སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ལོ་བཅུ་ལོན་པའི་མཛད་སྒོ་དང་དཔེ་རྙིང་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-16



    སྤྱི་ཟླ་10ཚེས་15ཉིན། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་ལོ་བཅུ་ལོན་པའི་མཛད་སྒོ་དང་དཔེ་རྙིང་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས་ཤིང་། མཛད་སྒོ་འདི་ནི་སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་འགན་སྒྲུབ་དང་སི་ཁྲོན་དཔེ་རྙིང་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས།
    ཐེངས་འདིའི་མཛད་སྒོར་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་སྔོན་མའི་གཙོ་འཛིན་གཞོན་པ་ཡངས་གླིང་རྡོ་རྗེ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་དགེ་རྒན་བཙན་ལྷ་ངག་དབང་ཚུལ་ཁྲིམས། སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་སྔོན་མའི་གཙོ་འགན་གཞོན་པ་ཚེ་པོ། མི་རིགས་དཔེ་རྙིང་གཞུང་ལས་ཁང་གི་སྤྱི་ཁྱབ་ལྟ་ཞིབ་གཞོན་པ། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་མགོ་གཙོ་གཞོན་པ་ཐན་ཧྥ་ཞིང་། བོད་ལྗོངས་པོ་ཏ་ལ་དོ་དམ་ཁང་གི་དབུ་ཁྲིད་གཞོན་པ་བསོད་ནམས་དབང་ལྡན་སོགས་ལྗོངས་ཞིང་ལྔའི་གཙོས་འགོ་ཁྲིད་བཅས་མི་གྲངས་ཉིས་བརྒྱ་ལྷག་ཞུགས་ཏེ་དཔེ་རྙིང་སྐོར་ལ་བགྲོ་གླེང་དང་བྱ་འགུལ་སྤེལ།
    སྔ་དྲོར་མདོ་འཛིན་པས་མཁས་དབང་རྣམས་ཀྱིས་གནང་བའི་ཤིས་ཚིག་སྒྲོག་འདོན་བྱས་པ་དང་། ཚོགས་འདུར་ཕེབས་པའི་འགོ་ཁྲིད་རྣམ་པས་གཏམ་བཤད་བྱས། ཕྱི་དྲོར་མཁས་དབང་རྣམ་པས་བོད་ཡིག་དཔེ་རྙིང་གི་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1