༄༅།། སྲོལ་རྒྱུན་ལྷུག་རྩོམ་དང་གསར་དར་ལྷུག་རྩོམ་གཉིས་ཀྱི་ཁྱད་པར་ལས་འཕྲོས་པའི་གཏམ།

བཙན་མགོན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-12



བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་། བཙན་མགོན་རྒྱལ།


        ལོ་རབས་བརྒྱད་ཅུ་པའི་ཚུན་ཆད་དུ་བོད་ཀྱི་ལྷུག་རྩོམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ལྷག་པར་ལྷུག་རྩོམ་གྱི་གོ་དོན་དང་རིགས་དབྱེ། བརྗོད་བྱ་སོགས་ཀྱི་ཐད་འགྱུར་བ་ཆེན་པོ་བྱུང་ཡོད། བོད་ཀྱི་སྲོལ་རྒྱུན་ལྟར་གྱི་གོ་བ་ལེན་སྟངས་སམ་སྙན་ངག་མེ་ལོང་མའི་རྗེས་འབྲངས་པའི་བོད་ཀྱི་ལྷུག་རྩོམ་ཞེས་པ་ནི་ཚིགས་བཅད་མ་ཡིན་པའི་ལྷུག་པ་མཐའ་དག་ལ་ཟེར་གྱིན་ཡོད་པ་དང་། ལོ་རྒྱུས་དུས་སྐབས་མི་འདྲ་བར་རྩོམ་ལུས་ཀྱི་གནས་སྟངས་དང་གོ་བ་ལེན་ཚུལ། ཤུགས་རྐྱེན་བཅས་མི་འདྲ་བ་བྱུང་བ་ནི་རྩོམ་རིག་འཕེལ་ཕྱོགས་ཀྱི་ཆོས་ཉིད་ཅིག་ཡིན་པས། དུས་རབས་དེའི་ངོས་ཐད་ནས་བརྩམས་ཆོས་དང་རྩོམ་ལུས་གང་དེར་རིན་ཐང་དང་གྲུབ་འབྲས་མི་དམན་པ་ཞིག་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། དུས་རབས་གསར་པའི་ལྷུག་རྩོམ་ལ་མཚོན་ན་རྣམ་པ་གསར་པ་དང་ནང་དོན་གསར་པ། གཏན་ཆགས་ཀྱི་རྩོམ་སྟངས་ཡོད་པས་རྩོམ་ལུས་ཤིག་ཡིན་པས་ང་ཚོའི་ད་ལྟའི་དུས་རབས་འདིའི་སྤྱི་ཚོགས་ཀྱི་ཁྱབ་རྒྱའི་ངོས་ཐད་དང་རྩོམ་རིག་གི་ཤུགས་རྐྱེན་ཐེབས་ཚད་ངོས་ནས་དེང་རབས་སྤྱི་ཚོགས་ཁྲོད་ཅུང་རྒྱུག་ཆེ་བ་དང་གོ་གནས་ཀྱང་ངེས་ཅན་བཟུང་ཡོད། རྩོམ་ཐུང་འདིར་རང་རེའི་སྲོལ་རྒྱུན་ལྟར་གྱི་ལྷུག་རྩོམ་དང་ད་ལྟའི་གསར་དར་ལྷུག་རྩོམ་གཉིས་ཀྱི་གོ་དོན་དང་བརྗོད་བྱ། སྒྱུ་རྩལ་མཚོན་ཐབས་སོགས་ཀྱི་ཁྱད་པར་ལ་གཞིགས་ནས་བོང་བུའི་ཐེག་ཚོད་དང་རང་བློའི་ནུས་ཚོད་ཀྱིས་དེ་གཉིས་བསྡུར་བའི་ལམ་ནས་གླེང་ཡོད་པ་འདི་ལྟར།

གཅིག ལྷུག་རྩོམ་གྱི་གོ་དོན་འཇོག་སྟངས།
        ལྷུག་རྩོམ་ཞེས་པ་བོད་རང་གི་སྲོལ་རྒྱུན་ལྟར་ན་བཅད་ལྷུག་སྤེལ་མ་གསུམ་དུ་བྱས་པའི་རྩོམ་ལུས་ཚིག་བཅད་མ་ཡིན་པ་མཐའ་དག་ལ་ཟེར་བ་ཡིན། དེ་ནི་སྙན་ངག་མེ་ལོང་མ་བོད་དུ་དར་རྗེས་ཀྱི་ངོས་འཛིན་སྟངས་ཡིན་ལ། སྙན་ངག་མེ་ལོང་མའི་གཞུང་དུ་རྐང་བ་མེད་པའི་ཚིག་རྒྱུན་ནི། ལྷུག་པ་བརྗོད་པ་དག་དང་གཏམ། ཞེས་ཚིགས་བཅད་སྙན་ངག་གི་ཚིག་རྒྱུན་མ་ཡིན་པའི་ལྷུག་པ་ལ་ལྷུག་རྩོམ་ཞེས་འབོད་ཀྱིན་ཡོད། གཙོ་བོ་ཕྱིའི་རྣམ་པའི་ཚིག་ལྷུག་མ་ལྷུག་གི་ཆ་ནས་དགར་གྱིན་ཡོད་པ་ལས་དེའི་ངོ་བོ་དང་མཚོན་ཐབས་སོགས་ལ་ལྟ་བཞིན་མེད།འདིར་ད་དུང་བརྗོད་པ་དང་གཏམ་གཉིས་ཐ་དད་དུ་བརྗོད་ཡོད་ནའང་དེ་དག་སྐབས་སུ་བབས་པ་མ་ཡིན་པས་བཏང་སྙོམས་སུ་འཇོག་པར་བྱ། གསར་དར་ལྷུག་རྩོམ་མམ་དེང་རབས་རྩོམ་རིག་གི་ངོས་འཛིན་སྟངས་ཀྱི་ལྷུག་རྩོམ་ཞེས་པ་ནི། རྩོམ་ལུས་རིགས་དབྱེ་བའི་ནང་གི་སྙན་ངག་དང་སྒྲུང་གཏམ། ཟློས་གར་ལྟ་བུའི་རྩོམ་ལུས་ཡན་གར་བ་ཞིག་ཏུ་ངོས་འཛིན། དེ་ནི་ལོ་རབས་བདུན་ཅུའི་མཇུག་དང་བརྒྱད་ཅུ་པའི་དབར་བོད་དུ་དར་ལ། སྲོལ་རྒྱུན་ལྟར་གྱི་ལྷུག་རྩོམ་དང་ལུས་ཀྱི་ཆ་རྐྱང་རྐྱང་ནས་འདྲ་ཡང་ནང་དོན་དང་། སྒྱུ་རྩལ་མཚོན་ཐབས་སོགས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཞིག་ཡིན། དེ་ལ་རྒན་རྡོ་རྗེ་རིན་ཆེན་གྱི་རྩོམ་རིག་གཞུང་ལུགས་་སུ་བརྗོད་བྱའི་དོན་སྡུད་མ་དང་ཡིག་ཚོགས་ཉུང་ཞིང་མཚོན་སྟངས་ཀྱི་ཐབས་སྣ་ཚོགས་སྤྱོད་ཅིང་རང་དབང་ཆེ་བ། ཚིག་ཉམས་ཕུན་སུམ་ཚོགས་པར་ཐོན་ཞིང་ཆགས་སྡང་གི་སེམས་ཤུགས་དྲག་ཏུ་འཁོལ་བའི་རྩོམ་ལུས་ཤིག་ཅེས་ཕྱིའི་རྣམ་པའི་ཚིག་ལྷུག་པ་ཁོ་ནས་མི་ཆོག་པར་ཚད་མཐོའི་ཆ་རྐྱེན་ཚང་དགོས་པའི་གོ་དོན་བཞག་ཡོད།

གཉིས། ལྷུག་རྩོམ་ཀྱི་དབྱེ་བའི་སྐོར།
        སྲོལ་རྒྱུན་ལྷུག་རྩོམ་ལ་དབྱེ་བ་ཆེར་དགར་རྒྱུ་མེད་ལ།སྙན་ངག་མེ་ལོང་མའི་གཞུང་དུ་གཏམ་དང་བརྗོད་པ་གཉིས་ཐ་དད་དུ་དབྱེ་ནས།དེ་དག་གི་ཁོངས་སུ་རྣམ་ཐར་དང་སྒྲུང་གཏམ་གཉིས་དོན་གཅིག་མིན་པའི་སྟེང་དགར་བ་ཅུང་བྱས་ཡོད་ནའང་གཙོ་ཆེ་བ་སྤྱིའི་ནང་དོན་ཐད་ཀྱི་དབྱེ་བ་སྟེ། རྣམ་ཐར་དང་རྟོགས་བརྗོད། ཆོས་འབྱུང་ལོ་རྒྱུས་ལྟ་བུ་ལྷུག་རྩོམ་དུ་དྲངས་ནས་བརྗོད་པ་ལས་མཚོན་བྱེད་རྣམ་པའི་ཁྱད་པར་ལ་གཞིགས་ནས་རིགས་དབྱེ་བ་མེད་པར་སྙམ། གསར་དར་ལྷུག་རྩོམ་ནི་རང་སྐྱ་འཕེར་བའི་རྩོམ་ལུས་ཡན་གར་བ་ཞིག་ཡིན་ཕྱིར།དེ་ལ་ཁོངས་གཏོགས་ཀྱི་དབྱེ་བ་མང་དུ་ཡོད་དེ།ཅུང་རྒྱུག་ཆེ་བ་དག་ནི་དོན་བརྗོད་ལྷུག་རྩོམ་དང་ཡིད་འགྱུར་མཚོན་པའི་ལྷུག་རྩོམ།དེ་གཉིས་ནི་ངོ་བོའི་སྟེང་ནས་དབྱེ་བ་ཞིག་ཡིན།དོན་བརྗོད་ལྷུག་རྩོམ་ནི་དོན་དག་བརྗོད་པ་གཙོ་བོ་ཡིན་ལ།ཀུན་བསུ་དོན་འགྲུབ་ཀྱི《མཆོད་རྟེན》དང་།རྡོར་ཚེ་ཡི《གསང་བ་ཡ་མཚན》ལྟ་བུ།ཡིད་འགྱུར་མཚོན་པའི་ལྷུག་རྩོམ་ནི་དངོས་པོ་བྱེ་བྲག་པ་ཞིག་ལ་བརྟེན་ནས་དགའ་སྐྱོ་ཆགས་སྡང་གི་ཡིད་ཀྱི་འགྱུར་བ་མཚོན་པ་ཤས་ཆེ།ཕག་མོ་དོན་འགྲུབ་ཀྱི《ལམ་འགྲམ་གྱི་མེ་ཏོག》དང་།གཅོད་པ་དོན་འགྲུབ་ཀྱི《འཇམ་གཉེན་རྩྭའི་གླུ་སྒྲ》ལྟ་བུ།ད་དུང་ནང་དོན་དང་མཚོན་ཐབས་ཀྱི་ཆ་ནས།རིག་གནས་ལྷུག་རྩོམ་དང་བསྡུས་བརྗོད་ལྷུག་རྩོམ་སོགས་ཡོད།རིག་གནས་ལྷུག་རྩོམ་ནི་རྩོམ་པ་པོ་རྩོམ་རིག་གི་ཁྱབ་ཁོངས་ཁོ་ན་ལས་བརྒལ་ནས་མིའི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འགྲོ་འཆག་ཉལ་འདུག་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་དང་དོ་ཁུར།རིག་གནས་ཀྱི་མཐོང་སྣེ་ནས་འཚོ་བར་ཟབ་ཞུགས་བཅས་དོན་དངོས་ཀྱི་རོ་དང་ལོ་རྒྱུས་ཀྱི་དྲི་མ་ཡལ་བ་ཞིག་ལ་ཟེར་ཏེ།དགེ་འདུན་ཆོས་འཕེལ་ཀྱི《གཏམ་རྒྱུད་གསེར་ཐང》ལྟ་བུ།བསྡུས་བརྗོད་ལྷུག་རྩོམ་ནི་བརྗོད་འདོད་པའི་དོན་དེར་བསམས་ནས་དཔེ་ཞིག་བཀོད་དེ་བརྗོད་དོན་སྟོན་པ།དོན་འགྲུབ་རྒྱལ་ཀྱི《རྐང་ལམ་ཕྲ་མོ》ལྟ་བུ།

གསུམ། བརྗོད་བྱའི་ཐད་ཀྱི་ཁྱད་པར།
        སྒྱུ་རྩལ་གྱི་བརྩམས་ཆོས་གང་ལ་མཚོན་ནའང་བརྗོད་བྱ་ནི་དུས་རབས་གང་དེའི་ལོ་རྒྱུས་འཕེལ་སྟངས་དང་འབྲེལ་ནས་ཡོད་པས། སྐུ་ཞབས་ཆོ་ན་སིན(乔呐森)ལགས་ནས་བརྩམས་ཆོས་ཤིག་གི་བརྗོད་བྱར་ལྟ་སྐབས་དེའི་སྐད་ཆའི་ཁོར་ཡུག་དང་འབྲེལ་དགོས་ལ། སྐད་ཆའི་ཁོར་ཡུག་གམ་གནས་སྐབས་ཀྱིས་བརྗོད་སྙིང་ཐག་གཅོད་བྱེད་བཞིན་ཡོད།ཅེས་གསུངས་པ་ལྟར། རྩོམ་རིག་འཕེལ་ཕྱོགས་ཀྱི་ཆོས་ཉིད་ལྟར་ན་བརྩམས་ཆོས་ཤིག་གི་བརྗོད་བྱ་གང་ཡིན་པ་དེས་སྐབས་དེའི་སྤྱི་ཚོགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་སྲིད་ལ། རྩོམ་རིག་གི་ནང་དོན་ཡང་བྱ་གཞག་གཙོ་ཆེ་བ་དེ་དང་འབྲེལ་ཡོད། དེ་བས་སྲོལ་རྒྱུན་ལྷུག་རྩོམ་གྱི་བརྗོད་བྱ་གཙོ་བོ་ནི་གནའ་བོའི་བོད་ཀྱི་གཙོ་རྒྱུག་རིག་གནས་ཏེ། རྣམ་ཐར་དང་རྟོགས་བརྗོད། ཆོས་འབྱུང་བཅས་ཀྱི་ཕྱོགས་སུ་གཞོལ་ཡོད་པས་དངོས་ཡོད་འཚོ་བ་དང་བར་ཐག་ཅུང་ཡོད་པར་འདོད། གསར་དར་ལྷུག་རྩོམ་གྱི་བརྗོད་བྱ་ནི་འདོད་ཡོན་རིག་གནས་དང་ལེན་གྱིས་དངོས་ཡོད་འཚོ་བ་དང་ཉེ་བར་བཅར་ཡོད་ལ། བརྗོད་བྱ་གཙོ་བོ་ནི་ལོ་རབས་གང་དེའི་ནང་གི་རིག་གནས་བསམ་བློ་དང་སློབ་གསོ་བཅས་ལ་དམིགས་ཏེ་སྐྱོན་ཡོན་བརྗོད་པ། མི་རིགས་ལ་དགའ་བའི་དུང་ཞེན་མཚོན་པ་དང་རང་ཉིད་ཀྱི་བརྩེ་དུང་གླུ་རུ་ལེན་པ་སོགས་བརྗོད་བྱ་སྣ་མང་ཡིན་ལ། དེ་དག་ནི་སྤྱི་ཚོགས་འཚོ་བ་དངོས་ལས་ཐོན་པ་དང་། སྤྱི་ཚོགས་འཚོ་བ་ལས་ཚད་མཐོ་བ་ཞིག་ཀྱང་ཡིན་པས། དེ་ནི་རྩོམ་རིག་དང་སྤྱི་ཚོགས། རྩོམ་རིག་དང་དངོས་ཡོད་བར་གྱི་འབྲེལ་བ་དམ་པོ་དང་ཆོས་ཉིད་སྲུང་བརྩི་བྱས་ཡོད་པ་ཞིག་ཀྱང་རེད།

བཞི། རྗོད་བྱེད་དང་སྒྱུ་རྩལ།
        སྲོལ་རྒྱུན་ལྷུག་རྩོམ་དང་གསར་དར་ལྷུག་རྩོམ་གྱི་ཁྱད་པར་བཤད་པའི་གནད་ཆེ་ས་དེ་སྒྱུ་རྩལ་ཞེས་པའི་ཐ་སྙད་འདིར་ཐུག་ཡོད་ལ།ཚིག་དང་ཐ་སྙད་ཁ་ཤས་གུང་བསྒྲིགས་པ་ཙམ་རྩོམ་རིག་ཡིན་མི་སྲིད་ལ།སྒྱུ་རྩལ་བརྩམས་ཆོས་དེ་བས་ཀྱང་ཡིན་མི་སྲིད།སྒྱུ་རྩལ་བརྩམས་ཆོས་ཡིན་དུས་རྩོམ་རིག་རང་གི་སྐད་ཆ་དེ་སྒྱུ་རྩལ་གྱི་ཐབས་ཀྱིས་བཀོད་སྒྲིག་དང་བེད་སྤྱོད་བྱས་ཡོད་པ་ཞིག་ཡིན་ངེས།རྩོམ་རིག་བརྩམས་ཆོས་ཤིག་ལ་མཚོན་ན་རྩོམ་རིག་གི་སྐད་ཆ་དེ་མེད་དུ་མི་རུང་བ་ཞིག་ཡིན་ཡང་། གཙོ་ཆེ་ས་ནི་རྩོམ་རིག་གི་རྒྱུ་ཆར་གྱུར་པའི་སྐད་ཆ་དེ་སྒྱུ་རྩལ་གྱི་ཐབས་ཀྱིས་བེད་སྤྱད་ནས་སྣང་བརྙན་གསར་སྐྲུན་གྱི་བཀོད་པས་མངོན་སུམ་གྱི་སྣང་བ་སྟེར་བ་ཞིག་བྱེད་རྒྱུ་དེ་རེད། སྤྱིར་སྒྱུ་རྩལ་ལ་གཟུགས་སྒྲུབ་སྒྱུ་རྩལ་དང་འཁྲབ་སྟོན་སྒྱུ་རྩལ། སྐད་ཆའི་སྒྱུ་རྩལ། དེ་གསུམ་གཅིག་འདུས་ཀྱི་སྤྱི་འདུས་སྒྱུ་རྩལ་བཅས་དགར་ཡོད་ལ། དེ་གཙོ་བོ་སྒྱུ་རྩལ་དེ་ཚོས་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྩལ་དུ་སྤྲུགས་ནས་སྣང་བརྙན་གང་ཞིག་གསར་བཟོ་བྱས་པ་ཡིན་ན་དེར་སྒྱུ་རྩལ་ཞེས་མིང་གདགས་སུ་རུང་། སྲོལ་རྒྱུན་ལྷུག་རྩོམ་གྱི་བརྗོད་བྱ་ནི་རྣམ་ཐར་དང་ཆོས་འབྱུང་ལྟ་བུ་ཡིན་པས་དེའི་རྗོད་བྱེད་སོགས་ཕྱོགས་གང་ཐད་ནས་མི་དངོས་དོན་དངོས་རིས་སུ་ཐོན་པར་འབྲི་བ་ལས་མི་སྣ་དང་དོན་གྱི་བྱུང་བ་བསམ་བཞིན་དུ་བསྒྱུར་བཅོས་བྱས་མི་ཆོག་པ་སྟེ། འོས་མཐུན་གྱི་སྒྱུ་རྩལ་ལས་སྣོན་ཉུང་ཙམ་བྱེད་པ་ལས་དེ་ལ་སྒྲོ་སྐུར་འདོགས་གསུམ་གཏན་ནས་བྱས་མི་ཆོག་པས། གསར་དར་ལྷུག་རྩོམ་དང་བསྡུར་ན་འཆར་སྒོ་དང་རྟོག་བཟོའི་ཐད་ཁྱད་པར་ཅུང་ཡོད་པར་སྙམ། གསར་དར་ལྷུག་རྩོམ་ནི་རྩོམ་པ་པོས་སྒྱུ་རྩལ་གྱི་རྣམ་དཔྱོད་རིག་པའི་རྩལ་ལ་བརྟེན་ཏེ་སྐད་ཆའི་སྒྱུ་རྩལ་དང་མི་སྣའི་སྣང་བརྙན་གསར་བཞེངས། སྒྲོ་སྐུར་འདོགས་གསུམ་བཅས་ཀྱི་མཚོན་ཐབས་སྣ་ཚོགས་ལ་བརྟེན་ནས་བརྗོད་བྱ་དོན་གྱི་ཚོགས་རྒྱ་ཆེར་སྤེལ་ནའང་མཐར་བརྗོད་སྙིང་གི་སྲོག་གཅིག་གིས་བདག་ཏུ་འཛིན་པ། རྗོད་བྱེད་ལ་ཚིག་དག་ཅིང་ཡིག་ཚོགས་ཉུང་ལ་དོན་སྡུད་ཆེ་བ་དང་ཚགས་དམ་པ། དེ་ཡང་སྤྱིར་བཏང་གི་ཡིག་ཚོགས་ཉུང་བ་ཙམ་གྱིས་མི་ཆོག་ལ། རྒྱའི་རྩོམ་མཁན་ལའོ་ཧྲི(老舍)ལགས་ནས་གཏན་ཚིགས་ཀྱི་རང་བཞིན་དམ་ལ་ཚིག་ཉུང་བ་ཞེས་གསུངས་ཡོད། དེར་བརྟེན་གསར་དར་ལྷུག་རྩོམ་ཀྱི་རྗོད་བྱེད་ཀྱི་ཚིག་ལ་ཚད་མཐོན་པོའི་སྒྱུ་རྩལ་གྱི་ལས་སྣོན་དང་གསོན་ཉམས་ལྡན་པའི་ཆ་དེ་འབུར་དུ་ཐོན་པར་བྱེད་ཀྱིན་ཡོད།
        མདོར་ན་དུས་རབས་ཉི་ཤུ་པར་བརྡ་འཕྲིན་གྱི་འཕེལ་རྒྱས་ཉིན་རེ་བཞིན་ཇེ་མགྱོགས་སུ་སོང་བར་བརྟེན་འཛམ་གླིང་རིག་གནས་སེམས་ཁམས་ཀྱི་གནས་སྟངས་གཅིག་གྱུར་དང་། འཛམ་གླིང་རྩོམ་རིག་གོང་བུ་གཅིག་སྒྲིལ་གྱི་མཐུན་རྐྱེན་འཛོམས་པར་གྱུར་པ་རེད། དེར་བསྟུན་ནས་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་དེང་རབས་རྩོམ་རིག་གསར་རྩོམ་གྱི་རྗེས་སུ་འབྲངས་ནས་སྔོན་ཐོན་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་རྣམ་པ་དང་མཚོན་ཐབས་གསར་པ་དང་ལེན་བྱེད་མགོ་ཚུགས། བོད་ཀྱི་ལྷུག་རྩོམ་ལ་ཆ་མཚོན་ནའང་། གསར་དར་ལྷུག་རྩོམ་ཀྱི་འཕེལ་རྒྱས་འགྲོས་ཇེ་མགྱོགས་སུ་ཕྱིན་ཏེ། བོད་རང་གི་ཁྱད་ཆོས་ལྡན་པའི་རྩོམ་སྲོལ་ཞིག་ཆགས་པར་བརྗོད་དཀའ་ཡང་དེང་རབས་ཀྱི་ལུགས་དང་མཐུན་པའི་རྩོམ་སྲོལ་ཞིག་ཆགས་ཡོད་ཅེས་བརྗོད་ཆོག དེ་དག་ནི་རྩོམ་རིག་གསར་རྩོམ་གྱི་ལས་ལ་འཇུག་པའི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེ་དང་ཁ་འབྲལ་ཐབས་མེད་ལ། བོད་རང་གི་དངོས་ཡོད་འཚོ་བའི་ཕྱི་ནང་མཚོན་པའི་ལྷུག་རྩོམ་དེ་ཉིད་འཛམ་གླིང་རྩོམ་རིག་འཕེལ་ཕྱོགས་ཀྱི་རྗེས་སུ་སྙེག་པའི་མཚོན་རྟགས་ཀྱང་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1