ས་རྒོད་བསློགས་ནས་ཞོག་ཁོག་བཏབ། ཡོང་འབབ་འཕར་བས་འཚོ་བ་སྐྱིད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18




      སྟོན་ཟླ་10བ་ནི་མ་གཞི་ནས་རེ་འབྲས་དོན་སྨིན་གྱི་དུས་ཚིགས་ཤིག་དང་བཀྲ་ཤིས་ཀྱི་དགེ་མཚན་འབར་བའི་དུས་ཚིགས་ཁྱད་པར་བ་ཞིག་ཡིན་ལ། འཛམ་ཐང་རྫོང་འཛམ་ཐང་སྟོད་མ་ཡུལ་ཚོའི་རི་འཕོངས་སྡེ་བས་ཀྱང་ས་རྒོད་མུའུ་100ལྷག་ཏུ་ལོ་ལེགས་བྱུང་སྟེ། ཞོག་ཁོག་རྒྱ་མ་ཁྲི་30ལྷག་ཡོད།
 

       ཟླ་10ཚེས་14ཉིན་གྱི་ཞོགས་པར། འཛམ་ཐང་སྟོད་མ་ཡུལ་ཚོའི་རི་འཕོངས་སྡེ་བའི་ལས་བྱེད་དང་མང་ཚོགས་50ལྷག་སྡེ་བའི་ཞོག་ཁོག་གདབ་སའི་རྟེན་གཞི་རུ་འཛོམས་ནས་ཞོག་ཁོག་སློག་པའི་བྱེད་སྒོ་སྤེལ། ཞོག་ཁོག་བསྡུ་ལེན་དང་ཉར་ཚགས་ལ་བྲེལ་བའི་འཕྲུལ་ཆས་དང་མི་ཚོགས། དེ་དག་ལས་མཆེད་འོང་བའི་འུར་སྒྲ་དང་དགོད་སྒྲ་སོགས་ཀྱིས་མཐོ་སྒང་གི་གྲོང་སྡེ་འདིའི་རྣམ་པ་གསར་བའི་ཆ་ཞིག་ཀུན་ནས་མངོན་འདུག
 

       རི་འཕོངས་སྡེ་བ་ནི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3570ཙམ་གྱི་སར་ཡོད་ཅིང་། སྡེ་བའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་65དང་། སྡེ་བ་ཡོངས་ཀྱི་ས་ཞིང་ལ་མུའུ་581ཙམ་ཡོད། ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་རྐྱེན་པས། སྲོལ་རྒྱུན་གྱི་གོང་སླ་མོའི་ལོ་ཏོག་ཙམ་ལས་ཐོན་སྐྱེད་བྱེ་མི་ཐུབ་ལ། ཐོན་སྐྱེད་བྱེད་ཚད་ཀྱང་ཤིན་ཏུ་དམའ་བས་འདེབས་འཛུགས་ཀྱི་ལས་ལ་གཞོལ་མཁན་ཤིནཏུ་དཀོན་པས།  ས་ཞིང་མང་པོ་ས་རྒོད་དུ་གྱུར་བ་རེད། 
      ས་རྒོད་བསློགས་ནས་ཞོག་ཁོག་འདེབས་པ་རི་འཕོངས་སྡེ་བའི་ཡུལ་བབ་དང་མཐུན་ཞིང་།  གདམས་ག་ཡང་དག་ཞིག་ཡིན་པས་ལམ་དེར་ཞུགས་པ་རེད།  དེ་བས་ཁོ་ཚོས་ཞོག་ཁོག་འདེབས་པའི་ལས་ཕྱོད་ཆེ་རུ་གཏོང་ཆེད་དང་། ཤུགས་ཆེན་པོས་འཕྲུལ་ཆས་འདེབས་པ་དང་སྔོག་འདོན་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་ནས་ཡུལ་བབ་དང་འཚམ་པའི་ཞོག་ཁོག་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལག་རྩལ་བཀོལ་སྤྱོད་བྱེད་སྟངས་ཤིག་འཚོལ་ཞིབ་བྱས་དང་བྱེད་བཞིན་ཡོད།
      དོ་དམ་ཞིབ་ཚགས་དང་། འབད་འབུངས་ལྷོད་མེད་བྱས་མཐར། མིག་སྔར་ཞོག་ཁོག་འདེབས་པར་ལོ་ལེགས་བྱུང་ནས་ཞོག་ཁོག་ཐོན་འབོར་མུའུ་རེར་རྒྱ་མ་3000ལྷག་ཟིན་ཡོད་ཅིང་། སྔོན་དཔག་བྱས་ན་ད་ལོའི་སྤྱིའི་ཐོན་འབོར་རྒྱ་མ་ཁྲི་30ཟིན་རྒྱུ་དང་ཁེ་སྤོགས་དངོས་ལ་སྒོར་ཁྲི་30ལྷག་ཡོད་རྒྱུ་རེད། ཞོག་ཁོག་དཔེ་སྟོན་འདེབས་པ་ལེགས་འགྲུབ་བྱུང་བ་དེས་སྡེ་བའི་ཁྱིམ་ཚང་དབུལ་བོར་རོགས་སྐྱོར་བྱེད་པར་བོགས་ཐོབ་པར་མ་ཟད། སྡེ་བ་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡང་འཕར་ཏོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1