མཐོན་མཐིང་སྤྲིན་དཀར་བར་གསེང་ནས།། བདེ་སྐྱིད་ལམ་དྲྭས་བོད་ཡུལ་ཡོངས་སུ་སྦྲེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-18



    ལ་དང་ལུང་པའི་འགག་ལས་བསྒྲལ་ནས་མཛེས་ཆེན་བོད་ཡུལ་ཉེ་སར་བསླེབས། 

    སྤྱི་ཟླ9པའི་ཚེས26ཉིན། དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་སྔ་དྲོའི་ཆུ་ཚོད10དང་ཕྱེད་ལ་དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་ཕྱིན་ནས་ཆུ་ཚོད11 དང་སྐར་མ20ལ་འཕུར་བའི་གནམ་གྲུ་ཐོག་སྡོད་དེ་ཁྲེང་ཏུའུ་ལ་འགྲོ་གྲབས་ཡོད་པ་རེད། ཁོས་སྔོན་ཆད་ཁྲེང་ཏུའུ་ལ་སོང་ན་རྒྱལ་སྲུང་གཞུང་ལམ317ནས318པའི་ལམ་ལ་བསྒྱུར་ནས་ལམ་ཐག་ སྤྱི་ལེ700ལྷག་ཡོད་པ་དང་རླངས་འཁོར་དུ་དུས་ཡུན་ཆུ་ཚོད10 འགྲོ་དགོས་ཀྱི་ཡོད། ད་ལྟར་སྐྱིད་པོ་འདུག་གནམ་གྲུ་ཐོག་བསྡད་དེ་ཆུ་ཚོད་གཅིག་ལས་མི་དགོས་པ་རེད་ཅེས་བཤད་པ་རེད། བཀྲ་ ཤིས་ཕུན་ཚོགས་ཀྱིས་བཤད་པའི་སྐད་ཆའི་ཐོག་ནས་དཀར་མཛེས་གེ་སར་གནམ་གྲུ་ཐང་ཤར་གཏོང་ཐུབ་པ་བྱུང་ནས་དཀར་མཛེས་ཁུལ་གྱི་མི་ཚོར་སྟབས་བདེ་སྤྲད་པ་མཚོན་ཡོད། སྤྱི་ཟླ9པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ26 ཐོག་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་འགོ་བཙུགས་པའི་གནམ་གྲུ་ཞིག་གེ་སར་གནམ་གྲུ་ཐང་དུ་དལ་མོའི་ངང་བབས། གནམ་གྲུ་ཐང་གི་ལོ་རྒྱུས་ཡོད་མྱོང་པའི་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་དབུས་སུ་གནས་པའི་དཀར་མཛེས་རྫོང་གིས་ལོ་ངོ67འགོར་རྗེས་སུ་མཁའ་གྲུ་ཞིག་བསུ་ཐུབ་པ་དེ་ལས་ དཀར་མཛེས་ཁུལ་དུ་མཁའ་དབྱིངས་ཀྱི་“ཟུར་གསུམ་མཁའ་ འགྲུལ”འཕུར་ལམ་ཁྱོན་ཡོངས་སུ་བསྐྲུན་ཐུབ་པ་མཚོན་པ་དང་། དཀར་མཛེས་ཁུལ་དེ་རྒྱལ་ཡོངས་སུ་མཐོ་སྒང་གི་གནམ་གྲུ་ཐང་གསུམ་ཡོད་པའི་རང་སྐྱོང་ཁུལ་ཁོ་ནར་གྱུར་པ་རེད། 2018ལོའི་ཟླ་བ12པའི་ཚེས31ཉིན། དཀར་མཛེས་འགྲིམ་འགྲུལ་གྱི་ལོ་རྒྱུས་སུ་ལམ་ཚད་རྡོ་རིང་ལྟ་བུའི་དུས་སྐབས་ཤིག་ཤར་བ་སྟེ་སྤྱི་ལེ135ཡོད་པའི་གཡག་རྔ་ནས་དར་མདོ་ཕྱོགས་སུ་སྐྱོད་པའི་མྱུར་བགྲོད་གཞུང་ལམ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ་དར་མདོར་མྱུར་བགོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། གཡག་རྔ་ནས་དར་མདོ་བར་གྱི་མགྱོགས་ལམ་ནི་ཨང་རྟགསG4218པའི་ལམ་ཐིག་གཡག་རྔ་ནས་ཞིན་ཅང་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགྲོ་ལམ་གལ་ཆེན་ཞིག་ཡིན་པ་དང་། སི་ཁྲོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་དྲྭ་རྒྱ་སྟེ “16.5.5”ཡི་འཆར་འགོད་ཁྲོད་ཀྱི་ཤར་ནུབ་འཕྲེད་ལམ་ལྔ་ལས་དར་མདོ་ནས་ལིའུ་ཀྲུའུ་བར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། ནང་ལོགས་ས་ཁུལ་ནས་བོད་ཁུལ་དུ་ཕྱིན་ནས་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པའི་གཞུང་ལམ་གཙོ་བོའང་ཡིན་པ་རེད། 2018ལོར་དཀར་མཛེས་ཁུལ་དུ་ཐེངས་དང་པོ་འགྲུལ་པ་མི་ཁྲི2200ལས་བརྒལ་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར222.5རག་པ་རེད།

མཐོན་མཐིང་སྤྲིན་དཀར་བར་གསེང་ནས།། བདེ་སྐྱིད་ལམ་དྲྭས་བོད་ཡུལ་ཡོངས་སུ་སྦྲེལ།

    གོམ་སྟབས་དལ་བའི་རྣམ་པ་བསྒྱུར་ནས་འཕེལ་རྒྱས་མྱུར་བགྲོད་ལམ་དུ་སྐྱོད། 

    དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ལོ་རྒྱུས་ཐོག་ལ་ངོ་གནོང་དགོས་པའི་གནས་ཚུལ་ཏེ་དཀར་མཛེས་ཁུལ་སྡེ་རོང་རྫོང་ནི་ཞིང་ཆེན་ཡོངས་ཀྱི་ཆེས་མཐའ་མ་དང་། རྒྱལ་ཡོངས་སུ་འགྲིམ་འགྲུལ་གཞུང་ལམ་ཤར་གཏོང་ཐུབ་པའི་ཆེས་མཐའ་མའི་རྫོང་ཨང་གཉིས་པ་དེ་ཡིན་པ་རེད། སྡེ་རོང་རྫོང་ནི་དཀར་མཛེས་ཁུལ་གྱི་ཆེས་ལྷོ་ཕྱོགས་སུ་ཆགས་ཡོད་པའི་རྫོང་ཞིག་ཡིན། ལོ་ན56ལོན་པའི་སྡེ་རོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་བཀྲ་ཤིས་ནོར་བུ་ལ་སྡེ་རོང་རྫོང་གི་འགྲིམ་འགྲུལ་འཛུགས་སྐྲུན་ལས་ཀའི་ས་ཁྲ་གསོན་པོ་ཞེས་པའི་མིང་ཞིག་ཐོགས་པ་རེད། ཁོ་རང1979ལོར་ལས་ཞུགས་བྱས་ནས་མི་ཚེ་ཕྱེད་ཀ་འགྲིམ་འགྲུལ་གྱི་འཐབ་ཕྱོགས་སུ་བསྐྱལ་ཡོད། སྐབས་དེའི་སྡེ་རོང་དུ་ གཞུང་ལམ་ཚོན་གང་ཡང་མེད་པའི་རྐྱེན་གྱིས་ཁུལ་དུ་ཚོགས་འདུ་ཐེངས་རེ་ འཚོག་སར་འགྲོ་སྐབས་ཉིན་འགའ་རིང་ལ་རི་ལམ་བརྒལ་ནས་འགྲོ་དགོས་པས་འགྲོ་ཐེངས་རེར་དཀའ་སྡུག་ཐེངས་རེར་མྱོང་དགོས་པ་རེད། ད་ལྟར་སྡེ་རོང་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གཞུང་ལམ་སྤྱི་ལེ 1518.2བསྐྲུན་ནས་སྡེ་རོང་གི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་མྱུར་བགྲོད་ལམ་བུར་སྐྱོད་བཞིན་པ་རེད། སྤྱི་ཟླ9པའི་ཚེས26ཉིན་རིང་ཚད་ཧྲིལ་པོར་སྨི2298ཡོད་པའི་སྡེ་རོང་གི་ཕུག་ལམ་དང་པོ་དེ་དངོས་སུ་ཚོད་ལྟ་བྱས་ནས་ཤར་གཏོང་ཐུབ་པ་བྱུང་། རྒྱལ་སྲུང་གཞུང་ལམ215 པའི་ལམ་ཐིག་གི་ཕུག་ལམ་གཙོ་བོ་ཡིན་པའི་ཆ་ནས། གཞུང་ལམ་དེ་ ཤར་གཏོང་ཐུབ་པ་བྱུང་ནས་སྡེ་རོང་རྫོང་དུ་རྒྱལ་སྲུང་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དེར་མཚུངས“མཁའ་ལམ”གྱིས་ཀྱང་དཀར་མཛེས་ཁུལ་ལ་སྔར་མེད་ཀྱི་སྟབས་བདེ་བསྐྲུན་ཡོད། སྤྱི་ཟླ8པའི་ཚེས4ཉིན་ལྡིར་སྒྲ་ཞིག་དང་སྦྲགས་མི་མེད་མཁའ་གྲུ་ཞིག་གིས་ནགས་རི་ཁྲོད་ནས་འཐོག་འོང་པའི་ཤ་མོ་གསར་པ་ཁྱེར་ནས་ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཤོག་ཤ་མོ་གྲོང་སྡེའི་ཕྱོགས་སུ་ཆགས་ཡོད་པའི་ཉག་ཆུའི་ཤ་མོ་ཐོན་ལས་གླིང་རའི་ཤ་མོ་བྲིན་འཚོང་བྱེད་སའི་ལྟེ་གནས་སུ་བབས་རྗེས། ཤ་མོ་གསར་པ་དེ་དག་ལྟེ་གནས་དེས་སྔོན་དུ་གྲང་མོ་བཟོ་བ་དང་། བཟང་ངན་དབྱེ་འབྱེད་དང་ཐུམ་རྒྱག་རང་བྱེད་ཀྱི་བཟོ་སྣོན་བྱས་རྗེས། དེ་ནས་གྲང་བཟོ་ཆེད་སྤྱོད་རླངས་འཁོར་དང་ཆེད་སྤྱོད་མཁའ་གྲུའི་ཐོག་འདྲེན་ནས་ཆུ་ཚོད24ནང་ཚུན་དུ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གསོལ་ཅོག་ཐོག་མཐོང་ཐུབ་པ་རེད། དུས་ཡུན་ཆུ་ཚོད24ཡི་ནང་ཤ་མོ་གསར་པ་འདི་དག་ནགས་རི་ ཁྲོད་ནས་གསོལ་ཅོག་ཐོག་སླེབས་ཐུབ་པ་ནི་སྔོན་ཆད་བསམ་ཡང་མི་ཕོད་པའི་གནས་ཚུལ་ངོ་མཚར་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་སྔོན་དུ་ སྤེལ་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས། ཁུལ་ཡོངས་ཀྱི་ གཞུང་ལམ་སྤྱི་ལེ་ཁྲི3.5ལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་ཨང་དང་པོར་བསླེབས་ཡོད། འགྲིམ་འགྲུལ་འཕེལ་རྒྱས་ཡོང་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་གསོན་ཤུགས་ཆེན་པོ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 2018ལོར་དཀར་མཛེས་ཁུལ་དུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར 293.08མངོན་འགྱུར་བྱུང་ནས་བརྒྱ་ཆ9འཕར་སྣོན་བྱུང་ཡོད། གྲོང་རྡལ་གྱི་ཡུལ་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར32022ཡོད་པས་བརྒྱ་ཆ8.6འཕར་ཡོད། ཞིང་སྡེའི་ཡུལ་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར11540 ཡོད་པས་བརྒྱ་ཆ10.5འཕར་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཐོ་ཚད་གསར་པ་དང་མྱུར་ཚད་བཟང་བའི་གནས་བབ་ བཟང་པོར་མངོན་བཞིན་ཡོད།

    རྐང་ལམ་ཕྲ་མོ་དོར་ནས་གྲོང་སྡེ་ཀུན་ལ་ཕྱུག་འགྱུར་འགྲོ་ལམ་ཆགས།

    གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། རྒྱལ་སྲུང་གཞུང་ལམ317དང318པའི་ལམ་ཐིག་སྤུས་ལེགས་བྱུང་བ་དང་ཆབས་ཅིག དཀར་མཛེས་ཁུལ་གྱི་གྲོང་གསེབ་གཞུང་ལམ་ཡང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་རེད།

    སྤྱི་ཟླ9པའི་ཚེས24ཉིན། གསར་འགོད་པས་རླངས་འཁོར་བཏང་ནས་ཉག་རོང་རྫོང་ཤང་ལང་གཤིས་ཡུལ་ཤོག་ཤར་མིག་གྲོང་སྡེར་ཕྱིན་སྐབས་ཡུལ་ལྗོངས་མཛེས་སྡུག་ལྡན་པས་མིག་དབང་རབ་ཏུ་འཕྲོག ཡིན་ནའང་རྒྱང་ཐག་སྤྱི་ལེ6ལས་མེད་པའི་རི་ལམ་འདིས་དེ་སྔོན་ཤར་མིག་གྲོང་སྡེའི་ཡུལ་མི་ཚོར་དཀའ་སྡུག་ཆེན་པོ་གཏད་མྱོང་བ་རེད། སྔོན་ཆད་གྲོང་སྡེར་གཞུང་ལམ་མེད་ནས་ཡུལ་ཤོག་ཏུ་འགྲོ་དགོས་ན་འཕྲུལ་རྨོ་ལམ་ཞིག་ལས་མེད་པ་དང་། རྫོང་ཁུལ་དུ་འགྲོ་དགོས་ན་དུས་ཡུན་ཆུ་ཚོད2ཙམ་འགོར་བ་རེད། འགྲོ་ལམ་གྱི་ཆ་རྐྱེན་ཞན་པས་འཕྲུལ་རྟ་བཞོན་ནས་ཅུང་གཟབ་གཟབ་མ་བྱས་ན་ལམ་ཟུར་གྱི་ཡུར་བུར་ལྷུང་འགྲོ་བ་རེད་ཅེས་ཤར་མིག་གྲོང་སྡེའི་ཡུལ་མི་སྐལ་བཟང་ཚེ་རིང་གིས་སྔོན་ཆད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལ་ཕྱིར་དྲན་བྱེད་སྐབས་དེ་ལྟར་བཤད་པ་རེད།

    སྐལ་བཟང་ཚེ་རིང་གིས་ད་ལྟར་ཡུལ་ཤོག་ཏུ་འགྲོ་དགོས་ན་སྣུམ་སྙིགས་ལམ་དང་། གྲོང་སྡེར་འགྲོ་དགོས་ན་ཨར་འདམ་གཞུང་ལམ་ཡོད་པར་མ་ཟད། ད་དུང་དུད་ཚང་སྦྲེལ་ལམ་ཡང་ཡོད་པ་རེད། རླངས་འཁོར་བཏང་ན་མགྱོགས་པོ་ཡིན་ཐོག་བདེ་འཇགས་ཀྱང་ཡིན་ལ། རྫོང་ཁུལ་དུ་འགྲོ་དགོས་ན་དུས་ཡུན་ཆུ་ཚོད་ཕྱེད་ལས་མི་འགོར་བ་དང་འགྲོ་གྲོན་ཡང་སྔོན་མའི་སུམ་ཆ་གཅིག་ལས་མི་དགོས་པ་རེད། འགྲོ་ལམ་ཡག་ལ་རླངས་འཁོར་མང་བ་དང་། གྲོང་སྡེ་ཡོངས་ཀྱི་དུད་ཚང202ལ་རླངས་འཁོར་ཆུང་གྲས30ལྷག་དང་འཕྲུལ་རྟ300ལྷག་ཡོད་པ་རེད་ཅེས་བཤད།

དབུལ་སྐྱོར་གནད་སྨིན་དང་ཟུང་འབྲེལ་བྱེད་ཅིང་། སྒྲིག་གཞི་ཚང་བའི་ཡུལ་ཤོག་དང་གྲོང་སྡེ་བརྒྱ་ཆ་བརྒྱ་ལ་སྣུམ་སྙིགས་གཞུང་ལམ་དང་ཨར་འདམ་གཞུང་ལམ་ཡོད་པའི་དམིགས་ཡུལ་གཉིས་ལ་དམིགས་ནས། དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་གྱི་བྱ་སྤྱོད་ཆེན་པོ་སྤེལ་ནས། ཡུལ་ཤོག་ཏུ་ཐར་བའི་སྣུམ་སྙིགས་གཞུང་ལམ་སྤྱི་ལེ226.8དང་གྲོང་སྡེར་ཐར་བའི་ཨར་འདམ་གཞུང་ལམ་སྤྱི་ལེ6100བཟོས་ཡོད།

    སྤྱི་ཟླ6པའི་ཚེས1ཉིན་ལ་ཉག་ཆུ་རྫོང་གྲོང་གསེབ་ཀྱི་སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར(ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར)ཤར་གཏོང་ཐུབ་པ་དང་། སྤྱི་ཟླ7པའི་ཚེས3ཉིན་རྒྱུན་མཐུད་དུ་སྤྱི་ཟླ6པའི་ཚེས13ཉིན་སེར་ཤུལ་དང་ཡུལ་ཤུལ་ཞིང་ཆེན་འགྲུལ་སྐྱེལ་རླངས་འཁོར་གཏོང་འགོ་བཙུགས་རྗེས། སེར་ཤུལ་རྫོང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་དང་། གླ་གཏོང་རླངས་འཁོར། རྫོང་ཁུལ་ནས་ཏུང་ཆུས་བར་གྱི་ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར་གཏོང་འགོ་བཙུགས་ནས་ད་བར། དཀར་མཛེས་ཁུལ་གྱི་རྫོང་ཁག16ལ་གྲོང་གསེབ་ཏུ་གཏོང་ཐུབ་བའི་འགྲུལ་སྐྱེལ་རླངས་འཁོར་ཡོད། གྲོང་གསེབ་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་། ཕན་ཚུན་འབྲེལ་མཐུད། བཀོད་སྒྲིག་འོས་འཚམས། སྟབས་བདེ་དང་མགྱོགས་མྱུར། གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་པ་བཅས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གཞི་གཅིག་ཅན་དུ་འགྱུར་བའི་དམིགས་ཡུལ་མངོན་འགྱུར་ཡོང་བར་སྲ་ཞིང་བརྟན་པོའི་རྨང་གཞི་བཏིང་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1