གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༤ཉིན།

བོད་ཀྱི་པར་བརྐོས་ལག་རྩལ་གྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ།


བོད་ཀྱི་པར་བརྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གཞིའི་གྲུབ་འབྲས་འགྲེམ་སྟོན་དེ་ཁྲེན་ཏུའུ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་རུ་སྤེལ།

        སྤྱི་ཟླ་10པའི་ཚེས་13ཉིན་གྱི་སྔ་དྲོར།  རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་2019ལོའི་སྒྱུ་རྩལ་སྐོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་སྐྱོར་ལས་གཞི་ལས་བོད་ཀྱི་པར་བརྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གཞིའི་གྲུབ་འབྲས་འགྲེམ་སྟོན་དེ་ཁྲེན་ཏུའུ་གྲོང་ཁྱེར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད།  འགྲེམ་སྟོན་གྱི་ཡུལ་དངོས་སུ་ཆེད་མཁས་པ་དང་པར་བརྐོས་ལག་རྩལ་པ།  གསོ་སྐྱོང་དུ་ཞུགས་པའི་སློབ་མའི་འཐུས་ཚབ།  དེ་མིན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་སོགས་ཞུགས་ཡོད།
ལས་གཞིའི་འགན་འཛིན་པ་དཔལ་རྡོས་ལས་གཞིའི་བརྒྱུད་རིམ་དང་གྲུབ་འབྲས་སོགས་ངོ་སྤྲོད་གནང་བཞིན་པ།
        འགྲེམ་སྟོན་ཐོག་ཀྲུང་གོའི་མིང་དུ་གྲགས་པའི་བོད་ཀྱི་སྒྱུ་རྩལ་ཞིབ་འཇུག་གི་ཆེད་མཁས་པ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དཀོན་མཆོག་བསྟན་འཛིན་སོགས་ཀྱིས་ལས་གཞི་གལ་ཆེན་འདིར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཚད་མཐོན་པོ་གནང་བ་དང་།  སྡེ་དགེ་པར་ཁང་རིག་དངོས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཚངས་བཀྲས་ལས་གཞི་ཚོ་ཆུང་ཆེད་དུ་སྡེ་དགེ་པར་ཁང་དུ་ཡོང་ནས་ལག་ལེན་དངོས་ལ་སྦྱོང་བ་དང་།  བོད་ཀྱི་པར་བརྐོས་ལག་རྩལ་འདི་ཉིད་རྒྱུད་འཛིན་དར་སྤེལ་གང་ལེགས་བཏང་བར་བསྟོད་བསྔགས་གནང་།  སྡེ་དགེ་པར་ཁང་གི་《བཀའ་འགྱུར།》གསར་བརྐོས་ཀྱི་མཛུབ་སྟོན་དགེ་རྒན་དང་ཁུལ་རིམ་པའི་ལག་རྩལ་རྒྱུད་འཛིན་པ་འཇམ་དབྱངས་གྲགས་པས་བོད་ཀྱི་པར་བརྐོས་ལག་རྩལ་སྐོར་ལ་ངོ་སྤྲོད་བྱས།  དེ་ནས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་བོད་ཀྱི་པར་བརྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གཞིའི་འགན་འཛིན་པ་དཔལ་རྡོས་ལས་གཞིའི་བརྒྱུད་རིམ་དང་གྲུབ་འབྲས་སོགས་ངོ་སྤྲོད་གནང་།  གཞན་ཡང་འབྲེལ་ཡོད་ཆེད་མཁས་པ་དང་གསོ་སྐྱོང་དུ་ཞུགས་པའི་སློབ་མའི་འཐུས་ཚབ་བཅས་ཀྱིས་རང་གི་མྱོར་ཚོར་བརྗོད་པ་རེད།


        ཐེངས་འདིའི་འགྲེམ་སྟོན་ནི་སྡེ་ཚན་གསུམ་དུ་བགོས་ཡོད་དེ།  ཚན་པ་དང་པོ་ནི་ལས་གཞི་ཚོ་ཆུང་སྡེ་དགེ་པར་ཁང་དུ་བསྐྱོད་ནས་སློབ་སྦྱོང་བྱས་པའི་རྣམ་པ་པར་རིས་སུ་ཕབ་ནས་འགྲེམ་སྟོན་བྱས་པ་དང་།  ཚན་པ་གཉིས་པ་ནི་ལས་གཞི་ཚོ་ཆུང་དམངས་ཁྲོད་རིག་གནས་ཀྱི་མཁའ་དབུགས་སྟུག་པའི་ཁམས་ཀྱི་ས་གནས་ཁག་ཏུ་བསྐྱོད་ནས་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལ་མྱོར་རོལ་བྱེད་པའི་པར་རིས་འགྲེམ་སྟོན་བྱས་ཡོད་ལ།  ཚན་པ་གསུམ་པ་ནི་ལས་གཞི་ཚོ་ཆུང་གིས་པར་བརྐོས་ལག་རྩལ་གྱི་གཞུང་ལུགས་ནས་འགོ་བརྩམས་ཏེ་ལག་ལེན་བར་དུ་བསླབས་པའི་གྲུབ་འབྲས་མངོན་པར་བྱས་ཡོད།  རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་འགྲེམ་སྟོན་དུ་པར་ཤིང་བརྩམས་ཆོས་75ཡོད་པ་དང་།  དེ་ལས་གསོ་སྐྱོང་དུ་ཞུགས་སློབ་མའི་བརྩམས་ཆོས་59དང་མཛུབ་སྟོན་དགེ་རྒན་གྱི་བརྩམས་ཆོས་16འདུས།  པར་འདེབས་བརྩམས་ཆོས་67ཡོད་པ་དང་།  འདྲ་པར་བརྩམས་100ལྷག་ཡོད།  ད་དུང་སྡེ་དགེ་པར་ཁང་གི་པར་ཤིང་རྙིང་པའི་ཡིག་ཆ་2བཅས་རག་རྩིས་བྱས་ན་འགྲེམ་སྟོན་གྱི་བརྩམས་ཆོས་300ལ་ཉེ་བ་ཙམ་ཡོད།



        བོད་ཀྱི་པར་བརྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཅེས་པ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ལ་2019ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་ཐོབ་པའི་ལས་གཞི་ཞིག་ཡིན་ལ།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་དང་།  སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་དང་སྡེ་དགེ་རྫོང་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་ཤིང་།  རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་ཉི་ཤུ་དངོས་སུ་བསྡུས་ཡོད།  གསོ་སྐྱོང་གི་དུས་ཡུན་ནི་ཉིན་80ལྷག་ཡིན་ལ།  དེ་ལས་གཅིག་གྱུར་གསོ་སྐྱོང་གི་དུས་ཡུན་ནི་ཉིན་45དང་།  དངོས་སུ་ལག་ལེན་གྱི་དུས་ཡུན་ནི་ཉིན་40ལྷག་ཡིན་པ་རེད།  བོད་ཀྱི་པར་རྐོས་ལག་རྩལ་འདི་ཉིད་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་ཚོན་མདངས་རྣམ་པ་བཀྲ་བའི་མཛེས་རྒྱན་སྤྲས་པར་མཚོན་ནོ། །





39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1