༄༅།། རྐང་ཐང་ལ་སོང་བའི་ཕན་ཡོན་བཅུ་གསུམ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-12



1.ཡིད་འཛིན་དྲན་ཤེས་བརྟན་པར་འགྱུར།
        ན་ཚོད་འཕར་བ་དང་བསྟུན་ནས་ཡིད་འཛིན་ཇེ་ཞན་དུ་འགྲོ་བ་ཆོས་ཉིད་ཡིན་ཡང་། ཉིན་རེ་རེར་རྐང་ཐང་ལ་འགུལ་སྐྱོད་འོས་འཚམ་རེ་བྱེད་ཐུབ་ཚེ་ཡིད་འཛིན་ཇེ་བཟང་དུ་འགྲོ་བར་ཕན་ཐོགས་ཆེ།

2.རྩ་ལམ་ཁང་བཟང་ཡངས་པོར་མཛེས།
        རྒྱུན་པར་ཁྱིམ་དང་གཞུང་ལས་ཁང་སོགས་སུ་འགུལ་སྐྱོད་ཆེར་མེད་པར་རྐུབ་སྟེགས་སྟེང་ཙོག་རྒྱུ་མང་དྲགས་ཚེ།ལུས་ཀྱི་རྩ་ལམ་ཐམས་ཅད་འགག་པ་དང་རེངས་པར་འགྱུར་ཞིང་། དེར་འབྲེལ་ལུས་སྟེང་དུ་རྨ་འབུར་མང་པོ་ཐོན་ངེས་པས་ཉིན་རེར་རྐང་ཐང་ལ་འགུལ་སྐྱོད་འོས་འཚམ་རེ་བྱེད་ཐུབ་ཚེ་དེ་དག་མེད་པར་གཏོང་བར་ཕན་ཐོགས་ཆེ།

3.རྩ་ཀུན་འཕར་ཚད་སྙོམས་པོར་སྒྲིག
        རྩ་ལམ་འགག་པའི་མོད་ལ་རྩའི་འཕར་ཚད་ཀྱང་སྐྱོན་ཅན་དུ་ཆགས་འགྲོ་བས་ལུས་ཧྲིལ་པོ་གཅུན་པ་དང་གྱོང་བོར་གྱུར་འགྲོ། དེའི་ཕྱིར་ཉིན་རེར་དུས་ཚོད་ཕྱེད་ཙམ་རིང་རྐང་ཐང་ལ་འགུལ་སྐྱོད་འོས་འཚམ་རེ་བྱེད་ཐུབ་ཚེ་ལུས་པོ་མཉེན་ལྷོད་ཅན་དུ་འགྱུར་བར་ཕན་ཐོགས་ཆེ།

4.ལུས་སེམས་གུ་ཡངས་བདེ་བ་མྱོང་།
        ལུས་སེམས་འཁྲུག་པ་དང་། མི་བདེ་བ། མི་སྐྱིད་པ་སོགས་ནད་རིགས་མཐའ་དག་རླུང་ཁྲག་གཉིས་ལེགས་པོར་རྒྱུ་མ་ཐུབ་པའི་ཉེར་འབྲས་ཡིན་ཞིང་། དེའང་གཙོ་བོ་རྩ་ལམ་འགག་པའི་གནད་ལ་ཐུག་ཕྱིར། རྐང་ཐང་ལ་འགུལ་སྐྱོད་འོས་འཚམ་རེ་བྱེད་ཐུབ་ཚེ་ལུས་སེམས་བདེ་སྐྱིད་འོང་བར་ཕན་ཐོགས་ཆེ།

5.སྙིང་གི་བྱེད་ནུས་ལེགས་པོར་སྐྱོང་།
        འགུལ་སྐྱོད་མེད་པའི་མི་ལ་སྙིང་རླུང་བདེ་བོ་ཞིག་ཡོང་དཀའ་བ་ལྟར། རྐང་ཐང་ལ་སོང་ནས་འགུལ་སྐྱོད་འོས་འཚམ་རེ་བྱེད་ཐུབ་ཚེ་སྙིང་གི་འཕར་ལྡིང་དང་བྱེད་ནུས་སོགས་སྐྱོན་བྲལ་རྒྱུན་ལྡན་ཅན་དུ་འགྱུར་བར་ཕན་ཐོགས་ཆེ།

6.ཁྲག་སྦུབས་ནད་སྐྱོན་གཙང་སེལ་བྱེད།
        གསོ་རིག་གཞུང་དོན་ལྟར་ན། རྐང་ཐང་ལ་སོང་ནས་འགུལ་སྐྱོད་བྱས་ན།ཁྲག་སྦུབས་མཉེན་ཚད་མཐོ་རུ་བཏང་སྟ།ཁྲག་རྩ་གས་པར་འགྱུར་བ་སོགས་ནད་སྐྱོན་ཅི་རིགས་མེད་པར་གཏོང་ཐུབ་ཅིང་། དེར་འབྲེལ་ལུས་ཧྲིལ་པོའི་མཉེན་ཚད་ཀྱང་མཐོ་རུ་གཏོང་ཐུབ་པར་གསུངས།

7.ཤ་གྲིམ་སྟོབས་ཤུགས་ཇེ་ཆེར་འགྲོ།
        གཉིད་དང་ཟས་སོགས་ཀྱི་འཚོ་བའི་སྔ་ཕྱིའི་གོ་རིམ་འཆོལ་བས་ལུས་ཧྲིལ་པོའི་ཤ་གྲིམ་ཐམས་ཅད་གྱོང་བོར་འགྱུར་ངེས་ལ། དེར་བརྟེན་ཤ་གྲིམ་གྱི་མཉེན་ཚད་དང་སྟོབས་ཤུགས་སོགས་ཀྱང་མེད་པར་འགྱུར་འགྲོ་ཕྱིར། རྐང་ཤེད་དང་། རུས་ཚིགས་སོགས་སླར་གསོ་བ་དང་འཕེལ་བར་བྱ་བ་ལ་ངེས་པར་རྐང་ཐང་ལ་སོང་ནས་འགུལ་སྐྱོད་བྱེད་དགོས།

8.ཁྲག་གི་འཁོར་རྒྱུག་མྱུར་མོར་གཏོང་།
        གཤེར་ཁྲག་ལེགས་པོར་རྒྱུ་མ་ཐུབ་ན་རྩ་ལམ་དང་རྩའི་འཕར་ཚད་གཉིས་ལའང་གནོད་སྐྱོན་ཐེབས་ཏེ་ལུས་ལ་ནད་འབྱུང་སླ་བ་ལྟར། རྐང་ཐང་ལ་སོང་ནས་འགུལ་སྐྱོད་རིང་དུ་བསྟེན་པ་ཡིས་ལུས་ཀྱི་རྩ་ལམ་གཙང་སེལ་དང་།གཤེར་ཁྲག་གསར་རྙིང་གཉིས་བརྗེ་བར་ཕན་པ་ཆེ།

9.དོན་ལྔའི་ནད་རིགས་སྔོན་འགོག་གཅེས།
        དོན་ལྔ་སྣོད་དྲུག་ལ་འགུལ་སྐྱོད་ཧ་ཅང་མཁོ། འགུལ་སྐྱོད་དང་བྲལ་བའི་དོན་ལྔ་སྣོད་དྲུག་དེ་ལ་ནད་གདོན་ཅི་རིགས་ཤིན་ཏུ་འབྱུང་བར་སླ། དེའི་ཕྱིར། རྐང་ཐང་ལ་སོང་ནས་འགུལ་སྐྱོད་བྱེད་པའི་རྒྱུན་བསྐྱངས་ཏེ། ཟས་ཀྱི་འཇུ་སྟོབས་དང་ཡི་ག་སོགས་རྒྱུན་ལྡན་ཅན་དུ་བཏང་ནས་ཕོ་བ་དང་རྒྱུ་མའི་ནད་རིགས་ཁ་ཚང་བསལ་དགོས། དེ་ལྟར་བྱས་ཚེ་ནད་རིགས་འགའ་ཤས་ཤིག་མ་བཅོས་རང་སར་ཞི་ཐུབ།

10.མཐོ་གསུམ་མགོ་འཕང་ཤུགས་ཀྱིས་གནོན།
        ཁྲག་ཤེད་མཐོ་བ་སོགས་མཐོ་བ་གསུམ་ལ་སྨན་བསྟེན་ཀྱང་ཕན་པ་ཆེར་མི་ཐོགས་པས། རྐང་ཐང་ལ་སོང་ནས་འགུལ་སྐྱོད་མང་དུ་བྱོས་དང་མཐོ་བ་གསུམ་གྱི་མགོ་འཕང་གནོན་ཐུབ་ལ། ཞོར་དུ་གཅིན་སྙི་ཟ་ཁུ་དང་། ཚོ་བྱང་བ་སོགས་ལའང་ཕན་ཐོགས་ཆེ།

11.ལུས་ཁམས་སྣང་བ་དྭངས་ཤིང་སྐྱིད།
        བོད་ཀྱི་གསོ་རིག་གི་གཞུང་ཆེན་མོ་རྣམས་སུའང་། རྐང་ཐང་ལ་སོང་ནས་འགུལ་སྐྱོད་མང་དུ་བསྟེན་པའི་མི་དེ་ཚོར་ཁྲག་ཤེད་མཐོ་བ་དང་། ལུས་སེམས་དུབ་པ་སོགས་ནད་རིགས་འདི་དག་འབྱུང་དཀའ་བར་གསུངས་པ་ལྟར། དེས་ལུས་སེམས་གཉིས་ལ་ངལ་གསོའི་བདེ་སྐྱིད་དང་འཚོ་བར་གདོང་གཏོད་པའི་སྟོབས་ཤུགས་སྦྱིན་ཐུབ།

12.གཟུགས་མཛེས་ལང་ཚོ་གཞོན་པར་ཐུབ།
        མིའི་སྐྱེས་གཟུགས་ཡག་མིན་དེ་ཁྲག་དང་འབྲེལ་བ་ཤིན་ཏུ་དམ་སྟེ།ལུས་པོའི་ནང་དུ་ཁྲག་གཙང་མར་གནས་པ་རྣམས་ལ་རང་བཞིན་གྱིས་གཟུགས་མཛེས་པ་དང་། ལྡོག་སྟེ་ཁྲག་གི་རང་བཞིན་མི་གཙང་བ་རྣམས་ལ་ལང་ཚོའང་ཡག་པོ་མི་འདུག་པས། མཐར་གཏུགས་ན་ཁྲག་གི་གཙང་བཙོག་དེའང་རྐང་ཐང་ལ་འགུལ་སྐྱོད་བྱེད་པ་འབྲེལ་བ་དམ་ཟབ་ཡོད།

13.བདེ་ཐང་སྒོ་བརྒྱ་འདི་ཡིས་བསུ།
        དབུགས་ཀྱི་འབྱིན་རྔུབ་དང་། མཁལ་མའི་བྱེད་ནུས། ཀླད་པའི་འཁོར་སྐྱོད། ད་དུང་མིག་གི་དབང་བོ་དང་། བློ་གྲོས་གསལ་མྱུར། ཚེ་ཐག་རྒྱུན་བསྲིངས་སོགས་ལའང་མེད་དུ་མི་རུང་བ་ནི་རྐང་ཐང་གི་འགུལ་སྐྱོད་འདི་ཉིད་ཡིན་པས་རྐང་ཐང་ལ་མང་དུ་སོང་ནས། གོམ་པས་བཤུལ་རིང་འཇོལ་དང་བདེ་ཐང་ལ་དཔལ་འབྱོར་གྱི་རིན་པ་མི་དགོས། མི་ཚེ་ལ་ན་ཚའི་སྡུག་བསྔལ་མི་དགོས་ཨང་།
                           ཁ་སྒང་སྟག་འབུམ་རྒྱལ་གྱིས་བསྒྱུར། 《ཀྲུང་གོ་བོད་ཀྱི་དྲ་བ》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1