༄༅།། སྡེ་དགེའི་བཀའ་བསྟན་འགྱུར་གྱི་པར་ཡིག་འབྲི་བ་ལས་བྱུང་བའི་གཏམ་ཐོར་བུ།

རྒྱལ་མཚན་གྱིས་བསྒྲིགས། བསྟན་འཛིན་ཉི་མས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-11



རྒྱལ་མཚན་གྱིས་བསྒྲིགས། བསྟན་འཛིན་ཉི་མས་པར་བླངས།
        སྤྱིར་བོད་ཀྱི་ཡིག་གཟུགས་ནི་ཐོག་མར་ལོ་ངོ་བཞི་སྟོང་སྔོན་གྱི་ཞང་ཞུང་སྟག་གཟིག་སྤུངས་ཡག་དང་སྨར་ཡིག །ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་ཡིན་ལ། དེ་ནས་གངས་ལྗོངས་ཡི་གེའི་སྣང་བྱེད་ཐོན་མི་སམ་བྷོ་ཊ་མཆོག་གིས་རྒྱལ་པོའི་བཀའ་བཞིན་དུས་རབ་བདུན་པ་སྤྱི་ལོ་633ལོར་རྒྱ་གར་ལ་བཞུད་ཏེ། འཕགས་ཡུལ་གྱི་མཁས་པ་བྲམ་ཟེ་ལི་བྱིན་སོགས་ཀྱི་མདུན་ཡིག་རིགས་དུ་མར་སྦྱང་བརྩོན་གནང་བ་མ་ཟད། མཐར་བོད་རང་གི་སྐད་གཤིས་དང་མཐུན་པའི་ཡི་གེའི་འཐུས་སྒོ་ཇེ་ཚང་དུ་བཏང་བའི་མ་ཕྱི་རྒྱ་གར་གྱི་རྒྱལ་པོ་བརྒྱ་ཕྲག་བདུན་པའི་ནང་དུ་བྱོན་པའི་གུཔྟའི་ཡི་གེར་དཔེ་བྱས། ཡིག་རྒྱུན་ཁྱུང་པོ་གཡུ་ཁྲི་དང་། སུམ་པ་གནོད་སྦྱིན་སོགས་ཀྱིས་ལེགས་པར་གཏན་ལ་ཕབས་ཏེ་དར་རྒྱས་སུ་གྱུར་ནས། གཟབ་ཆེན་དང་། གཟབ་ཆུང་། འབྲུ་ཆེན། འབྲུ་ཆུང་། བཤུར་མ། དཀྱུས་ཡིག་བཅས་རིམ་པས་རིམ་པར་འགྱུར་ནས་དང་པོ་གཟབ་གཅིག་པོ་ལའང་མི་འདྲ་བའི་ཁྱད་པར་དགུར་གྱུར་ཏེ། དང་པོ་ཐོན་མི་སམ་བྷོ་ཊའི་ཕྱག་བྲིས་དབུ་ཅན་སྦལ་ནག་ན་ལ་བརྒྱངས་པ་འདྲ་བ་དང་། དེ་རྗེས་སུ་ཕྱ་དར་རིན་འབར་ཞེས་བྱ་བས་སོ་ཕག་གཤིབས་པ་ལྟ་བུ། དེ་རྗེས་སུ་ཆབ་དཀར་བེའུ་ཚེས་བྱ་ཕོ་འཇོལ་བ་ལྟ་བུ། དེ་རྗེས་སུ་གཙང་དགེ་བསྙེས་དབང་གིས་ནས་ནག་བཀྲབ་པ་ལྟ་བུ། དེ་རྗེས་སུ་འབྲེའོ་ཁྲོམ་ཞེས་པས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ། དེ་རྗེས་སུ་ཚེ་སྤོང་བྱང་ཆུབ་ཀྱིས་སྦུར་ནག་འབྲད་པ་ལྟ་བུ། དེ་རྗེས་སུ་ཐེ་ཡོན་ཏན་བྱ་བས་ཉ་ཆུ་ནང་ནས་ཕྱུང་པ་ལྟ་བུ། དེ་རྗེས་སུ་གྲ་རྒོད་རྣམ་གཉིས་ཞེས་པས་སེང་གེ་གནམ་དུ་མཆོངས་པ་ལྟ་བུ་རིམ་པར་བྲིས་པ་རྣམས་ལ་སྔ་མ་ཟེར། དེ་རྣམས་བརྒྱ་ཕྲག་བདུན་པ་ནས་བརྒྱ་ཕྲག་བརྒྱད་པའི་བར་དུ་བྱུང་། དེ་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བརྒྱ་ཕྲག་དགུ་པའི་ནང་དུ་ཡི་གེ་མཁས་པའི་མཆོག་ལེགས་བྱིན་ཉི་མ་དང་། སྐྱེན་པའི་ཕུལ་ལྡན་ལྡན་མ་རྩེ་མང་། དག་པའི་རབ་མཆོག་ཨ་ཙརྱ་ཡེ་ཤེས་དབྱངས་ལ་སོགས་པས་གོང་གི་ཡིག་རྒྱུན་རྣམས་དར་རྒྱས་ལེགས་སྤེལ་དུ་བཏང་བ་ཙམ་ལས། ཡི་གེའི་མིང་གསར་དུ་མ་མཛད་མོད། འོན་ཀྱང་རྗེས་སུ་ལྡན་ལུགས་ཞེས་པ་དར་རྒྱས་ཆེ་བ་བྱུང་ཡིན། ཞེས་པ་མཁས་པ་རྣམས་ཀྱིས་བཞེས།

བྲིས་གཟུགས་ཀྱི་ཤོག་དྲིལ། 

        དེའང་སྡེ་དགེ་པར་ཁང་གི་པར་ཡིག་ནི་དབུ་ཅན་ཁོ་ནར་ཡིན་ལ་ཐོག་མའི་ཡིག་གཟུགས་ལ་དེ་ཙམ་གཅིག་གྱུར་མེད། སངས་རྒྱས་བསྟན་པའི་སྐུ་རིང་ལ་བཞེངས་པའི་བརྒྱད་སྟོང་སུམ་ཕབ་ཀྱི་དཀར་ཆག་ལས། འབྲི་རྐོས་རི་མོ་སོགས་ཀྱི་དོ་དམ་ནང་བློན་མཁྱེན་པའི་ནོར་ལྡན་ཀུན་དགའ་ལྷུན་གྲུབ་དང་སྨྱུག་འཛིན་པ་ཕུན་ཚོགས་ཆོས་གྲགས། ལཉྫའི་ཡིག་མཁན་ཕྱི་རིག་པའི་གནས་ལ་རྣམ་པར་དཔྱོད་པའི་བཞིན་རས་གསལ་ཞིང་། ནང་ཟབ་མོ་རིམ་པ་གཉིས་ལ་བློ་གཞོལ་བའི་དགེ་སློང་ཨོ་རྒྱན་ཡེ་ཤེས་དང་། བཀྲ་ཤིས་དབང་ཕྱུག་ཟུང་། ཐོན་མའི་རིང་ལུགས་འཛིན་པའི་བོད་ཡིག་འབྲི་བ་པོ། བཀྲ་ལུ། སྲུང་མ་བཀྲ་ཤིས། ཨུ་རྒྱན་མགོན་ཏེ་གསུམ། དབུ་ལྷའི་རི་མོ་པ་ཨ་ལྷ། རྐོས་ཀྱི་དབུ་མཛད་ལྷ་སྐྱབས། ཨ་འཕེལ་ལྷ་རྒྱལ། ལི་རྒྱལ། འབྲུག་དགེ་ལྔས་གཙོས་པའི་རྐོས་པ་ལྔ་བཅུ་སྐོར་གྱིས་ཞེས་པ་དང་། དེ་རྗེས་ཙམ་བརྐོས་པའི་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་མཛད་པའི་དག་ཡིག་ཟ་མ་ཏོག་གི་པར་ཡིག་འབྲི་མཁན་གོང་ཞུས་ཀྱི་སྲུང་མ་བཀྲ་ཤིས་ཡིན་པའོ། །


པར་བརྐོས་ལག་རྩལ་ཆེད་མཁས་པ་འཇམ་གྲགས་ཀྱིས་པར་རྩའི་ཡིག་གཟུགས་ལ་ཞིབ་འཇུག་བྱེད་བཞིན་པ།


        སི་ཏུ་པཎ་ཆེན་གྱིས་མཛད་པའི་དཀར་འགྱུར་དཀར་ཆག་ལས། གཟབ་མ་འབྲི་བའི་ཡི་གེ་པ་སྔ་སོར་བོད་ཀྱི་ལྗོངས་འདིར་ཧ་ཅང་མཁས་པ་མེད་མོད་ཀྱི། ལེགས་བྱས་རྒྱ་ཆེན་པོ་འདིའི་དབུ་བཙུགས་པ་ཙམ་ནས་མ་བོས་པར་ཡང་བསོད་ནམས་ཆེན་པོའི་མགྲོན་དུ་འོངས་པའི་ཡི་གེ་བ་མང་པོ་འདུས་པ་ལ་སོ་སོའི་ཡོ་བྱད་ཐམས་ཅད་བླ་ནས་སྦྱར་ཏེ། འཇམ་དབྱངས་སྤྲུལ་པ་ཐོན་མི་སཾ་བྷོ་ཊའི་རྣམ་དཔྱོད་ཀྱི་ཟློས་གར་ལས། བོད་ཡུལ་གྱི་ཡི་གེ་གསར་དུ་བྱོན་པ་ནས་བརྩམས་ཏེ། ཕྱིས་ཁྱུང་པོ་གཡུ་ཁྲིས་ཐིག་ཁོངས་ནས་དྲངས་ཤིང་རོང་པོས་ལྷན་ཐབས་མཛད་པའི་རྒྱུན་ཇི་ལྟ་བ་བཞིན་དུ་མ་ཆོས་ཉི་ཤུ་རྩ་གཅིག །བུ་ཆོས་བཅུ་དྲུག །སྤྱི་ཆོས་གསུམ་བཅས་ཆོས་བཞི་བཅུའི་མཚན་ཉིད་ཚང་བར་འབད་པ་ཆེན་པོས་སྦྱོང་དར་བྱེད་དུ་འཇུག་པ་གནང་ནས། དེ་དག་དུས་ཐུང་ངུར་བྱངས་ཤིང་མཁས་པར་གྱུར་པ། དཔོན་ཡིག་པ་དྲུག་ཅུ་ལྷག་ཙམ་གྱིས་ལྷུན་གྲུབ་སྟེང་གི་བླ་བྲང་ཆེན་མོའི་ནང་དུ་པར་ཡིག་འབྲི་བའི་གྲྭ་བཙུགས་པ་དང་། དེ་བཞིན་དུ་པར་བརྐོས་པ་བཞི་བརྒྱ་ལྷག་དང་། ཞུས་དག་པ་བཅུ་སྐོར། ཤིང་བཟོ་བ། ཤོག་བུ་མཁན་པོ། སྣག་ལས་པ། ཤོག་ལས་པ་སོགས་ལས་ཚན་ཤིན་ཏུ་མང་བ་བར་མ་ཆད་དུ་བསྟེན་པའི་རིམ་པས་ཞུས་དག་ཟིན་པ་དང་པར་ཡིག་འབྲི། དེ་ཟིན་ནས་པར་ཡིག་ལ་ཡིག་མཁན་སོ་སོས་པར་ཞུས་ལན་གཉིས་དང་། ཞུས་དག་མཁན་པོ་རྣམས་ཀྱིས་ལན་གཉིས་ཏེ་བཞི་བཞིར་ཞུས་དག་བྱེད། དེ་ཟིན་ནས་པར་བརྐོས་པ་རྣམས་ལ་སོ་སོར་སྤྲོད་པ་སོགས་ལས་སྤྱིའི་དོ་དམ་པ་གྲུབ་དབང་བྱང་ཆུབ་གླིང་པའི་དབོན་རྒྱུད་དུ་སྐྱེས་ཤིང་བརྡ་དག་པར་བྱེད་པའི་སྦྱོར་བ་སོགས་ལ་མཁས་པས་གསུང་རབ་ལ་ལྟ་བའི་མིག་གྲུངས་པོར་གྱུར་པ་དགེ་སློང་ཀརྨ་དཔལ་གྲུབ་དང་། མི་དབང་ཉིད་ཀྱི་ཞབས་ཕྱི་ནང་འཁོར་བ་ཡིག་རྩིས་དང་སྒྱུ་རྩལ་སོགས་ལ་བྱང་ཞིང་གཞུང་དྲང་ལ་ཚུགས་ཐུབ་པ། ཁོག་ཡངས་ལ་དཀྱེལ་ཆེ་བ། ཕྱི་རྒྱ་བསྲུངས་ནས་ཞིབ་ཏིག་མི་འཆོར་བ་སོགས་ཡ་རབས་ཀྱི་ཡོན་ཏན་དང་ལྡན་པ་དྲུང་ཡིག་ཚེ་རིང་འཕེལ་གྱིས་བྱས་ཏེ། ས་བྱ་ནས་ཆུ་གླང་བར་བགྲང་བྱ་ལྔའི་ངོ་མཐོང་བར་བརྩོན་པ་ཆེན་པོས་བསྒྲུབས་པ་ཡིན་ནོ། །ཞེས་གསུངས་པ་དང་།

        ཞུ་ཆེན་ཚུལ་ཁྲིམས་ཀྱིས་མཛད་པའི་བསྟན་འགྱུར་དཀར་ཆགས་ལས། ཁྱད་པར་ཡི་གེ་འདྲི་བ་ལ་ཉེ་བར་མཁོ་བའི་མཚན་ཉིད་གདོན་པ་བཅུ་དང་གཅེས་སོ་བརྒྱད་དེ་བཅོ་བརྒྱད་དང་། མགོ་དང་།

པར་རྩ་འབྲི་བཞིན་པ། 

        དཔུང་པ་དང་། ཟགས་མཆུ་དང་། ཡར་འཐེན་དང་། མར་འཐེན་དང་། མིག་བུ་སྟེ། དེ་རེ་རེ་ལའང་རབ་དང་འབྲིང་དང་ཐ་མ་སྟེ་གསུམ་གསུམ་དུ་ཕྱེ་བའི་མ་ཆོས་ཉི་ཤུ་རྩ་གཅིག་དང་། རྣ་རུའི་ཆོས་གསུམ་དང་། འགྲེང་བུའི་ཆོས་གཉིས་དང་། གི་གུའི་ཆོས་གསུམ་དང་།

སྡེ་དགེའི་ལྡེབ་རིང་གི་བཀའ་འགྱུར་ཡིག་གཟུགས། 

        ཞབས་ཀྱུའི་ཆོས་གསུམ་དང་། ར་བཏགས་ཀྱི་ཆོས་གཉིས་དང་། ཡ་བཏགས་ཀྱི་ཆོས་གསུམ་སྟེ་བུ་ཆོས་བཅུ་དྲུག་དང་། སྤྱིའི་ཆོས་གསུམ་སྦོ་དང་བཅས་པ་སྟེ་རགས་པར་ཆོས་བཞི་བཅུའི་མཚན་ཉིད་དང་། ཞིབ་པར་སོ་སོའི་ཐིག་གིས་ཆ་དབྱེ་བ་དང་བཅས་པ་སྟེ། དེ་དག་གི་སྲོལ་འབྱེད་ཆེན་པོ་འཇམ་པའི་དབྱངས་ཐོན་མི་སམྦྷོ་ཊའི་ཡི་གེའི་རྒྱུན་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་པ་ལ། མཁས་པ་རོང་པོས་ལྷན་ཐབས་ཀྱི་སྟོང་ཐུན་མཛད་པ་དང་། ཕྱིས་བྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་ལེགས་པར་བཤད་པ་དྲི་མ་མེད་པ་རྣམས་དཔང་པོར་བཟུང་སྟེ། དེ་དག་གི་ཚུལ་ལ་ལེགས་པར་བསླབས་ནས་སྦྱངས་པའི་མཐར་སོན་པར་གྱུར་པའི་ཡི་གེའི་དབུ་པ། དགེ་ཚུལ་གྱི་བསླབ་པ་ལ་གནས་ཤིང་གཞན་ལ་ཕན་པ་ལྷུར་བྱེད་པ་བསྟན་པ་རྒྱལ་མཚན་ལ་སོགས་པ་འདིར་ཡོད་པ་དང་། དགའ་སྟོད་ཀྱི་འཛིན་མའི་ཆ་ནས་དབུ་པ་འཇམ་དབྱངས་ལ་སོགས་པ་མང་པོའི་དཀྱིལ་ནས་བཀྲབས་པ་དང་ཉུང་ཤས་རྣམས་ཀྱིས་དང་པོར་དབུ་ཚུགས་པའི་དབྱར་ཟླ་འབྲིང་པོར་ཡི་གེ་པ་མཁས་བཏུས་བཅོ་ལྔས་བྲིས། དེའི་ཕྱི་ལོ་ནས་བཟུང་སྟེ་སྔར་ཡོད་པ་རྣམས་ཞིབ་འཚོགས་དང་། གསར་དུ་སྦྱོང་བརྩོན་བྱེད་པའང་མང་དུ་བྱུང་བ་དང་བཅས་ཏེ་ཐམས་ཅད་བསྡོམས་པར་སྨྱུག་འཛིན་པ་བརྒྱད་ཅུ་ཁ་ཡར་གྱིས་ལྕགས་སྤྲེལ་གྱི་ལོའི་ཧོར་ཟླ་བདུན་པའི་བར་གྱི་དབྱར་ངོ་ཕྱེད་གསུམ་སྟེ། དང་པོར་དབུ་ཚུགས་པའི་དབྱར་སྨད་བཅས་པའི་དབྱར་ངོ་གསུམ་གྱི་དོད་ཙམ་ལ། མཚན་ཉིད་ཐེག་པའི་སྐོར་དང་རིག་པའི་གནས་ཀྱི་བསྟན་བཅོས་བཅས་བསྡོམས་པ་གླེགས་བམ་བརྒྱ་དང་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་མཐར་ཕྱིན་པར་བྲིས་ཟིན་ཏོ། །ཞེས་འགོད་པ་ལ་བལྟས་ན་དེ་སྐོར་ནས་བཟུང་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ནི་ཁྱུང་པོ་གཡུ་ཁྲི་ནས་བརྒྱུད་པའི་ཡིག་གཟུགས་ལ་གཞིར་བྱས་པའི་ཐོག་ཁམས་སྡེ་དགེ་ལ་པར་ཡིག་གི་མཁོ་དགོས་དང་བསྟུན་ཡི་གེའི་འཐེན་ཆ་གཏན་འཁེལ་བྱས་ཏེ། ལེགས་པ་བས་ཀྱང་སྙོམས་པ་གཙོ། །ལེགས་སྙོམས་བས་ཀྱང་དག་པ་གཅེས། །དེ་གསུམ་ལྡན་པའི་ཡི་གེ་མཁན། །བསྟན་པ་འཕྲལ་དུ་གསལ་བར་བྱེད། །ཅེས་པ་ལྟར་རིམ་བཞིན་འགྲིག་སྙོམས་མཛེས་གསལ་དག་ལྡན་གྱི་སྡེ་བྲིས་ཞེས་ཡོངས་སུ་གྲགས་པ་དང་། སི་ཏུ་ཆོས་འབྱུང་དང་། ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཡོངས་སུ་གྲགས་པའི་དཔོན་ཡིག་མཁན་མང་པོས་ཐོག་དྲངས་པའི་ཡིག་མཁན་མང་པོ་བྱུང་ཡོད་པ་དང་། ཕྱིས་སུ་པར་སྒོ་ཕྱེས་རྗེས་སྐུ་ཚེ་བྲིས་པ་ཤེར་རྒྱལ་དང་། རས་སྒོ་ཚང་ནོར་བུ་བཟང་པོ། དངུལ་ཕུ་ནང་པ་སྡེ་དགའ་སོགས་བྱུང་ཡོད།


པར་རྩའི་སྡེབ་བུ་སྦྱར་སྟངས།


        དེ་དང་ཆབས་ཅིག་སྡེ་དགེ་ཕྱོགས་སུ་འབྲི་གཞི་ཤོག་བུ་དང་། ཐིག་འདེབས་ཚུལ། འབྲི་བྱེད་སྣག་ཚ་དང་མཚལ་ལས་ཚུལ། སྨྱུག་གྲི་དང་སྨྱུ་གུ་ལས་སྟངས། ཤོག་བུ་དབུར་བྱེད་གང་ལེགས། ཡི་གེ་འབྲི་སྐབས་ཀྱི་བྲི་སའི་ཁང་པ་སོགས་ཀྱི་གསལ་ཆ་དང་འབྲི་བ་པོ་འདུག་སྟངས་སོགས་གང་ཐད་ལ་ཚད་དང་མན་ངག་ཚན་རིག་གི་ཤེས་བྱ་མཆོག་ཏུ་གྱུར་པ་ཡོད་པའོ། ། 


སྡེ་དགེ་རྒྱལ་པོས་གནང་བའི་གནམ་ལ་འཇའ་ཚོན་སྣ་ལྔ་དང་ས་ལ་སྡིག་པ་ར་ཙའི་ཐམ་ག་ཡོད་པའི་སྡེ་བྲིས་བཀའ་ཤོག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1