གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༡༧ཉིན།

མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་གྲངས་ཉུང་མི་རིགས་གནའ་དཔེ་དག་བསྒྲིགས་དང་ཞིབ་འཇུག་མི་སྣ་གསོ་སྦྱོང་འཛིན་གྲྭ་བདེ་ལེགས་ངང་མགོ་བརྩམས།


    ཟླ་10བའི་ཚེས་13ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྦྱོང་གནས་གཞིས་རོགས་སྒྲུབ། མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་གིས་འགན་སྒྲུབ་བྱས་པའི“མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ”མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྡུས།

      མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མ་ཀྲི་མིན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་ཁང་གི་ཀྲུའུ་རེན་མ་ཞའོ་ཆིན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན། དགེ་རྒན་ཆེན་མོ་སྟོབས་ལྡན། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་ཁང་གི་ལོ་ཙཱ་བ་སངས་རྒྱས་རྒྱལ། པཎ་ཆེན་ཞིབ་འཇུག་གླིང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། དགེ་རྒན་ཆེན་མོ་བསོད་ནམས་དོན་གྲུབ། པཎ་ཆེན་ཞིབ་འཇུག་གླིང་གི་ཆེད་གཉེར་ཞིབ་འཇུག་པ། དགེ་རྒན་ཆེན་མོ་གཞོན་པ་འཛོམས་སྐྱིད་སྒྲོལ་མ། མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་དགེ་རྒན་བདུད་འདུལ་རྡོ་རྗེ་བཅས་དང་། དེ་མིན་ཟི་ལིང་དང་ཁུལ་དྲུག རང་སྐྱོང་རྫོང་སོགས་ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོ་ནས་སླེབས་པའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་བྱེད་པ་དང་མི་རིགས་དགེ་འོས་སློབ་གླིང་གི་ཞིབ་འཇུག་སློབ་མ་54ཞིང་ཆེན་ཡོངས་ཀྱི་ཚོགས་འདུའི་མཛད་སྒོར་ཞུགས།

      མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ་ཡིས་ཐོག་མའི་ཤིས་ཚིག་འབུལ་ཞོར་གསོ་སྦྱོང་འཛིན་གྲྭ་བདེ་ལེགས་ངང་ཚོགས་མགོ་བརྩམས་ཐུབ་པ་དང་ཕྱོགས་སོ་སོ་ནས་སླེབས་པའི་སློབ་མར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་རང་ཞིང་གི་གྲངས་ཉུང་མི་རིགས་གནའ་དཔེ་ཡིག་ཚངས་བྱ་བའི་ཁྲོད་ཀྱི་བཀྲ་ཤིས་པའི་ལས་དོན་ཞིག་ཡིན་ཞིང་། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རིག་གནས་ཡིད་རྟོན་ཤུགས་ཆེར་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དོན་འཁྱོལ་ཡོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱས་ཏེ་སྔོན་ཐོན་ཁུལ་འཛུགས་སྐྲུན་ཕྱོགས་ནས་གལ་ཆེའི་དོན་སྙིང་ལྡན་པ་ཡིན། རང་རྒྱལ་མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ། ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་བཀོལ་སྤྱོད་ལ་ཤུགས་སྣོན་པ། ངེས་པར་དུ་གྲངས་ཉུང་མི་རིགས་གནའ་དཔེ་ཞིབ་འཇུག་ཤེས་ལྡན་མི་སྣའི་སྐྱེད་སྲིང་ལས་ཁུངས་འཛུགས་པར་ཤུགས་སྣོན་དགོས། རང་ཞིང་ནི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ཞིང་ཆེན་ཞིག་ཡིན་པས། ང་ཚོས་གཞན་ལ་ངོམ་ཆོག་པའི་གྲུབ་འབྲས་བླངས་ཡོད་ཀྱང་། རང་ཞིང་གི་གནའ་དཔེ་གསོག་ཉར་བྱ་བའི་གནས་ཚུལ་ལ་གཞིག་ན། འདི་ནི་རྒྱ་མཚོའི་ནང་གི་ཆུ་ཐིག་ཙམ་མོ། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་བ་གཉེར་མཁན་ཤེས་ལྡན་མི་སྣའི་དཔུང་སྡེ་བལྟས་བཅོས་ཀྱིས་ཞན་པས། རང་ཞིང་གི་གྲངས་ཉུང་མི་རིགས་གནའ་དཔེ་བྱ་བ་གཉེར་མཁན་གྱི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་བྱང་ཚད། ཆེད་ལས་ལག་རྩལ་སོགས་དུས་ཡུན་ཐུང་ངུའི་གསོ་སྦྱོང་གི་བྱེད་ཐབས་བརྒྱུད་ནས། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་ཞིབ་འཇུག་གི་རྩ་དོན་དང་བྱེད་ཐབས། ལག་རྩལ་སོགས་སྔར་ལས་ལྷག་པའི་སྒོ་ནས་སློབ་ཁྲིད་བྱེད་དགོས། གནའ་དཔེའི་རྐང་འཛིན་མི་སྣའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱས་ཏེ། རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་འཚོལ་བསྡུ་དང་སྲུང་སྐྱོབ། དག་བསྒྲིགས་བཅས་ཞིབ་འཇུག་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་བ་ནན་ཏན་དང་གཏིང་ཟབ་སྒོས་སྤེལ་ཏེ་མངོན་འགྱུར་ཡོང་བ་བྱེད་དགོས། འདི་ཡང་མཐོ་རིམ་སློབ་གྲྭས་ངེས་པར་འདོན་དགོས་པའི་འགན་ནུས་གལ་ཆེན་ཞིག་ཡིན། མཇུག་མཐར། གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་གསོ་སྦྱོང་གི་ལས་སྒྲུབ་མི་སྣར་གསོ་སྦྱོང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་བརྩི་སྲུང་དང་། འབད་བརྩོན་ལྷོད་མེད་ངང་སློབ་སྦྱོང་ལ་སྙིང་རུས་བསྐྱེད་པ། བདེ་འཇགས་སློབ་གསོ་ལག་བསྟར། དོ་དམ་ལ་ཤུགས་སྣོན་དང་བྱ་བར་ཞབས་ཞུ་བྱེད་པ་སོགས་རྒྱུན་འཁྱོངས་བྱེད་དགོས་པའི་བླངས་བྱ་བཞི་བཏོན་པ་མ་ཟད་སློབ་མ་ཚོས་དོན་དངོས་ལག་ལེན་ཁྲོད་འབད་པ་ཆེན་པོའི་ངང་གསོ་སྦྱོང་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་གོང་དུ་སྤེལ་དགོས་པའི་རེ་བ་བཏོན།

      ཀྲུའུ་རེན་གཞོན་པ་མ་ཀྲི་མིན་གྱིས་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཤུལ་བཞག་རིག་གནས་ལ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ད་སྐབས་དང་མ་འོངས་པའི་དུས་སྐབས་གཅིག་རིང་གི་རང་རེའི་ཞིང་ཆེན་གྱི་རིག་གནས་འཛུགས་བསྐྲུན་དང་མི་རིགས་བྱ་བའི་ལས་འགན་གལ་ཆེན་དེ་ཡིན། མཚོ་སྔོན་དགེ་འོས་སློབ་ཆེན་དུ་དཔེ་རྙིང་དག་བསྒྲིགས་ཞིབ་འཇུག་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་གསར་འཛུགས་བྱས་ཏེ། དུས་བགོས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཟུགས་རྒྱུ་ནི་རང་ཞིང་གི་གྲངས་ཉུང་མི་རིགས་དཔེ་རྙིང་ལས་དོན་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་གལ་ཆེའི་བྱེད་ཐབས་དེ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་བསྐྲུན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བར་སྟོང་ལས་བརྒལ་བ་དང་། རྒྱལ་ཁམས་ལས་བརྒལ་བ། རྟག་བརྟག་གསོན་ཤུགས་འབར་བ། དེང་རབས་རིན་ཐང་ལྡན་པའི་རིག་གནས་སྙིང་སྟོབས་དར་སྤེལ་བཏང་ནས། བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་རིག་དངོས་དང་། ཁོད་ཡངས་པའི་ས་ཆེན་གྱི་སྟེང་ཕྲེང་བསྟར་སྒྲིག་པའི་ཤུག་བཞག་དངོས་པོ། དཔེ་རྙིང་གི་ཁྲོད་བྲིས་པའི་ཡིག་འབྲུ་དག་ལ་གསོན་ཤུགས་བསྩལ་ནས་ཀྲུང་ཧྭའི་རིག་གནས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་རྣམས་ཀྱིས་གསར་གཏོད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་འདྲེས་པར་བྱས་ཏེ་མིའི་རིགས་ལ་ཡང་དག་པའི་བསམ་པའི་སྣེ་ཁྲིད་དང་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་སྩོལ་བ་དང་འབྲེལ་བའི་དངོས་ཡོད་དགོངས་དོན་ལག་ལེན་མཐར་ཕྱིན་ཡོང་བ་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་བྱ་བའི་འགན་འཁྲི་རང་བཞིན་དང་འོས་འགན་ལ་ཤུགས་བསྣན་ནས། དུས་རབས་གསར་བར་མཐུན་པ་དང་གོ་སྐབས་གསར་བ་དམ་འཛིན་བྱེད་པ། ལས་འགན་གསར་བ་གཏན་འཁེལ་བྱས་ནས་བྱས་རྗེས་གསར་བ་འཇོག་པར་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་བྱེད་དགོས། དེ་ནས་2017ལོའི་ཟླ་5བར། ང་ཚོས་སྐབས་དང་པོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ལེགས་འགྲུབ་བྱུང་རྗེས། ཡང་སྐབས་གཉིས་པའི་གྲངས་ཉུང་མི་རིགས་གནའ་དཔེའི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་ཡིན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་འབད་བརྩོན་ལྷོད་མེད་ངང་ཆེད་ལས་མི་སྣའི་གནས་བབ་ལེགས་པོ་བེད་སྤྱོད་དང་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས་བྱས་རྗེས་འཇོག་དགོས།

      ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཉི་ཡག་ཚེ་རིང་གིས་སློབ་མའི་ཚབ་བྱས་ཏེ་གཏམ་བཤད་གནང་། ཁོས་ཐོག་མར་འགན་སྒྲུབ་ལས་ཁུངས་ཀྱིས་ཐེངས་འདིར་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་འདི་འདྲ་ཞིག་གནང་བར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ནི་ཀྲུང་ཧྭའི་གནའ་དཔེ་ཁྲོད་ཀྱི་འོད་དུ་འཚེ་བའི་སྐར་ཆེན་ཞིག་ཡིན། དེ་ཡིས་ཡང་དག་སྒོས་ལོ་རྒྱུས་གསལ་མཚོན་བྱས་ཡོད་ཅིང་། ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ཀྱི་སྲོག་རྩར་གསོན་ཤུགས་བསྩལ་ཡོད། གནའ་དཔེ་ནི་སླར་གསོན་མེད་པའི་རིག་གནས་ཐོན་ཁུངས་ཤིག་ཡིན་ལ། གནའ་དཔེ་སྲུང་སྐྱོབ་དང་དག་བསྒྲིག སླར་གསོ་སོགས་ཀྱི་རྙོག་འཛིང་ཆེ་བའི་གནད་དོན་དང་ལས་འགན་ལ་ཁ་གཏད་ནས་གནའ་དཔེ་བྱ་སྒྲུབ་རུ་ཁག་འཛུགས་བསྐྲུན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་རེད། དེ་བས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བཙུགས་པར་དོན་སྙིང་ཆེན་པོ་ལྡན། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད་དེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས། གལ་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་འདི་ནི་ང་ཚོ་གནའ་དཔེ་ལས་སྒྲུབ་པ་རེ་རེའི་ཕྲག་སྟེང་དུ་བབ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ང་ཚོས་ངེས་པར་དུ་ནན་ཏན་གྱིས་སློབ་སྦྱོང་དང་། སྤུས་ཚད་མཐོར་འདེགས། ལག་རྩལ་ཁོང་དུ་ཆུད་པ། བསླབ་འབྲས་ཕུལ་དུ་བྱུང་བ་བཅས་ཀྱི་སྒོ་ནས་ཐེངས་འདིའི་གསོ་སྦྱོང་ལེགས་འགྲུབ་ཡོང་བ་བྱེད་དགོས། ཁོས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གོ་སྐབས་དམ་འཛིན་དང་ནན་ཏན་གྱིས་སློབ་སྦྱོང་བྱེད་པ། སྦྱངས་པ་གོ་ཆོད་དང་རིག་གནས་རྒྱུན་འཛིན། བསམ་བློ་བརྗེ་རེས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པ་སོགས་ཀྱི་ཕྱོགས་ནས་གཏམ་བཤད་སྤེལ་བ་དང་། ཚོགས་ཞུགས་སློབ་མ་རྣམས་ཀྱིས་ནན་ཏན་གྱིས་སློབ་སྦྱོང་བྱེད་རྒྱུ་དང་། དེ་མིན་ད་དུང་ཐེངས་འདིའི་གསོ་སྦྱོང་གི་གོ་སྐབས་དམ་འཛིན་ལེགས་པོ་བྱས་ཏེ་ཕན་ཚུན་ལ་བསམ་བློ་བརྗེ་རེས་དང་། ཕན་ཚུན་ལ་རོགས་རམ་བྱས་ཏེ། མཉམ་ཏུ་མཐོར་འདེགས་དང་ཡར་ཐོན་ཡོང་བ་བྱེད་དགོས་པར་གླེང་།

      ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་རྟེན་གཞི་ཁུལ་བཙུགས་པའི་རྗེས་ཀྱི་ཐེངས་གཉིས་པའི་ལས་སྒོའི་གསོ་སྦྱོང་དེ་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་གཞི་རིམ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཡིག་ཆའི་བྱ་བ་སྒྲུབ་མཁན་རྣམས་ཀྱི་ལས་སྒོའི་སྤུས་ཚད་དང་ནུས་པ་མཐོར་འདེགས་གཏོང་ཆེད་ཡིན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འདིའི་སྟེང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚེ་རིང་ཐར་ལགས་དང་། བོད་ལྗོངས་དཔེ་མཛོད་ཁང་གི་ཞིབ་འཇུག་པ་པད་མ་བཀྲ་ཤིས། ཀྲུང་གོའི་མི་རིགས་རིག་གནས་ཁང་གི་ཞིབ་འཇུག་པ་བྱམས་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བཀྲ་བྷོ། བོད་ལྗོངས་ཡིག་ཚགས་ཁང་གི་ཞིབ་འཇུག་པ་ཟླ་སྒྲོན་སོགས་གྲགས་ཆེ་བའི་ཆེད་མཁས་པ་དང་མཁས་པ་གང་མང་ཞིག་གདན་ཞུས་བྱས་ཏེ་སློབ་ཁྲིད་གནང་རྒྱུ་མ་ཟད། ད་དུང་སློབ་མ་54ལྷག་ལ་མཉམ་དུ་དུས་ཡུན་ཉིན་7རིང་གསོ་སྦྱོང་བྱ་རྒྱུ་རེད།  
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1