༄༅།། བོད་མིའི་གནའ་རབས་ཀྱི་རྒྱན་གོས།

རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 10-16




     ལོ་རྒྱུས་ཀྱི་དེབ་ཐེར་ཁག་ལ་འཁོད་པར་གཞིགས་ན། གནའ་རབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དར་དམར་པོའི་ལ་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་ལྷམ་སྣ་འཁྱིལ་བཞེས་པ་དང་སྟོད་མངའ་རིས་ལ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་རྣམས་ཀྱིས་ལོ་གསར་སོགས་ཀྱི་སྐབས་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་གཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་པར་བྱེད། བློན་ཆེན་རྣམས་ཀྱང་ཕལ་ཆེར་རྒྱལ་པོའི་ཆས་འདྲ་བ་དང་། དམག་དཔོན་རྣམས་སྟག་པགས་གྱོན་པར་བྱེད་ལ་དམག་དཔོན་ཆེ་གྲས་རྣམས་ཀྱིས་སྟག་དཀར་པོའི་པགས་པ་གྱོན། གཟིམ་འགག་ཚོས་འཁྱེར་བའི་འབོག་ལྕག་གམ་སྟག་གི་ཐོག་བུ་བྱ་བ་འདི་ཡང་ཁྲི་སྲོང་གི་དུས་སུ་དཔའ་བོ་རྣམས་ལ་བསྩལ་བའི་ཆས་སུ་གྲགས། སྐབས་དེ་དུས་ནས་བོད་མི་རྣམས་གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ་ཞིང་རིགས་མཐོ་དམན་གྱི་ཁྱད་པར་མི་སོ་སོའི་དཔུང་པའི་སྟེང་ན་མཚན་མ་བཏབ་ནས་སྣང་། གནའ་རབས་སུ་རྒྱལ་མོ་རྣམས་ཀྱི་ཆས་གོས་ཇི་ལྟ་བུ་ཞིག་ཡིན་པའི་ཐད་ལ་རྒྱ་ནག་གི་སྒྲོས་ལས་མཆེད་པའི་བོད་ཀྱི་ལོ་རྒྱུས་སྐད་རིགས་གཞན་དུ་བྲིས་པ་ཞིག་སྣང་བར་བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་བྲིས་ཏེ་རྒྱལ་མོ་དེའི་སྟོད་ཐུང་སྔོ་ནག་ཕུ་ཐུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་གཤམ་ཐབ་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང་། རྣ་བ་ལ་ཨ་ལོང་བཏགས། ལྷམ་ཟོ་ཡི་བྱ་བ་གྱོན། དགུན་དུས་སུ་པགས་པའི་གྱོན་པ་ཕྱི་ལ་ཚེམ་དྲུབ་སྣ་ཚོགས་ཡོད་པ་ཞིག་གྱོན། སྐབས་དེར་འབངས་མི་སྤྱིར་བཏང་བ་རྣམས་ནི་ཧ་ལམ་འབྲོག་པའི་ཆ་ལུགས་སུ་གནས་ཏེ་དབྱར་གྱི་དུས་སུ་ཕྱིང་པའི་ཕྱུ་པ་དང་། དགུན་ཁ་པགས་པའི་སློག་པ་གྱོན་ཞིང་། ཕུ་ཐུང་རྩེ་ཕྲ་ལ་རྩ་བ་སྦོམ། མི་རྣམས་ཀྱིས་གདོང་པར་ཚོས་དམར་བྱུག་པར་བྱེད་ཅེས་གསལ།
     བོད་རབ་བྱུང་བདུན་པའི་ས་གླང༡༤༠༩ལོར་རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་ཕྱག་འདེབས་པའི་སྐབས་ཀྱི་སྦྱིན་བདག་གི་གྲས་སུ་གྱུར་པའི་སྣེ་གདོང་གྲགས་པ་རྒྱལ་མཚན་གྱིས་ཞབས་འབྲིང་མི་དྲག་རྣམས་ལ་བོད་སྔ་རབས་ཀྱི་ཆས་ལུགས་བཟང་པོ་མི་ཉམས་གྱོན་པ་ལས་ཧོར་ཆས་སོགས་མི་རིགས་གཞན་གྱི་ཆས་ལུགས་ཡ་མ་གཟུགས་གྱོན་པ་རྣམས་ལ་མི་མཉེས་ཤིང་། ལྷག་པར་ལོ་གསར་སོགས་མཛད་ཆེན་ཁག་ལ་ནང་བློན་མི་དྲག་དཔོན་རིགས་རྣམས་ནས་སྔར་བོད་རྗེ་ཆོས་རྒྱལ་སྐབས་ཀྱི་ཆས་གོས་རིན་ཆེན་རྒྱན་ཆ་གྱོན་སྲོལ་གསར་འཛུགས་གནང་བ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་མི་རྒྱུད་དང་བཅས་པ་སྡེ་སྲིད་རིམ་བྱུང་དང་ལྷན་དུ་ཆབ་སྲིད་སྐྱོང་རིང་ལྷ་སའི་དཔོན་རིགས་མི་དྲག་རྣམས་སོག་པོའི་ཤུགས་རྐྱེན་ལ་བརྟེན་ནས་ཆས་ལུགས་ལ་འགྱུར་བ་ཆེན་པོ་བྱུང་སྟེ་སྐྱོ་བོ་འགའ་རེས་རྒྱ་ཧོར་བོད་སོགས་ཀྱི་ཆས་ལུགས་བདེ་ཆགས་དང་། འགའ་རེས་ཧོར་མིན་བོད་མིན་སོགས་ཆས་གོས་ཡ་མ་གཟུགས་རང་སྣང་གང་དྲན་བྱས་པས་རྗེས་སོར་བོད་མིའི་རྒྱན་གོས་ཇི་ལྟ་བུ་ཞིག་ཡིན་མིན་ཀྱང་མི་རབས་རྗེས་མ་རྣམས་རྨོངས་པར་འགྱུར་གྱི་དོགས་ནས་སྡེ་སྲིད་བློ་བཟང་མཐུ་སྟོབས་ལ་བཀའ་བཀོད་ནས་སྔར་གྱི་རྒྱལ་བློན་རྣམས་ཀྱི་རྒྱན་གོས་ལ་ཞིབ་འཇུག་གནང་སྟེ་རིན་ཆེན་རྒྱན་ཆ་གོ་སྒྲིག་མཛད་དེ་གཞུང་ཞབས་ཤོད་སྐོར་གྱི་ཁོངས་ནས་རིན་རྒྱན་བཞེས་རྒྱུའི་སྲོལ་དེ་མཐའ་འཁྱོངས་གནང་བ་ནས་བོད་རབ་བྱུང་བཅུ་དྲུག་པའི་ས་ཕག༡༩༥༩ལོ་བར་ཆིབས་བསྒྱུར་ཆེ་ཁག་དང་། ལོ་ལྟར་ཟླ་དང་པོའི་ཚེས་གཉིས་ཉིན་རྒྱལ་པོ་ལོ་གསར་གྱི་མཛད་སྒོ། དེ་བཞིན་མཛད་སྒོ་རྒྱས་གྲས་བཅས་ལ་བཞེས་མུས་ཡིན་པ་དེས་ང་ཚོར་སྔ་མོའི་རྒྱལ་བློན་གྱི་རྒྱན་གོས་ལ་ཞིབ་འཇུག་བྱ་རྒྱུར་རྩ་ཆེའི་དཔྱད་གཞི་བྱུང་ཡོད། རིན་རྒྱན་གྱི་གཞི་རྩའི་ཕྱུ་པ་ནི་རྩེ་བེར་ཞེས་པ་ཧོར་བལ་བཏགས། ཚོན་ཁྲ་པད་མ་རིས་ཅན་སོགས་རྒྱུ་གོས་ཆེན་གྱིས་བཟོས་པ། ཕུ་ཐུང་གཉིས་ལྡན། སྟ་ཟུར་སུལ་ཅན་དེང་སྐབས་ཀྱི་དྭ་ཡིའི(རྒྱ་ཆས་ཤིག)ལྟར་ཁ་མདུན་དུ་བཤགས་པ་དང་འདྲ་ཞིང་། གོང་བ་དང་ཕུ་ཐུང་ལ་སྲམ་རྒྱན་ལྡན་པ་ཞིག་གྱོན། སྐྲ་ལོ་རྣམས་དྲུའུ་རྩི་དམར་པོ་དང་ལྷན་དུ་ལན་བུར་ལྷས(རྗེས་སོར་སྤ་ལྕོག་ལ་སྐྲ་རྫུས་ཀྱི་ལན་བུ་ཞིག་བསྒྲོགས་པའི་སྲོལ་དུ་གྱུར)མགོ་ལ་གཙུག་ཞྭ་ཞེས་གྲྭ་པའི་ཞྭ་མོ་རྩེ་སྒྲོ་དང་འདྲ་བ་ཆུང་ཆུང་ཞིག་གྱོན། རྣ་ཅོག་གཡས་པར་རྣ་གཡུ་དང་གཡོན་མར་སོག་བྱིལ། སྤ་ལྕོག(སྐྲ་ལྕོག)ལ་སི་ཤན་དམར་པོའི་ལུང་ཐག་གཉིས་བསྒྲོགས་པ་དེའི་ཐོག་ཏུ་གཡས་ཕྱོགས་སུ་རིན་རྒྱན་གྱི་ཐུན་མོང་མ་ཡིན་པའི་རྒྱན་ཆའི་གྲས་གསེར་གྱི་སོག་སྒོར་སྨད་གའུ་ལྟ་བུའི་སྒོར་དབྱིབས་ཅན། སྟོད་ཆ་དབྱིབས་རྡོ་རྗེ་འདྲ་བའི་སྟེང་ན་གཡུའི་ནོར་བུ་མེ་འབར་དང་། གཤམ་ཆར་ཙི་པ་ཊ་གཟུགས་རིས་ཀྱིས་བརྒྱན་པ་ཞིག་དང་། གཡོན་ཕྱོགས་སུ་རྣ་བསྐྱངས་ཞེས་བོད་གཡུ་ལེབ་མོ་རིང་ཚད་ཁྲེད་རྩེ་གང་ཙམ་ཞིག སྣེ་གཅིག་སྤ་ལྕོག་ལ་བཏགས་ནས་སྣེ་གཞན་དེ་སྐྲ་ལོའི་ལན་བུ་དང་ལྷན་ཅིག་ལག་གཡོན་པས་བཏེགས། ལྕགས་དཀྱུས་དཔུང་གཡས་པའི་ཐོག་ཏུ་བསྒྲོགས་ཏེ་བྲང་ཟུར་ལ་འཕྱང་འཁྲུལ་དུ་བཏགས། བྲང་ཁའི་དབུས་སུ་གཡུ་ཡིས་ལེགས་པར་བརྒྱན་པའི་གསེར་གྱི་གའུ་ཆེ་ཆུང་སྡེར་མ་ཆུང་བ་ཙམ་ཞིག་བཏགས། ཤེལ་དཀར་མར་ཞེས་ཧ་ཅང་ཆེ་བའི་བྱུ་རུའི་དོ་ཤལ་དང་། ཆེ་ཆུང་རྫོག་མགོ་ལས་ཀྱང་ཆེ་བའི་སྤོས་ཤེལ་གྱི་དོ་ཤལ་པང་དུ་སླེབས་པ་གཅིག་སྐེ་ལ་གྱོན། མདུན་གྱི་ཕྱོགས་སུ་གོས་ཆེན་གྱི་ཕོར་ཤུབས་ཤིག་དཔྱངས། ཀོ་ལྷམ་རྡོག་གཅིག་མ་ཞིག་གྱོན་ཞིང་། སྐེད་པར་སྐེད་གྲི་གཟེར་བ་བྱེད། གོང་གསལ་རིན་ཆེན་རྒྱན་ཆ་ནི་དུས་རབས་བཅུ་བཞི་པའི་ནང་གི་སྡེ་སྲིད་ཕག་མོ་གྲུབ་པ་དང་། རིན་སྤུངས་པ་སོགས་སྡེ་དཔོན་རྣམས་ཀྱིས་སྔར་བོད་རྗེ་ཆོས་རྒྱལ་སྐུ་དུས་ཀྱི་རྒྱན་གོས་ལ་གཞི་བཅོལ་ཏེ་བཟོས་པའི་རྒྱན་གོས་ཡིན་ལུགས་ལོ་རྒྱུས་ཡིག་རིགས་རྣམས་ལ་ཁ་གསལ་འཁོད་ཡོད་པར་གཞིགས་ན་རིན་རྒྱན་ནི་སྔར་བོད་རྗེ་བཙན་པོ་རྣམས་ཀྱི་རྒྱན་གོས་སུ་སྣང་། ད་ཡོད་ཀྱི་ཡིག་རིགས་ཁག་ལ་ཉམས་ཞིབ་བྱས་ན་གཟིམ་ཆུང་བའི་རྒྱ་ཆས་དག་ནི་སྔོན་གྱི་མི་དྲག་སྐྱ་བོ་རྣམས་ཀྱི་ཆས་ཡིན་ཞིང་། མགོ་ལ་ལ་ཐོད་དཀྲི་བ་དང་སྨད་ལ་སུལ་གྱི་གཉེར་མ་མང་པོ་བསྣོལ་བསྒྲིགས་པའི་གོས་གཤམ་ཐབས་ལྟ་བུ་ཞིག་གྱོན་སྲོལ་ཡོད་པ་དེ་ནི་སྔར་བཙན་པོའི་དུས་ནས་ཧ་ལམ་ལོ་ངོ་ཉིས་བརྒྱ་ཙམ་གྱི་སྔ་རོལ་བར་དེ་མུར་གནས་ཡོད་ཚོད་ལགས། རྗེས་སོར་རྒྱུ་ཆ་གོས་ཆེན་དང་སེ་ཤན་འཇའ་བསྒྲིགས་སོགས་ཀྱིས་རྒྱན་སྤྲོས་མཛེས་པར་བྱས་པ་ལས་གཞི་རྩའི་བཟོ་དབྱིབས་ནི་འགྱུར་བ་ཆེ་བ་བྱུང་མེད། དཔེར་ན་བོད་རབ་བྱུང་བཅུ་གཉིས་པའི་ཆུ་གླང(༡༧༣༣)ལོར་རྫོགས་པར་བརྩམས་ནས་ད་བར་ལོ་ངོ་ཉིས་བརྒྱ་ལྔ་བཅུ་ལྷག་ཙམ་ལས་མ་སོང་བའི{{མི་དབང་རྟོགས་བརྗོད}}ནང་དུམི་དབང་ཕོ་ལྷ་གཞོན་ནུའི་དུས་སུ་གཞིས་ཀ་རྩེར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས་སྐབས་སུ་གཞིས་རྩེ་རྫོང་དཔོན་དང་འབངས་རྣམས་ཀྱི་ཆས་ལུགས་ཞིབ་པར་བཀོད་པ་འདི་ལྟར་ཏེ། དེའི་ཚེ་དེའི་དུས་ན་བསིལ་ལྡན་གྱི་ལྗོངས་འདིར་ཡང་སྐྱེ་དགུ་རྣམས་རང་དབང་དུ་སྤྱོད་པ། གནའ་བོའི་སྲོལ་བཟང་པོ་ནུབ་པ་མེད་པ། ཆས་ཀྱི་མཛེས་ཤིང་ཁྲིམས་ཀྱི་སྤ་བ་ཡིན་པས་རྒྱལ་པོའི་ཁབ་བསམ་འགྲུབ་རྩེའི་སྣེ་མོར་སྤྱོད་པའི་རྗེ་བོ་དག་ཀྱང་ཞྭ་བཟང་པོ་ཀ་ཤི་ཀའི་ལ་ཐོད་ཅན(དྲུང་འཁོར་གྱི་ཨར་ཀོང་ཟེར་བ་དེ་ཡིན) ཨུཏྤལ་རབ་ཏུ་རྒྱས་པའི་རྫིང་བུའི་དབུས་སུ་བཞིན་རས་ཀྱི་ཟླ་བ་ཁྲུས་ལ་ཞུགས་པ་ལྟ་བུའི་རྣ་རྒྱན་འཆང་བ། བཻཌྰུརྱའི་ཁུ་རྒྱུན་གཙང་མ་རླུང་གིས་བསྐྱོད་པའི་གཉེས་རིས་སྙོམས་པར་ཁྱབ་པ་ལྟ་བུའི་གོས་བཟང་པོ(དྲུང་འཁོར་སྐྱ་བོའི་ཤམ་ཐབས་དེ་ཡིན)དང་། ཐུན་མཚམས་ཀྱི་སྤྲིན་གསར་པ་དབང་པོའི་གཞུ་མཚར་པོས་དཀྲིགས་པ་དང་མཚུངས་པའི་སྟོད་གཡོགས་དང(དྲུང་འཁོར་སྐྱ་བོའི་སྟོད་གོས་འཇའ་བསྒྲིགས་མ) པདྨ་དམར་པོའི་སྐུད་པ་ཐགས་སུ་བྲན་པ་དང་འདྲ་བའི་རྔུལ་གཟན(དྲུང་འཁོར་སྐྱ་བོའི་གྱོན་པ་གཟན་ཕྲ)མནབས་ཏེ་ཡ་རབས་དྲ་མའི་ཆས་ཀྱི་མཛེས་པ་དང་། འབངས་རྣམས་ཀྱང་སྐྲ་དོ་ཐོར་དུ(སྐྲ་སྒོར་བརྒྱབ་པ)བཅིངས་པ་དང་། སིལ་བུར་གྲོལ་བ(སྐྲ་ལྕང་ལོ་བྱས་པ)དང་། གོས་ཀྱི་སྟ་ཟུར་སུལ་ཞིབ་ཅན་དང་། གུར་ཀུམ་གཞོན་ནུའི་མེ་ཏོག་འབར་བ་ལྟ་བུའི་ཞྭ་བཟང་པོ(པགས་ཞྭ་དང་ཞྭ་མོ་འབོག་ཐོ)ཀླུབས་པར་བྱེད་ཅེས་བཀོད་ཡོད་པ་འདི་ནས་ལ་ཐོད་དང་། ཞྭ་མོ་དང་གོས་གཉིས་དེང་སྐབས་ཀྱང་གྱོན་མུས་ཡིན་པ་མཚོན་ཞིང་། རྒན་རབས་ཚོའི་སྒྲོས་ལས་ད་ནས་ལོ་དགུ་བཅུ་ཙམ་གྱི་སྔ་རོལ་ནས་ལྷ་སའི་མི་དྲག་གི་ཆུང་མ་རྣམས་ཀྱིས་གཟབ་བཞེས་སྐབས་སྨད་གོས་ཞེས་པའི་གཤམ་ཐབ་གྱོན་སྲོལ་ཡོད་ཚོད་འདུག་ལ། ཉེ་ལམ་བར་རྒྱན་བཟང་མས་ཀྱང་སྨད་གོས་ཞེས་པའི་གཤམ་ཐབ་གྱོན་སྲོལ་ཡོད་ཚོད་འདུག ལ་ཐོད་མགོ་ལ་དཀྲི་རྒྱུ་དེ་འགོར་གཞི་ཆེ་བས་སྟབས་མི་བདེ་བར་བརྟེན་ལ་ཐོད་ཀྱི་མཚོན་བྱེད་དུ་ཨར་གོང་གྱོན་ཏེ་རྗེས་སོར་གཞུང་ཞབས་དྲུང་འཁོར་གྱིས་བཞེས་པའི་རྒྱ་ལུ་ཆས་ཞེས་པ་དེར་གྱུར་པར་སྣང་། ད་ལྟ་ནས་ལོ་ངོ༡༧༠ལྷག་གི་སྔ་རོལ་ན་རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི{{དགའ་བཞི་པའི་མི་རབས་ཀྱི་འབྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ}}ཞེས་བྱ་བའི་ནང་དུ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ་གཙང་བཀྲ་ཤིས་རྩེ་པའི་བུ་མོ་རྣམ་སྒྲོལ་མ་བག་མར་ལེན་སྐབས་རྡོ་རིང་ནས་མནའ་མར་སྤྲད་པའི་རྒྱན་ཆའི་རྣམ་གྲངས་ཞིབ་པར་བཀོད་པ་སྟེ། བདེ་ལྡན་སྒྲོལ་མ་དེ་ཉིད་ཀྱི་དབུའིགཙུག་གཡུ་ངོ་མས་དབུས། དཔྲལ་ཚར། གསེར་གཡང་། གསུམ་སྐྱིད། ལྟག་ཁྲབ། ལྟག་འཕྲུལ། གཡས་འཐེན། ལྟག་རྫར། སྤ་ཕྲུག འཐེན་ཐག་ཨ་སྒོང་། ཨ་སྒོར་འབྲུམ་རྫར། སྤོས་ཤེལ། ཤེལ་དཀར་དམར། སྡིག་ར་ཆེ་ཆུང་། སོར་གདུབ། ལག་གདུབ། གའུ་སོགས་བཙོ་སྦྱངས་གསེར་གྱི་གདན་གཞིར་གཡུ་དམར་ཞེ་མཚུངས་ཀྱི་ཕྲ་རྒྱན་དང་། གཞན་ཡང་གཡུ། བྱུར། མུ་ཏིག སྦུར་ལེན་ལ་སོགས་པ་སྲིད་ན་རིན་ཐང་ཆེ་བའི་རིན་པོ་ཆེའི་རྒྱན་ཆ་དུ་མར་སོ་སོའི་མངོན་རྟོགས་ཕྲ་ཞིབ་ཚང་མ་ཡིག་ལམ་དུ་སྐབས་འདིར་གསལ་བར་འགོད་མི་ལང་རུང་ལམ་ཙམ་གནས་ཚད་གོང་ཕབ་ཀྱི་དངུལ་སྲང་སྟོང་བརྒྱད་བརྒྱ་དང་ལྔ་བཅུ་ང་བདུན་གྱི་རིན་གོང་ཟིན་པའི་རྒྱན་ཆ་སྤུས་ལེགས་ཞེ་གཅིག་ཅེས་འཁོད་པ་ལ་བརྟག་ཚེ་སྐབས་དེའི་བུད་མེད་ཀྱི་རྒྱན་གོས་ནི་གནའ་རབས་ཀྱི་དུས་ལས་རྣམ་གྲངས་ཆེས་ཆེར་མང་དུ་སོང་ཞིང་། སྐབས་དེའི་བོད་ཀྱི་འབྲུ་ཁལ་གཅིག་ལ་བོད་དངུལ་སྲང་མེད་ཞོ་གསུམ་ཡིན་པ་དེར་དངོས་པོའི་ཐང་གཞིར་གཞིགས་ན་བུད་མེད་ཀྱི་རྒྱན་ཆར་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་བདུན་གྱི་རིན་ཐང་ཟིན་པ་ནི་ཧ་ལས་དགོས་པའི་རིན་ཐང་ཡིན་པས་སྐབས་དེར་མི་དྲག་རྣམས་ཀྱི་བུད་མེད་ཀྱི་རྒྱན་གོས་ལ་དང་ཞེན་ཆེན་པོ་མཚོན་ཡོད། འོན་ཀྱང་ཉེ་ལམ་ལོ་རབས་ལྔ་བཅུའི་ནང་སྐུ་དྲག་གི་ལྕམ་གྱི་རྒྱན་ཆ་ནི། བཟོ་དབྱིབས་ལ་ལེགས་བཅོས་དང་འགྱུར་བ་ཆེན་པོ་བྱུང་ཡོད་པ་སྨོས་མེད་ཐོག་རིན་ཐང་ཧ་ཅང་ཆེ་བའི་རྡོ་རྗེ་ཕ་ལམ་དུ་མ་དང་། རིན་ཆེན་ཕྲ་ཡི་འཕྲུལ་འཕྲུལ་དང་། ཡར་འཐེན། རྣ་རྒྱན། གའུ། ཚིགས་ཁེབས་སོགས་མཛེས་པར་བརྒྱན་ཏེ། རིན་ཐང་ཆེས་ཆེར་འཕར་བ་ཡིན་ནོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1