་གྱུར་གྱི་གཤིས་བཟང་དེ་ཡང་སྒྲིག་མེད་ཅིག་ཏུ་འགྱུར་ངེས། གལ་ཏེ་གཞན་གྱི་བརྡ་སྦྱོར་ལ་མ་བརྟེན་ན་སྐྱེ་བོ་སུ་འདྲ་ཞིག་ལའང་སྐྱོན་དང་དྲི་མ་མེད་པས་དགེ་མཚན་གང་དག་ཚང་མར་ཞུན་བརྡར་བྱེད་དགོས། །

སྐབས་རེར་མགོ་འཚོས་ནས་ཀླད་པ་ལྡག་དགོས།   སྐབས་རེར་སྐབས་ལ་བབ་ན་གསེག་ལ་གཅོད་དགོས།
        འཚོ་བ་ནི་གདུག་པ་ཅན་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཞིག་ཡིན། རྣམ་དཔྱོད་ལྡན་པའི་མཐབ་རྩོད་དེ་ཐབས་ཇུས་རང་བཞིན་གྱི་དམིགས་ཡུལ་དང་བསྟུན་ནས་འགྱུར་བ་འགྲོ་གིན་ཡོད་དེ། འཇིགས་སྐུལ་ནི་བཅོས་མ་དང་། རྔ་ཤར་ནས་བརྡུངས་ཏེ་མདའ་ནུབ་ལ་རྒྱག་དགོས། དེ་བས་རྟག་ཏུ་རང་གི་དམིགས་ཡུལ་སྦས་སྲུང་བྱེད་ཀྱིན་ཡོད། ཐོག་མར་བབ་བརླིང་མདུང་རྩེ་འཕྱར་ཁུལ་བྱས། དེ་ནས་གློ་བུར་དུ་ཕ་རོལ་བའི་གནད་དུ་བསྣུན་པར་བྱེད། དེ་ནས་གོ་སྐབས་བཙལ་ཏེ་གཡུལ་ལས་རྒྱལ་བར་བྱེད་དོ། ། འོན་ཏེ་བློ་ལྡན་རྣམས་ཀྱིས་སྦ་གསང་དོད་པོས་ངན་ཇུས་སྔོན་དཔོག་ཐུབ་ཀྱིན་ཡོད། བློ་གྲོས་ཅན་ཚོས་རྟག་ཏུ་རང་གི་དགྲ་བོ་རྨོངས་རེ་བྱེད་པ་ཤེས་ཀྱིན་ཡོད་པས། ཕ་རོལ་པོའི་གཡོ་སྒྱུ་དཔོག་ཐུབ་ཀྱིན་ཡོད། དེ་བས་ཐོག་མའི་ཕར་རྒོལ་གྱི་གོ་སྐབས་དེ་བློས་བཏང་ནས་གོ་སྐབས་ཐེངས་གཉིས་པ་དང་གསུམ་པར་རེ་སྒུག་བྱས་ནས་སྡོད་སྲིད། གཡོ་ཅན་དེས་རང་གི་ཇུས་ངན་གཞན་གྱིས་མཚང་རྟོལ་བ་ཚོར་ནས་དེ་ལས་ཚད་མཐོ་བའི་གཡོ་ཐབས་སྤྱོད་སྲིད་དེ། ཐབས་ཇུས་འགྱུར་ལྡོག་དང་མགོ་བསྐོར་གཡོ་ཐབས་ལ་འགྱུར་ལྡོག་བཏང་སྟེ།དངོས་བདེན་ལ་བརྟེན་ནས་མགོ་བསྐོར་དང་གཡོ་སྒྱུར་མ་བརྟེན་པར་གཡོ་ཐབས་ཀྱི་དམིགས་ཡུལ་སྒྲུབ་དགོས་སྙམ་གྱིན་ཡོད། གཡོ་ཐབས་དེ་དྲང་བདེན་གྱི་ཚད་མཐོ་ཤོས་སྟེང་དུ་འཛུགས་ཀྱིན་ཡོད། འོན་ཏེ་བློ་གྲོས་ཅན་གྱིས་དེ་བས་ཡིད་གཟབ་ཀྱིས་ཕ་རོལ་པོའི་འོད་ལྡན་གྱི་ཕྱི་ཤུན་འོག་ཏུ་སྦས་པའི་ལྐོག་གཡོ་ངན་ཇུས་དག་རྟོགས་ནས།ངན་ཇུས་དེ་དག་མཚང་རེ་རེ་བཞིན་བརྟོལ་བར་བྱེད། ཕྱིའི་རྣམ་པ་ཇི་ཙམ་གཡོ་ལྷད་མེད་པ་ཞིག་ཏུ་སྣང་ཡང་གཡོ་སྒྱུ་དེ་ཙམ་གྱིས་ཆེ་བ་ཡོད། །

《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1