གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

ཏིང་འཛིན་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༢༡ཉིན།

༄༅།། ནང་པའི་གྲུབ་མཐའ་བཞིའི་དུས་གསུམ་གྱི་དགོངས་པ་དང་བརྡ་སྤྲོད་གཞུང་གི་དུས་གསུམ་བར་གྱི་ཁྱད་པར་ལ་དཔྱད་པ།

 ཏིང་འཛིན་རྒྱལ།

      [ནང་དོན་གནད་བསྡུས།]དུས་གསུམ་ལ་དངོས་པོའི་དུས་གསུམ་②དང་བྱ་བའི་དུས་གསུམ། དུས་ཀྱི་དུས་གསུམ་③བཅས་དབྱེ་བ་གསུམ་མཆིས་ཤིང་། སྤྱིར་དུས་གསུམ་ཞེས་མིང་གི་རྣམ་གྲངས་ཙམ་འདྲ་ན་ཡང་དོན་ལ་གཞི་སོ་སོའི་གོ་བ་མི་འདྲ་སྟེ། འདིར་ནང་པའི་གྲུབ་མཐའ་བཞིའི་དུས་གསུམ་(དངོས་པོའི་དུས་གསུམ་)དང་བྱ་བའི་དུས་གསུམ་གཉིས་ཀྱི་ངོ་བོ་ངོས་འཛིན་དང་དུས་ཀྱི་འཇོག་མཚམས། སྔ་ཕྱིའི་གོ་རིམ་དབྱེ་སྟངས་དང་ཕན་ཚུན་གྱི་འབྲེལ་བའི་ཆ་སོགས་ཕྱོགས་དུ་མ་ནས་བསྡུར་ཏེ་དུས་གསུམ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་གཞིར་བཟུང་ནས་དཔྱད་པ་བཏང་ཡོད།
      [བརྡ་ཆད་གཙོ་བོ།] དངོས་པོའི་དུས་གསུམ། བྱ་བའི་དུས་གསུམ། འདས་པ། མ་འོངས་པ། ད་ལྟ་བ།
      [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
      [ཡིག་ཚང་མཚན་བྱང་།] A
      [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0146-12
      དུས་ཞེས་པ་ནི་གཞི་གང་ལའང་སྦྱར་དུ་རུང་བའི་བརྡ་ཆད་གཙོ་བོ་ཞིག་ཡིན་ལ། མི་རིགས་མི་གཅིག་པ་དང་རྒྱལ་ཁབ་མི་གཅིག་པའམ་ཡང་ན་ཡུལ་གྱི་བསྐལ་དོན་གང་དུ་དེད་ཀྱང་དུས་དང་མ་འབྲེལ་བ་གཅིག་ཀྱང་མེད་པར་དུས་ཀྱིས་གཞལ་བ་དང་མཚོན་པར་བྱེད་ཅིང་། བརྡ་འདི་མཚོན་པའི་མིང་གི་གདགས་ཚུལ་ནི་ཐ་སྙད་ཚད་མས་མ་གྲུབ་པ་དང་ཀུན་བཏགས་བདེན་མེད་ཀྱི་ངོས་ནས་ཆོས་རྣམས་ཀྱི་ངོ་བོ་རང་སྟེང་དུ་གཞི་གྲུབ་མེད་རྐྱེན། མི་རིགས་སོ་སོས་རང་གི་འདོད་པ་གཙོར་བཟུང་སྐད་ཆའི་ལུགས་དང་མཐུན་ཞིང་བརྗོད་བདེ་གང་རུང་གིས་སྒྲ་གཟུགས་བཟོས་པ་མི་འདྲ་མོད་བརྗོད་བྱའི་དོན་ལ་མི་མཐུན་པ་ཆེར་མེད་དེ། དུས་ཀྱི་ཆ་དང་བཅས་པའི་དངོས་པོ་དེའི་རྒྱུན་ནམ་འགྱུར་ལྡོག་རང་བཞིན་དང་ཚེ་དང་སྐབས་སོགས་མཚོན་པར་བྱེད་པའམ་ཡུན་ལ་སོགས་གཞལ་བྱེད་ཀྱི་ཐབས་ཤིག་ཏུ་གོ་བའོ།། དངོས་པོའི་དུས་གསུམ་གྱི་འདོད་པ་ནི་ནང་པའི་བསྟན་པ་བོད་དུ་དར་བ་ནས་རིམ་གྱིས་དར་འགོ་ཚུགས་ན་ཡང་ཐོག་མར་ཆེད་དམིགས་ཀྱིས་དར་དུ་བཅུག་པ་མ་ཡིན་པར་བཀའ་དང་མདོ་རྒྱུད་ཀྱི་བསྟན་བཅོས་མང་པོའི་ཟུར་ནས་ཐོན་པ་ཞིག་ཡིན་ལ། ཁྲི་སྲོང་ལྡེ་བཙན་སྐབས་“ནཱ་ལེནྡ ་ཡི་གཙུག་ལག་དཔེར་བླངས་ནས།། རྒྱལ་པོའི་ཐུགས་དམ་དཔལ་གྱིས་བསམ་ཡས་བཞེངས།། རྒྱ་གར་མཁས་པ་མང་པོ་སྤྱན་དྲངས་ནས།།མཚན་ཉིད་བཀའ་དང་གསང་སྔགས་ཕྱི་ནང་བསྒྱུར།།” ④ཞེས་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ཏེ་ཚད་མ་རིག་པ་ལ་སོགས་པའི་གཞུང་མང་པོ་བོད་དུ་བསྒྱུར་ཅིང་རྔོག་བློའི་བར་འཆད་ཉན་རྒྱ་ཆེར་མ་དར་ཡང་ཚད་གཞུང་རེ་འགའ་བོད་དུ་བསྒྱུར་ཡོད་པ་དང་། བསྟན་པ་ཕྱི་དར་སྐབས་རྔོག་བློ་ལྡན་ཤེས་རབ་(1059-1109)དང་ས་པཎ་(1182-1251)རྣམ་གཉིས་ཀྱིས་《རྣམ་ངེས་》དང་《རྣམ་འགྲེལ་》གྱི་འཆད་ཉན་དར་བར་བྱས་པར་མ་ཟད། ཕྱྭ་བ་ཆོས་ཀྱི་སེང་གེས་(1109-1169)བསྡུས་གྲྭའི་རིགས་ལམ་སྲོལ་བཏོད་དེ་རྩོད་པའི་རིགས་ལམ་ལ་བྱང་བར་བྱས་པས་གོང་གནས་བརྟན་ནས་འོག་རབ་བྱུང་སྒྲུབ་པ་ཚུན་ཆད་ཀྱིས་ཡིན་པར་ཐལ། ཡིན་པའི་ཕྱིར་ལྟ་བུའི་ཐལ་ངག་གི་སྦྱོར་བ་གང་རུང་འཕང་སྟེ་བྱིས་པའི་གཏན་ཚིགས་གཏོར་ཞིང་མཚན་ཉིད་ཀྱི་ལམ་དུ་འགོད་པར་བྱེད་པ་ནི་དངོས་པོའི་དུས་གསུམ་ལ་བག་ཆགས་འཇོག་པའི་རྟེན་འབྲེལ་འགྲིག་པ་ཡིན། དངོས་པོའི་དུས་གསུམ་གྱི་རྣམ་གཞག་ནི་བློ་རྟགས་གཉིས་ལས་རྟགས་རིགས་སྐབས་ཀྱི་སྦྱང་བྱའི་གྲས་ཡིན་ལ་དེར་འདོད་སེམས་དབུ་མ་རང་རྒྱུད་པའི་ལུགས་གཙོར་འཛིན་གྱི་ཡོད་པ་དང་། ⑤ ཚད་མ་རིག་པའི་གཞུང་ལུགས་ཤིན་ཏུ་དར་ཆེ་བར་བརྟེན་དེའི་སྒོ་དང་བསྟུན་ཆོས་དངོས་སོགས་བློ་ཡུལ་དུ་བྱ་རུང་བ་ཀུན་གྱི་སྤྱི་མིང་ལ་ཤེས་བྱ་ཞེས་བཏགས་ཤིང་། དེར་མ་འདུས་པའི་ཡན་གར་བའི་དངོས་པོ་གང་ཡང་མེད་པ་ཤེས་བྱའི་རྣམ་གྲངས་ཀུན་དུ་གསལ་ཞིང་། དེ་ལ་དབྱེ་ན་གཉིས་ཏེ། རྟག་པ་དང་དངོས་པོར་འདུ་བས་རྟག་དངོས་ཀྱི་མཚན་ཉིད་རེ་རེ་ནས་སྨྲས་ན་རྟག་པ་ནི་དུས་རྟག་ཏུ་བརྟན་ཅིང་གནས་པ་དང་སྐད་ཅིག་སྐད་ཅིག་ལ་འཇིག་པ་མིན་པས། དུས་ཀྱིས་གཞལ་ན་ཚད་བཟུང་མེད་པར་ཇི་སྲིད་བར་དུ་གནས་ཤིང་རྣམ་པ་དང་རང་བཞིན་རྟག་བརྟན་དང་འགྱུར་བ་མེད་པར་རྣམ་པ་ཐམས་ཅད་དུ་གནས་པའམ་རང་བཞིན་གྱི་ཡོད་པ་ཞིག་དང་། དངོས་པོ་ནི་མི་རྟག་པ་སྟེ་སྐད་ཅིག་སྐད་ཅིག་ལ་འཇིག་པའི་ཆོས་ཅན་དང་སྐད་ཅིག་དང་པོ་ལས་སྐད་ཅིག་གཉིས་པར་མི་སྡོད་པར་ཞིག་པའི་ཆར་གྱུར་བས། དུས་ཀྱི་ཐད་ནས་ཡུན་ཐུང་བ་དང་རྣམ་པ་དང་རང་བཞིན་གྱི་ངོས་ནས་མི་རྟག་པ་དང་མི་བརྟན་པར་འགྱུར་ནས་ཡོད་པས་རང་བཞིན་གྱིས་མེད་ཅེས། དངོས་པོའི་ངོ་བོ་རང་མཚན་པར་དཔྱད་པས་བརྟན་མི་བརྟན་དང་འགྱུར་མི་འགྱུར་ལྟ་བུ་གང་གིས་ཀྱང་དངོས་པོའི་རང་བཞིན་དང་ཆོས་ཉིད་ཅིག་གསལ་བར་བྱས་པས། མཐར་གཏུགས་ན་དུས་ལས་འདའ་མི་འདའ་དང་འབྲེལ་ཞིང་འདའ་བས་ན་རྟག་པ་དང་མི་འདའ་ན་དངོས་པོ་སྟེ། དངོས་པོ་དང་དངོས་མིན་གྱི་ཁྱད་འབྱེད་བྱེད་གཙོ་བོ་ཡིན་པས་བོད་ཀྱི་རིག་གནས་འཆད་པ་ལ་དུས་དང་བྲལ་དུ་མེད་ཅིང་དུས་ཀྱིས་གོ་འབྱེད་བྱེད་པས་སོ།། 
      བྱ་བའི་དུས་གསུམ་ནི་རྟགས་འཇུག་སྐབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་ཏེ། འདིར་མཚན་ཉིད་རིག་པ་ལ་སོགས་པའི་གཏན་ཚིགས་ཀྱིས་བརྒྱན་པ་མ་ཡིན་པར་འཇིག་རྟེན་སྤྱི་ལ་གྲགས་པའམ་ཐུན་མོང་གི་བློར་ཤོང་བའི་ལུགས་གཞིར་བཅས་དངོས་པོའི་འཕོ་འགྱུར་དང་འགུལ་བསྐྱོད། སྐྱེས་བུའི་ལུས་སེམས་ཀྱི་ཉམས་འགྱུར་དང་བྱ་སྤྱོད་སོགས་ཀྱི་སྔ་ཕྱིའི་རིམ་པའི་དོན་ཡིན་ལ་བྱ་བ་དེ་དག་སྟོན་པའི་རྗོད་བྱེད་ཀྱི་སྒྲའི་བདག་ཉིད་ཅན་ཞིག་ལ་བྱ་ཚིག་གམ་བྱ་བའི་ཐ་སྙད་དང་བྱ་བའི་མིང་དུ་བཏགས་ཤིང་། རྗོད་བྱེད་ཀྱི་སྒྲ་དེ་དག་དུས་ཀྱི་སྐབས་དོན་གང་དང་ཆ་མཉམ་པ་ལ་སྦྱར་ནས་སྐབས་དེའི་གནས་ཚུལ་ལམ་སྣང་ཚུལ་མཚོན་པ་ལ་བྱ་བའི་དུས་གསུམ་དུ་འཇོག བྱ་བ་ལ་བྱ་བ་སྐྱེ་བའི་སྔ་ཕྱིའི་གོ་རིམ་ཡོད་པ་དང་དེ་བསྐྱེད་པ་ལ་ངང་གིས་བྱུང་བ་དང་གཞན་གྱི་རྩོལ་བ་ལས་བྱུང་བ་གཉིས་སུ་དབྱེ་ཞིང་མདོར་ན་བྱེད་འབྲེལ་དང་བྱེད་མེད་དེ། བྱ་བ་གང་ཡིན་ཡང་བྱེད་པ་པོའི་རྩོལ་བ་ལ་བརྟེན་ནས་བྱུང་བ་ནི་བྱེད་འབྲེལ་ཡིན་ལ། རྩ་ཤེ་རབ་བྱེད་བརྒྱད་པ་ལས་“བྱེད་པོ་ལས་ལ་བརྟེན་བྱས་ཤིང་།། ལས་ཀྱང་བྱེད་པོ་དེ་ཉིད་ལ།། བརྟེན་ནས་འབྱུང་གི་མ་གཏོགས་པ།། འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་།།”⑥ཞེས་གསུངས་པའི་ཕྱིར་དང་། བྱེད་པོའི་རྩོལ་བ་བསྐྱེད་པ་ལ་ལྟོས་པ་མིན་པར་དངོས་པོ་རང་ངོས་ནས་རང་བཞིན་གྱི་འགྱུར་བའི་སྣང་ཚུལ་ཞིག་ལ་བྱེད་མེད་ཅེས་བྱ། སྤྱིར་བྱ་བའི་འགྱུར་བ་གང་ཡིན་ཡང་རྒྱུ་རྐྱེན་ངེས་ཅན་ལ་བརྟེན་ནས་འབྱུང་གི་རྒྱུ་མེད་རྐྱེན་མེད་ཅིག་མི་སྲིད་ན་ཡང་བརྡ་སྤྲོད་པའི་གཞུང་དུ་རྒྱུ་རྐྱེན་དངོས་སུ་སྣང་མིན་གྱི་སྒོ་ནས་བཞག་པ་ཞིག་ལ་གོ་སྟེ། བྱེད་པོ་སེམས་ལྡན་གྱི་གང་ཟག་ཅིག་གིས་བྱ་བ་དངོས་སུ་བྱས་པ་དང་ལས་དེའི་འགྱུར་བ་བྱེད་པོ་ལ་བརྟེན་པས་དངོས་སུ་སྣང་བ་དང་། བྱེད་པོ་སེམས་ལྡན་མེད་ཀྱང་དངོས་པོ་ཁོ་རང་སྟེང་གི་འགྱུར་བའི་ཆོས་ཉིད་ཅིག་ལ་སྤྱིར་རྒྱུ་རྐྱེན་རྟེན་འབྱུང་གི་ཚོགས་པ་མང་མོད་ཀྱི། རྒྱུ་རྐྱེན་དེ་དག་མངོན་སུམ་གྱི་མཐོང་ཆོས་སུ་མ་གྱུར་ཡང་བྱ་བ་ཡོད་པས་བྱེད་མེད་ཅེས་བརྗོད་པ་ནི་ཐུན་མོང་གི་དབང་དུ་བྱས་ཡིན་གྱི། སྤྱིར་རྒྱུ་རྐྱེན་མེད་ཅེས་པའི་དོན་མ་ཡིན་ལ་རྗེས་སུ་སྐུལ་ཚིག་⑦ཐོབ་མིན་གྱིས་ཀྱང་བྱེད་པོ་སེམས་ལྡན་སྣང་མིན་ཤུགས་སུ་འཕེན་མོད། སྐུལ་ཚིག་ཡིན་ན་གང་སར་སྦྱོར་རུང་བ་མ་ཡིན་པར་ངེས་པར་སེམས་ལྡན་གྱི་གང་ཟག་གིས་དམིགས་པའི་ཡུལ་ཅན་གྱི་གང་ཟག་ལ་སྦྱོར་བ་ལས་སེམས་མེད་བེམ་དངོས་ལ་མ་ཡིན་ནོ།།
      དང་པོ། དུས་གསུམ་གྱི་ངོ་བོ་ངོས་འཛིན་སྐོར་ལ་བརྗོད་པ།
      སྤྱིར་དུས་ཀྱི་ངོ་བོ་གཏན་ལ་དབབ་རྒྱུ་ནི་མཚན་ཉིད་རིག་པའི་གཞུང་གི་བརྗོད་བྱ་གལ་ཆེན་ཞིག་ཡིན་ལ་སྔོན་བྱོན་དམ་པ་རྣམས་ཀྱིས་ཆེད་གཏད་ཀྱིས་དུས་ཀྱི་གདགས་དོན་བཙལ་ཞིང་། སྣང་ཚུལ་དང་རྣམ་པ་སོགས་གཞིར་བཅས་དུས་ཀྱི་ངོ་བོ་དང་ཆོས་ཉིད་ཐད་ལྟ་བ་མི་འདྲ་བ་མང་དུ་བཏོན་ཡོད་ཀྱང་། ལྟ་བ་གནད་དུ་གནས་མིན་དང་རིགས་པའི་ལུང་གིས་རབ་ཏུ་གྲུབ་མིན། ཚུལ་གཞན་དུ་འདར་མིན་ནི་སྐབས་འདིའི་བརྗོད་བྱ་མིན་ལ་ཡིན་ཀྱང་དཔྱད་དུ་ག་ལ་ཚུགས་ཏེ་ཚུགས་མ་ཡིན། འདིར་ཕྱི་ནང་གི་གྲུབ་མཐའ་སོ་སོས་དུས་ཞེས་པ་གང་འདྲ་ཞིག་ཡིན་པ་དང་ངོ་བོར་ངོས་འཛིན་ཇི་ལྟར་བྱེད་པའི་ཐད་ལ་ལྟ་བ་མི་འདྲ་བ་མང་དུ་མཆིས་ཀྱང་། དུས་གསུམ་གྱི་རྣམ་གཞག་སྟེ་འདས་མ་འོངས་ད་ལྟ་བའི་དུས་གསུམ་ནི་ཕྱི་ནང་ཐུན་མོང་གིས་འདོད་པ་དང་། སོ་སོའི་འཇོག་སྟངས་ཐད་རྒྱབ་བརྟེན་གྱི་ལུང་དང་སྒྲུབ་བྱེད་ཀྱི་རིགས་པ། འཇོག་བྱེད་ཀྱི་དཔེ། གཞུང་དོན་གྱི་གོ་བ། དཔྱད་པའི་ཐབས་སོགས་མ་འདྲ་བས་དུས་ཀྱི་ངོ་བོ་འཇོག་ཚུལ་ཐ་དད་དུ་སྣང་ཡང་། སྤྱིའི་དབང་དུ་བྱས་ན་དུས་རྟག་པར་འདོད་མཁན་ཞིག་དང་རྟག་པ་མ་ཡིན་པར་འདོད་མཁན་གཉིས་ལས་མ་འདས་པར་བསམ།
      གཅིག ཕྱི་རོལ་བའི་དུས་གསུམ་གྱི་ངོས་འཛིན། ཕྱི་རོལ་གྲངས་ཅན་པར་གྲངས་ཅན་ལྷར་བཅས་པ་དང་གྲངས་ཅན་ལྷ་མེད་པ་གཉིས་ ⑧ ཡོད་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བའི་ཐད་འདོད་པ་མི་འདྲ་བར། གྲངས་ཅན་ལྷ་མེད་པ་རྣམས་ཀྱིས་འབྲས་བུ་རྣམས་རྒྱུ་དུས་སུ་ཡོད་དེ་“རྒྱུ་དང་ངོ་བོ་གཅིག་པ་ཞིག་སྔར་མི་གསལ་བ་གསལ་བར་བྱུང་བ་” ⑨ ཡིན་པས་རྒྱུ་དུས་སུ་མངོན་གསལ་དོད་པས་མེད་ན་ཡང་མི་མངོན་པའི་ཚུལ་གྱིས་ཡོད་པར་བཞེད་པ་དཔེར་ན།“གྲངས་ཅན་གྱི་གཞུང་ལས། ཞོ་གང་ཡིན་པ་དེ་འོ་མ།། འོ་མ་གང་ཡིན་པ་དེ་ཞོ་ཞེས།།” ⑩ ཞོ་ཉིད་འོ་མའི་དུས་སུ་འོ་མའི་ངོ་བོར་གནས་པའི་རྐྱེན་གྱིས་ཞོར་གྱུར་བར་འདོད་པས་རྒྱུ་དང་འབྲས་བུ་ངོ་བོ་གཅིག་ཏུ་ཡོད་པར་འདོད་པ་ལ་ངོ་བོ་གཅིག་པ་དང་། དེ་ལྟ་ན། རྒྱུ་དུས་མ་འོངས་པའི་ངོ་བོར་འབྲས་དུས་ད་ལྟ་ལ་སོགས་པ་གནས་པས་ཕན་ཚུན་ངོ་བོ་གཅིག་གི་སྟེང་དུ་ཡོད་ན་དུས་ཀྱང་ཐ་སྙད་གཞན་དུ་བཏགས་ཀྱི་ངོ་བོ་གཞན་དུ་མི་འགྱུར་བར་ངོ་བོ་གཅིག་གི་སྟེང་དུ་ཡོད་པར་གྱུར་འགྲོ་བ་ཡིན། གྲངས་ཅན་ལྷར་བཅས་པས་རྒྱུ་འབྲས་ཀྱི་ངོ་བོ་གཅིག་ན་ཡང་རྣམ་འགྱུར་ཐ་དད་ཡིན་ཏེ་“ཐོག་མའི་སོན་དེ་དང་རྗེས་ལ་སྐྱེས་པའི་མྱུ་གུ་དེ་གཉིས་ངོ་བོ་གཅིག་ཡིན་རུང་མངོན་གསལ་དོད་ལོས་ཀྱི་ཁྱད་པར་མ་ཡིན་པར་རྣམ་འགྱུར་ཐ་དད་རེད་ཟེར། དེར་བརྟེན་འབྲས་བུ་སྨིན་པ་ཟེར་བ་ནི་འབྲས་བུའི་ངོ་བོ་ལྡན་པའི་རྒྱུ་དེ་འབྲས་བུ་སྨིན་ཡས་ཀྱི་ཆ་རྐྱེན་གཞན་དག་འཛོམས་པའི་འོག་ལ་དེར་རྣམ་འགྱུར་གསར་པ་ཞིག་ཐོན་པར་བརྟེན་རྒྱུའི་རྣམ་འགྱུར་དང་འབྲས་བུའི་རྣམ་འགྱུར་ཐ་དད་ཡིན་སྟབས་ངོ་བོ་གཅིག་ལ་རྣམ་འགྱུར་མི་འདྲ་བ་ཡིན་ཟེར་བས་” ⑾ མཁས་གྲུབ་རྗེས་བྱེ་བྲག་སྨྲ་བའི་བཙུན་པ་ཆོས་སྐྱོབ་ཀྱི་དངོས་པོ་གཞན་དུ་འགྱུར་བར་སྨྲ་བའི་ལུགས་ནི་གྲངས་ཅན་གྱི་ལུགས་དང་མཚུངས་ཞེས་གསུངས་པའི་གྲངས་ཅན་ནི་གྲངས་ཅན་ལྷར་བཅས་པ་ཡིན་ནོ།། 
      ཕྱི་རོལ་བྱེ་བྲག་པ་རྣམས་ཀྱིས་“རྫས་དང་ཡོན་ཏན་ལས་དང་སྤྱི་བྱེ་བྲག། འདུ་བའི་ཚིག་གི་དོན་དྲུག་བདེན་དངོས་བཞི།། འབྱུང་བཞི་ཡིད་མཁའ་ཕྱོགས་བདག་དུས་དགུ་རྫས།། ལྔ་བཞི་མ་ཁྱབ་ཁྱབ་རྫས་བཞི་སོགས་བཞི།།” ⑿ཞེས་ཤེས་བྱ་ཐམས་ཅད་ཚིག་དོན་དྲུག་གི་ནང་དུ་བསྡུ་རིགས་པ་དང་། དེའི་ནང་གི་རྫས་ལ་དབྱེ་བ་དགུར་ཕྱེ་སྟེ་ཁྱབ་པ་དང་མ་ཁྱབ་པ་གཉིས་སུ་ ⒀ འདུ་བར་བྱེད་ཅིང་། མ་ཁྱབ་པའི་རྫས་ལ་འབྱུང་བཞིའི་སྟེང་དུ་ཡིད་བསྣན་པས་ལྔ་དང་ཁྱབ་པའི་རྫས་ལ་བདག་དང་དུས་དང་ཕྱོགས་དང་ནམ་མཁའ་སྟེ་བཞི་ཡིན་པར་འདོད་པ་དང་། རྫས་ཀྱི་མཚན་ཉིད་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བར་“བྱ་བ་དང་ལྡན་པ་ཡོན་ཏན་དང་ལྡན་པ་འདུ་བའི་རྒྱུར་གྱུར་པ་” ⒁ཞེས་ཁྱད་ཆོས་གསུམ་གྱི་སྒོ་ནས་བཞག་ཅིང་“ཕྱོགས་དང་། ནམ་མཁའ་དང་། དུས་ཀྱང་མ་སྐྱེས་པ། ཁྱབ་པ། རྟག་པ། བྱ་བ་མེད་པ་ཡིན་ནོ།།” ⒂ ཞེས་དུས་ཅན་གྱི་དངོས་པོ་ལས་ཐ་དད་དུ་སྣང་བའི་རྟག་པའི་རྫས་ཤིག་ཏུ་ཡོད་པར་འདོད་པ་དང་། གཞན་“དུས་ཀྱིས་འབྱུང་བ་སྨིན་པར་བྱེད།། དུས་ཀྱིས་སྐྱེས་བུ་སྡུད་པར་བྱེད།། དུས་ཀྱིས་གཉིད་ལོག་སད་པར་བྱེད།། དུས་ལས་འདའ་བ་ཤིན་ཏུ་དཀའ།།” ⒃  ཞེས་བྱ་བ་ཀུན་རྒྱུ་རྐྱེན་གཞན་གང་གིས་ཀྱང་གཡོ་བ་མེད་པར་ཚུགས་ཐུབ་ཏུ་གནས་ཤིང་དུས་ཀྱི་གཡོ་བ་སྔོན་དུ་སོང་བར་བརྟེན་འགྱུར་བས་ན་དུས་ནི་རྒྱུ་རྐྱེན་གཞན་གང་ལའང་མ་བརྟེན་པ་བྱ་བ་ཀུན་གྱི་བྱེད་པོ་ལྟ་བུར་ངོས་འཛིན་ནོ།། 
      གཉིས། ནང་པའི་གྲུབ་མཐའ་བཞིའི་དུས་གསུམ་གྱི་ངོས་འཛིན། ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་དུས་ཀྱི་ངོ་བོར་ངོས་འཛིན་མི་འདྲ་བ་བྱས་ཀྱང་དུས་གསུམ་གྱི་དབྱེ་གཞི་ནི་འདུས་བྱས་ཁོ་ན་ལ་འཇོག་པ་མ་ཟད་དུས་ཀྱི་སྔ་ཕྱིའི་རིམ་པ་འཇོག་ཚུལ་གྲུབ་མཐའ་ཀུན་མཐུན་ཞིང་། དུས་གསུམ་བརྟག་པར་གཞི་དངོས་པོ་དང་བྲལ་དུ་མེད་ཅིང་གཞི་དངོས་པོ་བརྟག་པར་དུས་གསུམ་གྱི་ངོ་བོ་ལེགས་པར་གཏན་ལ་འབེབས་དགོས་པས་སློབ་དཔོན་ཕྱོགས་ཀྱི་གླང་པོས་《དུས་གསུམ་བརྟག་པར་》“དངོས་པོ་མེད་པས་དུས་གསུམ་ལ།། ཐ་དད་སྲིད་པ་མ་ཡིན་ནོ།། དེ་ལྟ་བས་ན་དངོས་པོ་ཡང་།། དུས་གསུམ་རིགས་པ་མ་ཡིན་ནོ།།” ⒄ ཞེས་ཕན་ཚུན་ལྟོས་ཤིང་གྲུབ་པས་བྲལ་དུ་མེད་པ་འདྲ་ཡང་། དུས་གསུམ་རེ་རེ་ནས་དངོས་པོར་འཇུག་པ་ན་དུས་དང་དངོས་པོ་འབྲེལ་བའི་ངོས་ནས་དངོས་པོའི་སྣང་ཚུལ་དང་རྣམ་པའི་འགྱུར་བ། རྒྱུ་འབྲས་ཀྱི་འབྲེལ་བའི་རྒྱུན།དངོས་པོའི་མ་འོངས་པ་དང་ཞིག་ཆར་དངོས་གཞན་གང་ཞིག་ཐོབ་མིན་སོགས་ལས་བརྩམས་ཏེ་དཔྱད་པ་བྱས་ཡོད་པས་དུས་གསུམ་གྱི་ངོ་བོར་ངོས་འཛིན་མི་འདྲ་བ་བྱུང་བ་ཡིན།
      བྱེ་བྲག་སྨྲ་བས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བའམ་《བྱེ་བྲག་བཤད་མཚོ་ཆེན་མོའི་》རྗེས་སུ་འབྲང་བས་ན་བྱེ་བྲག་སྨྲ་བ་ཞེས་དུས་ཀྱི་ངོ་བོའི་སྒོ་ནས་སམ་བརྟེན་སའི་གཞུང་གི་སྒོ་ནས་གྲུབ་མཐའི་མིང་བཏགས་ཡོད་པ་དང་། བྱེ་བྲག་སྨྲ་བས་དུས་གསུམ་རྟག་པར་མི་འདོད་པར་དུས་གསུམ་པོ་འདུས་བྱས་ཀྱི་མཚན་ཉིད་ལྡན་པའི་ཕྱིར་རྟག་པ་མ་ཡིན་ལ། འདུས་བྱས་ཀྱི་དངོས་པོར་སྐྱེ་གནས་འཇིག་གསུམ་ཡོད་པས་དུས་གསུམ་དུ་ཡོད་པ་དང་། དུས་གསུམ་ཡོད་པའི་དངོས་པོ་ཐམས་ཅད་ནི་རྫས་གྲུབ་ཀྱིས་ཁྱབ་པར་འདོད་དེ། གཞི་གང་བཟུང་བའི་དངོས་པོ་ལས་ཐ་དད་པའི་རྫས་ཡོད་ཀྱི་དངོས་པོ་ཡན་གར་བ་ཞིག་ཏུ་འཇོག་ཅིང་། མྱུ་གུ་ལྟ་བུ་སྤྱི་དང་དེར་ཡོད་པའི་དུས་གསུམ་ནི་མྱུ་གུ་དེའི་བྱེ་བྲག་ཡིན་པ་ལྟ་བུའོ།། མདོར་ན། བྱེ་བྲག་སྨྲ་བས་དུས་གསུམ་ནི་དངོས་པོའི་གནས་སྐབས་གསུམ་ལ་བཏགས་པའི་ཆ་ནས་འཇོག་མི་ཤེས་པར་རང་གི་ངོ་བོ་ཟུར་དུ་གཟུང་དུ་ཡོད་པར་གོ་བས་དུས་གསུམ་གྱི་དངོས་པོ་གནས་སྐབས་གང་དུ་ཞུགས་ཀྱང་དངོས་པོ་དེའི་རྣམ་པའི་འགྱུར་བ་ཙམ་ལས་རྫས་རྒྱུན་གཅིག་ཏུ་འདོད་པས་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་འདོད་དོ།། མདོ་སེམས་དབུ་མ་རང་རྒྱུད་པ་རྣམས་ཀྱིས་དུས་ནི་གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་ཏེ་ལྡན་མིན་འདུ་བྱེད་ཅིག་ཏུ་གོ་ཞིང་། དུས་ནི་རྣམ་པ་མི་རྟག་པ་མཚོན་པ་སྐད་ཅིག་ལ་མི་སྡོད་པའི་འགྱུར་བའི་རྒྱུན་ཞིག་གམ། འདུས་བྱས་ཀྱི་ཆོས་རྣམས་སྐྱེ་བའི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་དང་སྐྱེས་ལ་མ་འགག་པ། ཞིག་པའི་ཆར་གྱུར་བའི་མེད་དགག་སྟེ། “དུས་གང་ཞེ་ན། རྒྱུ་དང་འབྲས་བུ་རྒྱུན་དུ་བྱུང་བ་ལ་དུས་ཞེས་གདགས་སོ།།” ⒅ འདི་དག་གི་ལུགས་ལ་འདས་མ་འོངས་རྟག་པར་འདོད་པས་མེད་དགག་དང་ད་ལྟ་བ་དང་དངོས་པོ་དོན་གཅིག་ཏུ་བཞེད་ཀྱང་འདས་པའི་དུས་དང་མ་འོངས་པའི་དུས་ཉིད་དངོས་པོ་དང་ལྡན་མིན་འདུ་བྱེད་དུ་འཇོག དབུ་མ་ཐལ་འགྱུར་བའི་དུས་ཀྱི་བཞེད་ལུགས་ནི་གྲུབ་མཐའ་གཞན་གང་ལའང་མི་འདྲ་ཞིང་རྗེ་རིན་པོ་ཆེས་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་ཅེས་བགྲང་ཡོད་པ་ལས་དུས་གསུམ་གྱི་རྣམ་གཞག་འཇོག་སྟངས་ནི་ཐུན་མོང་མ་ཡིན་པའི་གྲས་ཀྱི་བརྒྱད་པ་ཡིན་ལ། དུས་གསུམ་དངོས་པོར་དམ་བཅའ་བར་བྱེད་དེ། “ས་བཅུ་བ་ལས། འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་པ་དང་། ཡོངས་སུ་མི་ཤེས་པའི་རྒྱུད་མི་འཆད་པའི་རྒྱུ་ཡང་འབྱིན་པའོ།།” ⒆ ཞེས་དང་སྡོང་བུ་ཟད་པ་མར་མེ་ཤི་བའི་རྒྱུར་གསུངས་པས་རང་ཉིད་རྒྱུས་བསྐྱེད་པ་དང་རང་གིས་འབྲས་བུ་བསྐྱེད་ནུས་པས་དངོས་པོ་ཡིན་པ་ལ། འདས་མ་འོངས་མེད་དགག་ཏུ་མི་འདོད་པར་མ་ཡིན་དགག་ཏུ་འདོད་པ་དང་། མྱུ་གུ་ལ་སོགས་པའི་དངོས་པོ་བསྐྱེད་པར་རྒྱུ་རྐྱེན་ངེས་ཅན་ལ་བརྟེན་འབྱུང་གི་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་བས་མ་འོངས་པའི་རྒྱུ་མེད་པར་ད་ལྟའི་མྱུ་གུ་མི་འབྱུང་ལ་རྒྱུའི་ངོ་བོ་འགག་པས་མྱུ་གུ་བསྐྱེད་ཅིང་། ཞིག་པ་ལ་ཡང་ཞིག་པའི་རྒྱུ་རྐྱེན་དུ་མ་ཚོགས་པས་ཞིག་པའི་འབྲས་བུ་འབྱུང་སྟེ། སྡོང་བུ་ཟད་པ་ནི་མར་མེ་ཤི་བའི་རྒྱུར་བྱེད་ཅེས་སྡོང་བུ་ཟད་པ་ནི་སྡོང་བུ་ཞིག་པ་ཡིན་ལ་སྡོང་བུ་ཞིག་པ་ནི་མར་མེ་ཤི་བའི་རྒྱུ་ཡིན་པས་སྡོང་བུ་ཞིག་པས་ཀྱང་དོན་བྱེད་ནུས་པ་དང་། དེ་བཞིན་དུ་འཆི་བ་ཡང་འདུ་བྱེད་འཇིག་པར་བྱེད་པས་འདས་ལ་འདུ་བྱེད་འཇིག་པའི་རྒྱུས་མི་ཤེས་པའི་འབྲས་བུ་བསྐྱེད་པས་འདས་མ་འོངས་དངོས་པོར་སྒྲུབ་པ་ཡིན་པའོ།།
      གསུམ། བརྡ་སྤྲོད་གཞུང་གི་དུས་གསུམ་གྱི་ངོས་འཛིན། བརྡ་སྤྲོད་གཞུང་གི་དུས་ཀྱི་ངོས་འཛིན་ནི། བརྡ་སྤྲོད་མཁས་པ་རྣམས་ཀྱིས་བྱ་བའི་དུས་གསུམ་འཆད་པ་ལ་དུས་ནི་གཟུགས་ཤེས་གང་རུང་མ་ཡིན་པའི་ཞེས་མཚན་ཉིད་རིག་པའི་གཞུང་དོན་གྱི་གོ་བ་ཐད་ཀར་བརྡ་སྤྲོད་ཀྱི་ཁུངས་སུ་འདྲེན་ཅི་ཐུབ་བྱས་ཡོད་ཀྱང་བརྡ་སྤྲོད་རང་ལ་བྱེད་པོའི་ལུས་སེམས་ཀྱི་རྩོལ་བ་བསྐྱེད་པའམ་ངང་གིས་བྱུང་བ་གང་ཡིན་རུང་སྔ་ཕྱི་འགྱུར་བའི་རྣམ་པ་ཞིག་ལ་བྱ་བ་ཞེས་བརྗོད་དེ། རྟགས་འཇུག་གི་གཞུང་དུ་གཙོ་ཆེ་བ་བྱེད་པོ་སེམས་ལྡན་ཞིག་གི་ལས་ཀྱི་རྩོལ་བར་བརྗོད་སྲོལ་ཆེ་ན་ཡང་ངང་གིས་བྱུང་བར་མི་སྦྱོར་བ་མ་ཡིན་ལ། གཞན་བྱ་བའི་དུས་གསུམ་ཞེས་དབྱེ་མོད་ཀྱི་བྱ་བ་ངོ་མ་ནི་ད་ལྟ་སྒྲུབ་ཀྱིན་པའི་ལས་ཀྱི་རྩོལ་བ་དེར་བརྗོད་པ་ལས་ཕྱི་མ་མ་སྒྲུབ་པ་མིན་ལ་སྔ་མ་སྒྲུབ་ཟིན་འདས་པ་ཡང་མ་ཡིན་པས་དེ་གཉིས་ད་ལྟའི་ལས་ཀྱི་བྱ་བར་བརྟེན་ནས་བྱ་བའི་ཐ་སྙད་ཐོགས་པ་ཡིན། མདོར་ན། གྲུབ་མཐའ་སོ་སོའི་དུས་གསུམ་དང་བྱ་བའི་དུས་གསུམ་གྱི་ངོ་བོ་ངོས་འཛིན་མི་འདྲ་སྟེ་དཔྱད་པའི་གཞི་དུས་ཞེས་པ་འདྲ་ཡང་དཔྱད་ཐབས་དང་ཁ་གཏད་སའི་ཡུལ་ལ་ཁྱད་པར་ངེས་ཅན་ཡོད་པས། གཅིག་གིས་དངོས་པོ་དམིགས་ཀྱིས་བཟུང་སྟེ་དེའི་སྐྱེ་གནས་འཇིག་གསུམ་གྱི་ཆོས་ཉིད་དང་གནས་ལུགས་ལ་དཔྱད་དེ་དངོས་པོའི་ངོ་བོ་གཏན་ལ་འབེབས་པར་བྱས་པ་དང་། གཅིག་གིས་བྱེད་པོའི་རྩོལ་བ་དང་ལུས་སེམས་ཀྱི་བྱ་སྤྱོད། དངོས་པོའི་འགྱུར་ལྡོག་གི་རྣམ་པ་དང་རང་བཞིན། མངོན་པའི་འབྲས་བུ་མི་འདྲ་བར་གཞིགས་ནས་སྐབས་དེའི་གཡོ་བ་དང་རྩོལ་བའི་རང་བཞིན་གསལ་བར་བྱ་ཆེད་རྗོད་བྱེད་སྒྲའི་ངོས་ནས་ཅི་ལྟར་མཚོན་པ་གཙོར་འཛིན་པས་སོ།།
 
      གཉིས་པ། དངོས་པོའི་དུས་གསུམ་དང་བྱ་བའི་དུས་གསུམ་གྱི་ཁྱད་པར་བརྗོད་པ།
      གཅིག བྱེ་བྲག་སྨྲ་བའི་དངོས་པོའི་དུས་གསུམ་དང་བྱ་བའི་དུས་གསུམ་གྱི་ཁྱད་པར། བྱེ་བྲག་སྨྲ་བས་མྱུ་གུ་མ་འོངས་པ་དང་མྱུ་གུ་འདས་པའི་དུས་སུ་ཡང་མྱུ་གུ་ཡོད་པར་འདོད་དེ་དངོས་པོ་ཐམས་ཅད་ཚུལ་དེ་ལྟར་ཁས་ལེན་གྱི་ཡོད་པས། “གང་ཟག་འགའ་ཞིག་གིས་བུམ་པ་ལ་ལྟ་བར་རྩོམ་པའི་ཚེ་དེའི་རྒྱུད་ཀྱི་བུམ་པ་མཐོང་བའི་མིག་དབང་དང་དེའི་ཡུལ་བུམ་པ་གཉིས་ཀ་སྐྱེ་བཞིན་པ་ཡིན་པས་མ་འོངས་པ་དང་། བུམ་པ་དེ་མཐོང་བཞིན་པའི་དུས་ཀྱི་དེའི་རྒྱུད་ཀྱི་བུམ་པ་མཐོང་བའི་མིག་དབང་དང་དེའི་ཡུལ་བུམ་པ་གཉིས་ཀ་ད་ལྟ་བ་དང་། མཐོང་ནས་རྒྱབ་ཏུ་ཕྱོགས་མ་ཐག་ཏུ་དེའི་རྒྱུད་ཀྱི་བུམ་པ་མཐོང་བའི་མིག་དབང་དང་དེའི་ཡུལ་བུམ་པ་གཉིས་ཀ་འདས་པར་འཇོག་པས། བུམ་པ་བུམ་པའི་འདས་པ་དང་མ་འོངས་པའི་དུས་སུ་ཡོད་པར་གསུངས་ཀྱི་དེ་རིང་གི་བུམ་པ་ཁ་སང་དང་སང་ཉིན་ཡོད་པར་གསུངས་པ་མིན་”⒇ཞེས་བརྗོད་པས་བྱེ་བྲག་སྨྲ་བས་དངོས་པོའི་སྐྱེ་གནས་འཇིག་གསུམ་གྱི་སྐབས་ཁོ་ནར་དམིགས་པ་མ་ཡིན་པར་དངོས་པོའི་གནས་སྐབས་ཕྲ་མོའི་དབང་དུ་ཕྱེ་བ་ཡིན་ལ་དེར་རྣམ་པར་ཤེས་པའི་ཡུལ་དང་དབང་པོ་གཉིས་ལ་བརྟེན་ནས་སྐྱེ་བས་བྱ་བའི་མིང་གིས་ཀྱང་ཇི་བཞིན་མཚོན་ནུས་ཏེ། དཔེར་ན། བུམ་པར་བལྟ་དགོས་དང་བུམ་པར་ལྟ་བཞིན་ཡོད། བུམ་པར་བལྟས་ཟིན་ལྟ་བུ།དེའང་ཡིན་ཏེ། བྱེ་བྲག་སྨྲ་བས་དངོས་པོ་ནི་གྲུབ་མཐའ་གོང་མ་བཞིན་སྐད་ཅིག་སྐད་ཅིག་ལ་འཇིག་པའི་ཆོས་ཅན་དུ་མི་འདོད་པར་སྐྱེས་པའི་འོག་ཏུ་གནས་པར་འདོད་པ་ནི་སྤྱིའི་དབང་དུ་བྱས་པ་ཡིན་ལ་བྱེ་བྲག་གི་སོ་སོའི་འཇོག་སྟངས་ཐད་མི་འདྲ་བ་དུ་མ་མཆིས་པ་ནི།
      བྱེ་བྲག་སྨྲ་བའི་དུས་གསུམ་འཇོག་ཚུལ་ལ་སློབ་དཔོན་བཞིའི་འདོད་ཚུལ་ཅུང་མི་འདྲ་བར་གྲགས་ཆེ་ཞིང་། ཆོས་མངོན་པ་མཛོད་ལས། “དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད།། ཡོད་པ་སྨྲ་བར་འདོད་དེ་དག། རྣམ་བཞི་དངོས་དང་མཚན་ཉིད་དང་།། གནས་སྐབས་གཞན་གཞན་འགྱུར་ཞེས་བྱ།།” (21) ཞེས་རིམ་བཞིན་བཙུན་པ་ཆོས་སྐྱོབ་དང་བཙུན་པ་དབྱངས་སྒྲོགས། བཙུན་པ་དབྱིག་བཤེས་དང་བཙུན་པ་སངས་རྒྱས་ལྷ་བཅས་ཀྱིས་དུས་གསུམ་ལ་འཇོག་ཚུལ་ཅུང་མི་འདྲ་བར་བྱས་ཀྱང་དུས་གསུམ་རྫས་ཀྱི་བྱེ་བྲག་ཡིན་པ་གཅིག་མཚུངས་ཡིན་པར་མ་ཟད་རྣམ་པ་གཞན་དུ་འགྱུར་བའང་དེ་མཚུངས་སོ།། 1.བཙུན་པ་ཆོས་སྐྱོབ་ཀྱི་ལུགས་ནི་དངོས་པོ་གཞན་དུ་འགྱུར་བར་སྨྲ་བ་ཡིན་ཏེ། “མྱུ་གུ་མ་འོངས་པ་ནས་ད་ལྟར་བ་དང་ད་ལྟར་བ་ནས་འདས་པར་འཇུག་པ་ན་མ་འོངས་པ་དང་ད་ལྟར་བའི་དུས་ཀྱི་དངོས་པོ་འདོར་ (22) གྱི་མ་འོངས་པ་དང་ད་ལྟ་བའི་དུས་ཀྱི་རྫས་མི་འདོར་” (23)ཞེས་རྫས་གཞན་དུ་མི་འགྱུར་ཡང་དངོས་པོ་གཞན་ཉིད་དུ་འགྱུར་བར་འདོད་དེ། གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱེད་ཅེས་པས་ཀྱང་དབྱིབས་དང་རྣམ་པ་འགྱུར་བའི་བྱ་བ་ཙམ་བརྗོད་ན་ཡང་གཞི་དངོས་པོའི་རྒྱུད་ཀྱི་རྫས་འགྱུར་གྱི་མེད་པར་དངོས་པོ་གཞན་དུ་འགྱུར་བ་སྒྲུབ་པར་བྱེད་པ་ལས་དེའི་རྒྱུད་ཀྱི་བྱ་བ་གཙོར་འདོན་གྱི་མེད། སྤྱིར་དངོས་པོ་གཞན་དུ་འགྱུར་བ་ལ་འགྱུར་བའི་རྒྱུ་དང་འགྱུར་བའི་བྱ་བ་ཡོད་ཀྱང་དེ་གཙོ་བོ་མིན་པར་དངོས་པོའི་འགྱུར་བ་ལས་མངོན་པའི་ཆོས་ཉིད་འཚོལ་རྒྱུ་དེ་ཡིན། བྱ་བའི་དུས་གསུམ་གྱིས་གསེར་གྱི་སྣོད་བཅོམ་ནས་རྒྱན་དུ་བྱེད་པ་ལྟ་བུར་བཅོམ་ཞེས་པའི་བྱ་བ་དང་དེ་འདས་ཚིག་ཡིན་ལ་གསེར་སྣོད་བརླག་ནས་གཞན་དུ་བྱེད་པའི་འདས་པ་གཙོར་འཛིན་པ་ལས་དེའི་རྒྱུད་ཀྱི་རྫས་ཀྱི་ངོ་བོ་འགྱུར་གྱི་ཡོད་མེད་གཙོར་མི་འཛིན་ནོ།། 2.བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ནི་མཚན་ཉིད་གཞན་དུ་འགྱུར་བར་སྨྲ་བ་ཡིན་ཏེ། “ཆོས་དུས་རྣམས་སུ་འཇུག་པ་ན་འདས་པ་ནི་འདས་པའི་མཚན་ཉིད་དང་ལྡན་ལ་མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དག་ནི་མི་ལྡན་པ་མ་ཡིན་ནོ།། མ་འོངས་པ་ནི་མ་འོངས་པའི་མཚན་ཉིད་དང་ལྡན་ལ་འདས་པ་ད་ལྟར་བྱུང་བ་དག་ནི་མི་ལྡན་པ་མ་ཡིན་ནོ།། དེ་བཞིན་དུ་ད་ལྟར་བྱུང་བ་ཡང་འདས་པ་དང་མ་འོངས་པ་དག་དང་མི་ལྡན་པ་མ་ཡིན་ཏེ།” (24) ཞེས་དུས་གསུམ་སོ་སོར་མཚན་ཉིད་མི་འདྲ་བ་ཐོབ་ཅིང་མྱུ་གུ་ལ་སོགས་པའི་ཆོས་རྣམས་དུས་གསུམ་དུ་འཇུག་པ་ན་མཚན་ཉིད་གང་ཤས་ཆེ་བའི་སྒོ་ནས་ཐ་སྙད་འཇུག་པར་བྱེད་དེ། མཚན་ཉིད་དང་མཐུན་པར་དུས་ཀྱི་ཐ་སྙད་སྦྱོར་རིགས་པ་གཙོར་འཛིན་པ་ལས་བྱ་བའི་འགྱུར་བ་གཙོར་མི་འཛིན། སྐྱེས་བུ་བུད་མེད་གཅིག་ལ་ཆགས་པ་ཤས་ཆེ་བར་གྱུར་བའི་ཚེ་བུད་མེད་གཞན་ལ་ཆགས་བྲལ་མ་ཡིན་པ་བཞིན་ནོ་ཞེས་གང་གཙོ་ཆེ་བ་དེར་གཞན་གཉིས་ཀྱང་མངོན་ཆུང་གིས་ལྡན་པ་སྒྲུབ་བྱ་ཡིན་པར་མ་ཟད། མཚན་ཉིད་གང་ཤས་ཆེ་ཞེས་མཚན་ཉིད་གཞན་དང་མི་ལྡན་པ་མ་ཡིན་པར་འདོད་ཀྱང་བྱ་བའི་དུས་གསུམ་ལ་བྱ་བའི་འགྱུར་བ་སྟོན་པའི་ཐ་སྙད་གང་གིས་འགྱུར་བའི་སྐབས་དོན་མཚོན་པ་ལས་དེར་གཞན་གཉིས་དང་མི་ལྡན་པ་མ་ཡིན་པའི་ཚུལ་གྱིས་ཞེས་སྨྲ་མི་རིགས་པར་བྱ་བ་གང་དུས་ཀྱི་ཐ་སྙད་གང་གིས་མཚོན་པ་ལས་མཉམ་དུ་བསྲེས་ན་འཆོལ་འགྲོ་བས་སོ།། 3.བཙུན་པ་དབྱིག་བཤེས་ཀྱི་ལུགས་ནི་གནས་སྐབས་གཞན་དུ་འགྱུར་བར་སྨྲ་བ་ཡིན་ཏེ། དུས་གསུམ་འཇོག་ཚུལ་གཞན་གསུམ་ལས་གཙོ་བོ་ཡིན་པར་བཤད་ཅིང་“མྱུ་གུ་ལ་སོགས་པའི་དངོས་པོ་གཅིག་ཉིད་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོར་ཕྱིན་པ་ན་མ་འོངས་པ་ལ་སོགས་པར་འཇོག་” (25) པས་གནས་སྐབས་ཐ་དད་ལ་ལྟོས་ཏེ་དུས་སོ་སོའི་ཐ་སྙད་གཞན་དུ་འགྱུར་གྱི་རྫས་གཞན་དུ་འགྱུར་བ་མ་ཡིན་ལ། གཞན་དུ་འགྱུར་བའི་རྒྱུ་བྱ་བ་སྟེ་བྱ་བའི་དོན་ལ་དམིགས་པའི་ཕྱིར། “ཆོས་ལས་ངོ་བོ་ཐ་དད་པའི་བྱ་བ་འདོད་ན་མྱུ་གུ་སོགས་འདུས་བྱས་སུ་འགྱུར་ལ།ངོ་བོ་གཅིག་ན་བྱ་བ་བྱེད་མི་བྱེད་ཀྱི་གནས་སྐབས་སོ་སོར་མེད་” (26)ཅེས་གྲུབ་མཐའ་གོང་མ་འཛིན་པ་རྣམས་ཀྱིས་དགག་པ་སྐྱོན་ཡོད། བྱ་བ་མི་བྱེད་པ་དང་བྱ་བ་བྱས་ནས་མ་འགག་པ། བྱ་བ་ཞིག་པའི་གནས་སྐབས་གསུམ་ལ་དུས་གསུམ་དུ་བཏགས་ནས་ཡོད་པས་གནས་སྐབས་གཞན་དུ་ཕྱིན་བྱེད་བྱ་བ་བྱེད་མི་བྱེད་ཡིན་ཏེ། ས་བོན་བཏབ་ནས་མ་སྐྱེས་པའི་གནས་སྐབས་ལ་བྱ་བ་མ་བྱས་པས་མ་འོངས་པ་དང་། བྱ་བའི་དུས་གསུམ་ལྟར་ན་སྐྱེ་འགྱུར་གྱི་ཐ་སྙད་ཀྱིས་མཚོན་ཆོག་ཀྱང་། སྐྱེས་ནས་མ་ཞིག་བར་དུ་ད་ལྟ་བ་ཁོ་ནས་མཚོན་མི་བཏུབ་ཅིང་། ཞིག་པ་ནི་དངོས་པོ་ཐལ་བས་སྐྱེས་ཟིན་ལྟ་བུའི་འདས་ཚིག་གིས་ཀྱང་མཚོན་མི་ཐུབ་པས་བྱ་བའི་དོན་ལ་དམིགས་ཀྱང་བྱ་ཚིག་གིས་ཇི་བཞིན་མཚོན་ཐུབ་པ་མ་ཡིན་པས་ཁྱབ་པ་མ་བྱུང་ངོ་།། 4.བཙུན་པ་སངས་རྒྱས་ལྷའི་ལུགས་ནི་གཞན་དང་གཞན་དུ་འགྱུར་བར་སྨྲ་བ་ཡིན་ཏེ། དུས་གསུམ་པོ་སྔ་ཕྱི་གཉིས་ལ་ལྟོས་ནས་གཞན་དང་གཞན་གང་ཡིན་པ་ཚོར་བར་བྱེད་པ་སྟེ། དངོས་པོ་གཅིག་དུས་རྣམས་སུ་འཇུག་པ་ན་དུས་གཅིག་སྔ་ཕྱི་བར་གསུམ་ཕྱེ་དགོས་ཏེ་སྔ་མ་འདས་པ་དང་ད་ལྟ་ལ་ལྟོས་ནས་མ་འོངས་པ་དང་།  ཕྱི་མ་ད་ལྟ་བ་དང་མ་འོངས་པ་ལྟོས་ནས་འདས་པ་དང་། སྔ་མ་འདས་པ་དང་ཕྱི་མ་མ་འོངས་པ་གཉིས་ལ་ལྟོས་ནས་ད་ལྟ་བར་འཇོག་སྟེ། དཔེར་ན། བུད་མེད་ཅིག་ལ་ལྟོས་ས་སོ་སོ་ནས་ལྟོས་ཏེ་མ་དང་བུ་མོར་བརྗོད་ཅེས་པར་ཕྲུ་གུ་དེ་དང་པོ་སྐྱེ་དུས་བུ་མོ་ཡིན་པ་ལས་ཨ་མ་མིན་པ་དང་། ཨ་མ་བྱེད་པའི་མ་འོངས་པ་ཡིན་ལ་ཕྲུ་གུ་བཙས་པ་ནས་ཨ་མའི་ད་ལྟ་བ་ཡིན་པ། དེ་ནས་འཆི་བར་ཞུགས་པས་འདས་པ་ཡིན་པར་འདོད་ཀྱང་། དེར་གཞན་རྣམས་ཀྱིས་དུས་རེ་རེ་ལ་ཡང་དུས་གསུམ་གསུམ་ཚང་བས་དགུར་འགྱུར་ཞེས་སྐྱོན་འཕངས་ཀྱང་འདིར་དུས་གཞན་གཉིས་ཀྱིས་དུས་དེ་ཡིན་པ་གཏན་ལ་དབབ་བྱེད་ཅིག་ལས་དུས་དགུར་འགྱུར་ངེས་མེད་དེ། མ་འོངས་གཏན་ལ་ཕབ་པར་འདས་པ་དང་ད་ལྟ་ཡིན་ན་འདས་པ་དང་ད་ལྟའི་སྐབས་སོ་སོར་ཡང་དེ་ལས་འདའ་བར་མི་འགྱུར་ཞིང་། སྐབས་མི་འདྲ་བའི་དུས་གཅིག་གིས་གཞན་གཉིས་པོ་ངོས་འཛིན་པའི་མཐུན་རྐྱེན་བྱེད་པ་ལས་སོ་སོར་རང་མཚན་པའི་གསུམ་གསུམ་དུ་ཡོད་པར་མི་བཞེད་པ་འདྲ། འདི་དང་བྱ་བའི་དུས་གསུམ་ཅུང་མི་འདྲ་སྟེ། བྱ་བའི་དུས་གསུམ་ལྟོས་ས་སོ་སོར་ལྟོས་ན་རུང་ཡང་བྱ་བ་བྱས་མ་བྱས་དང་འགྱུར་བ་གཙོ་བོ་ཡིན་པར་མ་ཟད་བུ་མོ་དེ་ཨ་མའི་མ་འོངས་པ་ཡིན་ཡང་བུ་མོའི་གནས་སྐབས་ད་ལྟ་བ་ཡིན་པ་དང་། རྗེས་ནས་བུ་བསྐྱེད་པ་ནི་བུ་མོའི་འདས་པ་ཡིན་པ་ལས་ད་ལྟར་མི་འགྱུར་བ་ལྟ་བུའི་ཁྱད་པར་ཡོད་དོ།།
      གཉིས། མདོ་སེམས་དབུ་མ་རང་རྒྱུད་པའི་དངོས་པོའི་དུས་གསུམ་དང་བྱ་བའི་དུས་གསུམ་གྱི་ཁྱད་པར། “ཆོས་ཀུན་ད་ལྟ་གོང་འོག་ཚུལ་མང་ཡང་།།འདུས་བྱས་ད་ལྟ་དོན་གཅིག་གྲུབ་མཐའ་གསུམ།།” (27) ཞེས་མདོ་སྡེ་ལུགས་ཀྱི་དུས་གསུམ་གྱི་འདོད་ཚུལ་དབུ་སེམས་གཉིས་ཀྱིས་ཀྱང་ཚུལ་ཇི་ལྟར་ཁས་ལེན་འཛིན་གྱི་ཡོད་དེ།དངོས་པོ་སྐྱེ་བའི་རྒྱུ་ཡོད་ཀྱང་(28)རྐྱེན་མ་ཚང་བའི་དབང་གིས་རེ་ཞིག་མ་སྐྱེས་པའི་ཆར་གྱུར་བའི་མེད་དགག་དེ་མ་འོངས་པའི་མཚན་ཉིད་དང་། སྐྱེས་ལ་མ་འགག་པ་ད་ལྟ་བའི་མཚན་ཉིད། ཞིག་པའི་ཆར་གྱུར་བའི་མེད་དགག་དེ་འདས་པའི་མཚན་ཉིད་དུ་འདོད་དེ། འདས་པ་དང་མ་འོངས་པ་གཉིས་རྟག་པ་དང་མེད་དགག་གིས་ཁྱབ་པ་དང་ད་ལྟ་བ་དང་དངོས་པོ་དོན་གཅིག་ཏུ་བཞེད་ཅིང་། མེད་དགག་དང་རྟག་པར་བཞེད་དོན་ནི་དངོས་པོ་གཅིག་ཞིག་པ་ན་དེའི་ཆ་ཤས་ཀྱི་དངོས་པོ་ཐམས་ཅད་འགག་པས་དངོས་གཞན་གང་ཡང་མ་ཐོབ་པ་དང། རེ་ཞིག་མ་སྐྱེས་པའི་ཆ་དེ་མྱུ་གུ་སྐྱེ་བ་བཀག་ཙམ་གྱི་ཆ་ཡིན་ལ་ཆོས་གཞན་མ་སྐྱེས་པའི་ཆ་མིན་ན་མ་འོངས་པ་མ་ཡིན་པས་ངོ་བོ་རྟག་པ་ཡིན་པར་འདོད་པས་བྱ་བའི་དུས་གསུམ་དང་སྦྱར་ན། མྱུ་གུ་ལྟ་བུའི་དངོས་པོ་གང་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རེ་ཞིག་མ་སྐྱེས་པ་ལ་སྐྱེ་བར་འགྱུར་ལྟ་བུའི་མིང་གིས་མཚོན་ཐུབ་ཀྱང་། སྐྱེས་ལ་མ་འགག་པར་སྐྱེས་ཟིན་ལྟ་བུའི་འདས་ཚིག་གིས་མཚོན་པ་ལས་ད་ལྟའི་ཚིག་གིས་མཚོན་མི་ནུས་ཏེ། དངོས་པོའི་དུས་གསུམ་གྱིས་དངོས་པོའི་སྐྱེ་གནས་འཇིག་གསུམ་མཚོན་པ་དང་ད་ལྟ་བས་དེའི་གནས་ཆ་གཙོར་འཛིན་ཞིང་། ད་ལྟ་བ་ཡིན་ན་དངོས་པོ་ཡིན་པར་འདོད་པས་བྱ་བའི་དོན་ལ་མ་དམིགས་ཤིང་བྱ་བ་ཡིན་ན་འགྱུར་བའི་རང་བཞིན་ཞིག་ཏུ་ངོས་འཛིན་པས་དེ་ལྟའི་གནས་ཆ་ལ་ད་ལྟའི་ཚིག་སྦྱོར་མི་རིགས། བྱ་བ་ལྟར་ན་གང་ཞིག་སྐྱེ་བཞིན་པའི་དུས་ཀྱི་དོན་ཅན་ལ་ད་ལྟའི་ཚིག་སྦྱོར་བ་ལས་དངོས་པོ་ཐམས་ཅད་ད་ལྟར་ག་ལ་རུང་། དེ་བཞིན་འབྲས་དུས་ཀྱི་སྐྱེས་ཟིན་འགག་པའི་ཆ་དེ། འདས་ཚིག་ཁོ་ནས་མཚོན་མི་ནུས་ཏེ། སྐྱེན་ཟིན་ཙམ་ནི་སྐྱེས་ལ་མ་འགག་པ་ད་ལྟ་བ་ཡིན་པ་ལས་འདས་པ་མིན་པ་དང་སྐྱེས་ཟིན་འགག་པ་ད་གཟོད་འདས་པ་ཡིན་ལ་གོང་གི་མ་སྐྱེས་པ་སྐྱེ་བ་དང་སྐྱེས་ནས་འགག་པ་ནི་གཞི་གཅིག་པའི་བྱ་བའི་ལས་རིམ་(སྐྱེ་འགྱུར། སྐྱེ་བཞིན་པ། སྐྱེས་ཟིན།)དེ་གསུམ་དུ་མི་གཏོགས་པར་ལས་རིམ་གཞན་ཞིག་ཏུ་ཕྱིན་པས་སོ།། དངོས་པོའི་དུས་གསུམ་གྱིས་དངོས་པོའི་སྐྱེ་གནས་འཇིག་གསུམ་ཁོ་ན་ལ་དུས་གསུམ་གྱི་ཐ་སྙད་སྦྱོར་གྱི་ཡོད་ཀྱང་། བྱ་བའི་དུས་གསུམ་གྱིས་དངོས་པོའི་རྒྱུ་དུས་ནས་ཞིག་ཟིན་བར་གྱི་གནས་སྐབས་སོ་སོར་རང་མཚན་པའི་དུས་གསུམ་གསུམ་གང་རུང་སྦྱར་ཆོག་པ་དང་། ཡང་ན། བྱེད་པོ་སེམས་ཅན་གྱི་ལས་ཀྱི་རྩོལ་བ་དང་ལུས་སེམས་ཀྱི་ཉམས་འགྱུར་དང་བྱ་སྤྱོད་མང་པོ་བྱ་བའི་དུས་གསུམ་དུ་གཏོགས་ཀྱང་དངོས་པོའི་དུས་གསུམ་དུ་མི་གཏོགས་ཏེ། ད་ལྟ་བ་ཡིན་ན་དངོས་པོ་ཡིན་པས་རྒྱུ་དུས་ཀྱི་སྐད་ཅིག་གཉིས་པ་ནས་ཞིག་དུས་ཀྱི་སྐད་ཅིག་དང་པོའི་བར་དུས་གཞན་དབྱེ་རྒྱུ་མེད་པའི་ཕྱིར་དང་། བྱ་བའི་དུས་གསུམ་ལ་སྐབས་འགར་སྐུལ་ཚིག་འདྲེན་རྒྱུ་ཡོད་ཀྱང་དངོས་པོའི་དུས་གསུམ་ལ་འདྲེན་རྒྱུ་མེད་དེ། དངོས་པོ་གྲུབ་ཅིག་དང་རང་ཞིག་ཅིག་ལྟ་བུ་སྦྱོར་མི་རིགས་པར་མ་ཟད་བྱ་བའི་དུས་གསུམ་ལ་གཟུགས་འགྱུར་དང་མི་འགྱུར་གྱི་ཁྱད་པར་ཡང་ཡོད་པ་ནི་བྱ་བའི་མིང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ནོ།། གཞན་བརྡ་སྤྲོད་པའི་གཞུང་རྣམས་སུ་བྱ་བའི་དུས་གསུམ་ལ་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་བ་ཁྱད་ཆོས་མ་ཡིན་ནམ་ཞེ་ན། བརྟག་པར་བྱ་བའི་གནས་ཤིག་ཡོད་དེ་བྱ་བ་བརྗོད་པའི་མིང་ལ་བྱ་བའི་འདས་མ་འོངས་ད་ལྟ་གསུམ་ཡོད་པས་བྱ་བའི་སྐབས་དོན་གང་མཚོན་པའི་གཏན་འཇགས་ཀྱི་ཐ་སྙད་གཅིག་ཡོད་པ་ལས་གཉིས་མི་འབྱུང་ཞིང་། ཚིག་གི་ཁོར་ཡུག་ལ་ལྟོས་ནས་བཏགས་པ་ནི་རྗོད་པའི་དགོས་དབང་ཡིན་གྱི་སྤྱིར་ཐ་སྙད་རང་ངོས་སུ་ཡོད་པ་མ་ཡིན། (29)དེར་བརྟེན།  བྱ་བའི་དུས་གསུམ་གྱིས་དངོས་པོའི་དུས་གསུམ་ཇི་བཞིན་མཚོན་མི་ནུས་ཏེ། གཅིག་གིས་དངོས་པོའི་སྐྱེ་གནས་འཇིག་གསུམ་གྱི་ཆ་ལ་བཞེད་པ་ལས་དངོས་པོའི་འཕོ་འགྱུར་ཁོ་ན་སྟོན་པས་མ་ཁྱབ་ལ། བྱ་བའི་དུས་གསུམ་གྱིས་དངོས་པོའི་འཕོ་འགྱུར་ཁོ་ན་སྟོན་པས་ཁྱབ་པས་སོ།།
      གསུམ། དབུ་མ་ཐལ་འགྱུར་བའི་དངོས་པོའི་དུས་གསུམ་དང་བྱ་བའི་དུས་གསུམ་གྱི་ཁྱད་པར། དབུ་མ་ཐལ་འགྱུར་བས་དུས་གསུམ་དངོས་པོར་བཞེད་ཀྱང་མྱུ་གུ་མ་འོངས་པ་དང་མྱུ་གུ་འདས་པའི་དུས་སུ་ཡང་མྱུ་གུ་ཡོད་ཅེས་བྱེ་བྲག་སྨྲ་བ་དང་མི་འདྲ་བ་དུས་གསུམ་སྨྲ་བ་རྣམས་ཀྱིས་བཤད་ཅིང་། དབུ་མ་རང་བརྒྱུད་པའི་ཁྱད་ཆོས་གཙོ་བོ་ནི་དུས་གསུམ་དངོས་པོ་ཡིན་པར་འདོད་པ་མ་ཟད་གཞི་ཆོས་ཅན་གྱི་དངོས་པོ་གཅིག་གི་སྟེང་གི་གནས་སྐབས་ཐ་དད་པར་དུས་གསུམ་ཞེས་ལྟོས་ས་སོ་སོར་ལྟོས་ནས་བཏགས་པའི་རྟོག་པའི་ལྟོས་འཇོག་ཅིག་ཡིན་པ་ལས་ཆོས་ལ་མ་བརྟེན་པར་རང་མཚན་དུ་ཡོད་པར་མི་བཞེད། དབུ་མ་བས་དུས་གསུམ་གྱི་མཚན་ཉིད་ལ་བཞི་བརྒྱ་བའི་འགྲེལ་བར། “དེ་ལྟར་མ་འོངས་པ་ནི་ད་ལྟར་བྱུང་བའི་དུས་སུ་མ་ཕྱིན་པའོ།། འདས་པ་ནི་དེ་ཉིད་ལས་འདས་པའོ།། ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགགས་པའོ།། ད་ལྟར་བ་ནི་ད་ལྟར་དམིགས་པའི་ཕྱིར་གཙོ་བོ་ཡིན་གྱི། དེར་མ་འོངས་པ་དང་བརྒལ་བ་དག་གིས་མ་འོངས་པ་དང་འདས་པའི་དུས་གཉིས་རྣམ་པར་འཇོག་པ་ནི་གཙོ་བོ་མ་ཡིན་ནོ།།” (30) ཞེས་ད་ལྟ་བ་གཙོ་བོ་ཡིན་པ་བྱ་བའི་མིང་དང་མཚུངས་ཤིང་། བྱ་བའི་མིང་གིས་ཀྱང་ད་ལྟ་ལས་བཞིན་པའི་སྔ་ཆ་འདས་པ་དང་ཕྱི་ཆ་འགྲུབ་འགྱུར་མ་འོངས་པར་འཇོག་མོད། སྔ་ཕྱི་དབྱེ་བྱེད་ད་ལྟའི་ལས་ལ་བརྟེན་ནས་འབྱེད་དགོས་པས་ད་ལྟ་བ་དུས་གསུམ་གྱི་གཙོ་བོ་ཡིན། དབུ་མ་བས་ཀྱང་མྱུ་གུ་ལྟ་བུ་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བས་མ་སྐྱེས་པ་མ་འོངས་པ་དང་། སྐྱེས་ལ་མ་འགག་པ་ད་ལྟ་བ། མྱུ་གུ་ཞིག་པ་འདས་པར་འཇོག་པས་མདོ་སེམས་དབུ་མ་རང་རྒྱུད་པ་དང་མཐུན་པར་བརྟེན་བྱ་བའི་མིང་གིས་མཚོན་པར་གྱུར་ན་གོང་དང་གཅིག་པ་ཡིན་པས་བཟློས་པའི་ངལ་བ་མི་བྱེད་ཅིང་། དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པ་ནི་ཞིག་པ་དངོས་པོར་འདོད་པས་དེའི་ངོས་ནས་ཅུང་ཟད་སྤྲོས་ན། སྤྱིར་ཞིག་པ་ནི་བྱ་བ་ལས་རིམ་གཞན་ཞིག་ཏུ་འཕེལ་བ་ཡིན་པས་ལས་རིམ་གཅིག་གི་བྱ་བའི་དུས་གསུམ་དུ་མི་གཏོགས་པ་གོང་དུ་སྨྲས་ཟིན་ཞིང་། ཞིག་པ་དངོས་པོར་སྒྲུབ་པར་དོན་བྱེད་ནུས་མིན་གྱི་ཆར་དོན་སྣང་བྱེད་པ་ལས་ལས་ཀྱི་འཕོ་འགྱུར་གཞི་གཙོ་བོ་མིན་ཏེ། མར་མེ་ཤི་བས་མུན་པ་བསྐྱེད་པ་ནི་མར་མེ་ཤི་བ་འདས་པ་ཡིན་ལ་དེས་འབྲས་བུ་མུན་པ་བསྐྱེད་པ་ཡིན་ཡང་། བྱ་བའི་དུས་གསུམ་གྱིས་མར་མེ་ཤི་བའི་སྔ་ཕྱི་བར་གསུམ་གྱི་འཆི་ལ་ཉེ། འཆི་བཞིན་ཡོད།ཤི་ཟིན་ལྟ་བུ་ལས་གཞི་གཅིག་གི་སྟེང་དུ་སྦྱར་བ་ལས་དེས་མུན་པ་བསྐྱེད་མ་བསྐྱེད་དང་འབྲེལ་བ་ཡེ་ནས་མེད། གལ་ཏེ་མུན་པ་བསྐྱེད་པ་མར་མེ་ཤི་བའི་རྒྱུ་ཡིན་པས་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་ཅན་ཡོད་ཅེས་སྨྲས་ན་ཆོག་ཀྱང་། བྱ་བའི་དུས་གསུམ་གྱིས་རྒྱུས་འབྲས་བུ་གང་བསྐྱེད་པ་ལ་ལྟོས་པ་མེད་པར་རྒྱུ་ནས་འབྲས་བུར་གྱུར་བའི་བར་གྱི་བྱ་བའི་གོ་རིམ་ཁོ་ནར་དམིགས་པས་གང་གིས་གང་བསྐྱེད་པར་དོ་སྣང་བྱེད་ཀྱིན་མེད། དེ་ལྟར་མུན་པ་ཡང་མུན་པའི་ལས་རིམ་ཁོ་ནར་སྦྱོར་བ་ལས་སྔ་མའི་མར་མེ་དང་མི་འབྲེལ་བར། མུན་པ་བསྐྱེད་ལ་ཉེ། མུན་པ་སྐྱེད་བཞིན་ཡོད། མུན་པ་བསྐྱེད་ཟིན་ཞེས་ཏེ། བྱ་བའི་དུས་གསུམ་གྱིས་མར་མེ་ཤི་ཞེས་པའི་ཤི་བའི་བྱ་ཚིག་དང་མུན་པ་བསྐྱེད་ཅེས་པའི་བསྐྱེད་པའི་བྱ་ཚིག་ལ་དམིགས་པ་མ་གཏོགས་མར་མེ་ཤི་བའི་རྒྱུས་མུན་པ་འབྲས་བུ་བསྐྱེད་པ་ནི་དབུ་མ་ཐལ་འགྱུར་བའི་དོན་དུ་གཉེར་བྱ་ཡིན་པས་རྒྱུ་འབྲས་ཀྱི་འབྲེལ་བ་ལ་བརྟེན་ཅིང་། བྱ་བའི་དུས་གསུམ་གྱིས་རྒྱུ་གང་གིས་འབྲས་བུ་བསྐྱེད་མིན་ཡུལ་གཙོ་བོ་མིན་པར་བྱུང་བའི་བྱ་བ་དེ་འབྱུང་ལ་ཉེ་དང་འབྱུང་བཞིན་པ། བྱུང་ཟིན་པའི་སྔ་ཕྱི་བར་གསུམ་གཙོ་བོ་ཡིན་ནོ།།
      བཞི། དུས་གསུམ་གྱི་སྔ་ཕྱིའི་རིམ་པ་འཇོག་ཚུལ་གྱི་ཁྱད་པར། དུས་གསུམ་གྱི་སྔ་ཕྱིའི་རིམ་པ་འཇོག་ཚུལ་ལ་དངོས་པོའི་དུས་གསུམ་(གྲུབ་མཐའ་རྣམ་བཞི་)དུ་མ་འོངས་པ་དང་ད་ལྟ་བ། འདས་པ་ཞེས་རིམ་ཅན་དུ་འཇོག་པ་དང་། བྱ་བའི་དུས་གསུམ་དུ་འདས་པ་དང་ད་ལྟ་བ། མ་འོངས་པ་ཞེས་རིམ་ཅན་དུ་འཇོག་པ་ནི་གཞུང་གཉིས་ཀྱི་སྤྱིའི་མི་མཐུན་ས་ཡིན་པར་མ་ཟད་རང་རང་གི་ཐུན་མོང་མ་ཡིན་པ་ཡང་ཡིན་ལ། གཞུང་གཉིས་ཀས་མ་འོངས་པ་ཞེས་བརྗོད་པའི་ཚེ་ན་འབྱུང་འགྱུར་གྱི་དོན་ལ་ཕྱོགས་པ་འདྲ་ཡང་བྱ་བའི་དུས་གསུམ་གྱིས་ད་ལྟར་བའི་བྱ་བ་དེའི་གནས་ཚུལ་ལམ་སྣང་ཚུལ་གཞིར་བཟུང་དམིགས་ཡུལ་དེར་མ་སླེབས་པའམ་ཡང་ན་དོན་དེ་མ་འགྲུབ་པར་ཡོད་པས་ད་ལྟའི་ཕྱི་མ་འགྲུབ་འགྱུར་གྱི་ཕྱོགས་སུ་གནས་ཤིང་། དངོས་པོའི་དུས་གསུམ་གྱིས་དངོས་པོ་སྤྱིའི་དབང་དུ་བྱས་ཏེ་ད་ལྟ་ལ་ལྟོས་ཤིང་དེའི་སྔ་ལོགས་ཀྱི་དངོས་པོ་རྒྱུ་དུས་སུ་གནས་པ་སྟེ། དངོས་གཞན་གང་ཡང་མ་བསྐྱེད་པའི་སྐབས་ལ་དངོས་པོའི་མ་འོངས་པ་ཞེས་བྱ། འདས་པ་ཡང་དེ་བཞིན་དུ་དོན་དེ་འགྲུབ་ཟིན་པའམ་ཐལ་ཟིན་པའི་ཕྱོགས་སུ་དམིགས་པ་མཚུངས་ཀྱང་། བྱ་བའི་དུས་གསུམ་གྱིས་ད་ལྟར་བའི་བྱ་བའི་སྔ་ལོགས་སུ་གནས་པའི་རྒྱུ་ཚོགས་ཀྱི་རིམ་པར་འཇོག་པ་དང་། དངོས་པོའི་དུས་གསུམ་གྱིས་དངོས་པོ་ཞིག་པའི་སྐད་ཅིག་གཉིས་པ་ནས་འདས་པར་འཇོག་པས་ད་ལྟའི་ཕྱི་ལོགས་སུ་གྲུབ་པར་སྨྲ། དེར་བརྟེན། སྔ་ཕྱི་བགྲང་ཚུལ་གྱི་ཁྱད་པར་ནི་དངོས་པོའི་དུས་གསུམ་གྱིས་དངོས་པོ་སྤྱིའི་འགྱུར་བར་གཞོལ་ཞིང་དངོས་པོའི་ཆོས་ཉིད་གཏན་ལ་འབེབས་པས་ཡིན་ཏེ། དངོས་པོ་གང་ཞིག་ད་ཆ་རྒྱུ་དུས་སུ་ཡོད་པས་མ་སྐྱེས་པ་དང་། སྐྱེས་ནས་མ་འགག་པ། དངོས་པོ་ཞིག་ཟིན་པའི་ཆ་ཞེས་དངོས་པོའི་སྐྱེ་འཇིག་གནས་གསུམ་སྤྱིའི་དབང་གིས་བཏགས་པ་ཡིན་གྱི་གནས་སྐབས་ཕྲ་མོར་ལྟོས་པ་མིན་ལ། བྱ་བའི་དུས་གསུམ་གྱིས་སྣང་ཚུལ་བྱེ་བྲག་པ་གཅིག་གི་ད་ལྟའི་བྱ་བར་ལྟོས་ཏེ་དེའི་སྔ་ཆའི་རིམ་པ་འདས་པ་དང་། ཕྱི་མ་དམིགས་པའི་དོན་དེར་འགྲུབ་འགྱུར་དང་ད་ཆ་ད་ལྟའི་དུས་སུ་ཚད་དེར་ལོན་མེད་པ་མ་འོངས་པར་འཇོག་པས་གནས་སྐབས་ཕྲ་མོར་ལྟོས་པ་ཡིན་ནོ།། ད་དུང་ཞིབ་ཕྲ་འབྱེད་ས་གཞན་ཞིག་ཡོད་པ་ནི་དངོས་པོ་སྤྱིའི་ཆོས་ཉིད་ཀྱི་དབང་གིས་དངོས་པོའི་དུས་གསུམ་སྟེ། མ་འོངས་པ་དང་ད་ལྟ་བ། འདས་པ་ཞེས་རིམ་ཅན་དུ་འཇོག་མོད། དེར་འཇིག་རྟེན་སྤྱི་ལ་གྲགས་པའམ་ཐུན་མོང་གི་བློས་དངོས་པོའི་དུས་གསུམ་དབྱེ་བ་ལ་དངོས་པོའི་མ་འོངས་པ་ (31) ནི་ད་ལྟའི་དངོས་པོར་ལྟོས་ཏེ་འདས་པ་ཡིན་པ་དང་། དངོས་པོའི་འདས་པ་ནི་ད་ལྟའི་དངོས་པོར་ལྟོས་ཏེ་མ་འོངས་པ་ཡིན་པའི་གནད་ཀྱང་ཤེས་དགོས་སོ།།

      གསུམ་པ། དངོས་པོའི་དུས་གསུམ་དང་བྱ་བའི་དུས་གསུམ་བར་གྱི་འབྲེལ་བ། 
      གོང་དུ་བྱ་བའི་དུས་གསུམ་དང་དངོས་པོའི་དུས་གསུམ་གྱི་ཁྱད་པར་ཁོ་ན་ལ་ལྟོས་པས་དེ་གཉིས་བར་དུ་འབྲེལ་བ་ཡོད་པ་མ་རེད་དམ་ཞེ་ན། མ་ཡིན་པར་དངོས་པོའི་དུས་གསུམ་གྱིས་དངོས་པོའི་སྐྱེ་འཇིག་གནས་གསུམ་མཚོན་གྱི་ཡོད་པ་དང་། དངོས་པོའི་སྐྱེ་འཇིག་གནས་གསུམ་ཡང་བྱ་བའི་འགྱུར་བ་དང་བྲལ་དུ་མེད་ཅིང་། འགྱུར་བ་ནི་བྱ་བའི་མིང་གི་བརྗོད་བྱ་གཙོ་བོ་ཡིན་པས་དངོས་པོའི་འགྱུར་བ་ནི་བྱ་བའི་མིང་གི་བྱེ་བྲག་ཅིག་སྟེ། བྱ་ཚིག་གི་ངོ་བོ་ནི་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་གང་ཡིན་རུང་བྱ་བ་བརྗོད་པའི་ཚིག་ཡིན་པས། དངོས་པོའི་འཕོ་འགྱུར་གྱི་རྣམ་པ་དང་སྣང་ཚུལ་བསམ་སྦྱོར་སོགས་གཞིར་བཟུང་རྗོད་པ་ངག་གི་ཕྲེང་བར་སྤེལ་བའི་ཐབས་ཤིག་ཡིན་པས། བརྡ་སྤྲོད་ཀྱི་གཞུང་རྣམས་སུ་དུས་གསུམ་གྱི་དབྱེ་བས་ནི་བྱེད་ལས་དང་འབྲེལ་བའི་ངག་གི་སྦྱོར་བ་ཀུན་ལ་ཁྱབ་ཅེས་པ་ཡང་དེར་ཐུག་པས་སོ།། སྤྱིར་དངོས་པོའི་དུས་གསུམ་དང་བྱ་བའི་དུས་གསུམ་ནི་ལྟོས་ས་སོ་སོར་ལྟོས་པས་གཞུང་དོན་གྱི་གོ་བ་མི་འདྲ་བར་རང་རང་ལུགས་ཀྱི་དུས་གསུམ་གྱི་འདོད་པ་རེ་ཡོད་ཅིང་། ཕན་ཚུན་བསྡུར་ཏེ་དཔྱད་ན་ད་གཟོད་སོ་སོའི་ཐུན་མིན་གྱི་ཆོས་མངོན་པར་བྱེད་པས་མིང་འདྲ་བ་ཙམ་གྱིས་དོན་གཅིག་པའི་ངེས་པ་མ་མཆིས་མོད། གཞུང་གཉིས་ཀྱིས་མཚོན་པའི་དུས་ལ་ངེས་ཅན་གྱི་ངོ་བོ་དང་མཚན་ཉིད་ཅིག་དགོས་པས་ན་དུས་ནི་ལྡན་མིན་འདུ་བྱེད་ཅིག་སྟེ་དངོས་པོ་ལ་མ་བརྟེན་པར་གཞི་མི་གྲུབ་ཅིང་། གཞི་དངོས་པོའི་རྒྱུ་འབྲས་ཀྱི་སྣང་བར་བརྟེན་དུས་ཀྱི་ཐ་སྙད་འདིའི་གདགས་དོན་བཙལ་ཞིང་དུས་གཞི་གྲུབ་པར་བྱེད་པ་ནི། མཚན་ཉིད་དང་རྒྱུ་མཚན་གཏན་ཚིགས་ཀྱི་ལམ་ནས་དུས་ཀྱི་ངོ་བོ་གཏན་ལ་ཕབ་པ་ཡིན་པས། བྱ་བའི་དུས་གསུམ་གྱི་དུས་ཀྱི་རྩ་བའང་འདིར་ཐུགས་ཡོད་དེ། བྱ་བ་ཞེས་དངོས་པོའི་འཕོ་འགྱུར་དང་ལུས་སེམས་ཀྱི་ཉམས་འགྱུར་གང་ཡིན་རུང་གཞི་དུས་དང་བྲལ་དུ་མེད་ཅིང་དེའི་རྒྱུད་ཀྱི་བྱ་བ་ཙམ་གྱིས་དུས་ནི་འདིའོ་ཞེས་ངོ་བོ་དང་མཚན་ཉིད་གཏན་ལ་འབེབ་མི་ཐུབ་ཅིང་། དུས་གྲུབ་པར་ཡང་བྱེད་མི་ཐུབ་པས་བྱ་བའི་དུས་གསུམ་ཡང་མཐར་གཏུགས་ན་དངོས་པོའི་དུས་གསུམ་གྱིས་གཏན་ལ་ཕབ་པའི་དུས་ཀྱི་གདགས་དོན་ལ་བརྟེན་དགོས་པ་ནི་ཕན་ཚུན་གྱི་འབྲེལ་བའོ།།
      མཆན་འགྲེལ།
①西北民族大学研究生科研创新项目(项目号:yxm2016066) 。
②དངོས་པོའི་དུས་གསུམ་ནི་ནང་པའི་གྲུབ་མཐའ་བཞིས་དངོས་པོའི་སྐྱེ་གནས་འཇིག་གསུམ་གཞིར་བཅས་དངོས་པོའི་ཆོས་ཉིད་དང་རང་བཞིན་ལ་དཔྱད་དེ་དངོས་པོའི་ངོ་བོ་གཏན་ལ་འབེབས་བྱེད་ཀྱི་རིག་པ་ཞིག་ཡིན་པས་དངོས་པོའི་དུས་གསུམ་ཞེས་ཀྱང་ཟེར།
③དུས་ཀྱི་དུས་གསུམ་ནི་དངོས་པོ་ལ་སོགས་པ་བསྐྱེད་པའི་ཡུན་རིང་ཐུང་གི་སྒོ་ནས་བཞག་པའི་དུས་གསུམ་ལའོ།།
④གུ་རུ་ཨུ་རྒྱལ་གླིང་བས་བཏོན་པའི་《བཀའ་ཐང་སྡེ་ལྔ》 མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་12པའི་པར་གཞི། ཤོག་ངོས་117པར་གསལ།
⑤མདོ་སེམས་དབུ་མ་རང་རྒྱུད་པའི་ལུགས་གཙོར་འཛིན་པའི་རྒྱུ་མཚན་ནི། གསང་ཕུ་དགོན་པའི་མཁས་པ་མང་ཆེ་བ་དབུ་མ་རང་རྒྱུད་པ་ཡིན་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་《དབུ་མ་ཤེས་རབ་སྒྲོན་མེ་》གཞུང་གི་སྦྱང་བྱ་གཙོ་བོ་ཡིན་པར་མ་ཟད། མཁས་གྲུབ་རྗེའི་《དབུ་མའི་སྟོང་ཐུན་》དུའང་རྒྱ་གར་དུ་ཟླ་གྲགས་ཀྱི་མཚན་ནས་བཟུང་སྟེ་དགག་ཕོད་མཁན་མེད་ན་ཡང་། བོད་དུ་ཁོང་གི་མཚན་ནས་བཟུང་སྟེ་བཀག་པ་ནི་བླུན་པོ་ཉིད་དུ་གོའོ་ཞེས་ཕྱྭ་བས་དཔལ་ལྡན་ཟླ་བ་གྲགས་པ་བཀག་པར་ཟུར་ཟ་བྱས་པ་གང་ནས་ཀྱང་གསང་ཕུ་དབུ་མ་ཐལ་འགྱུར་བ་མིན་པར་དབུ་མ་རང་རྒྱུད་པའི་ལུགས་གཙོ་བོར་འཛིན་པས་དུས་གསུམ་གྱི་འདོད་པའང་དེ་ལྟར་བཞག་གོ།
⑥དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་བ་མཛད། གོ་རམས་པ་བསོད་ནམས་སེང་གེས་འགྲེལ་བ་མཛད་པའི་《དབུ་མ་རྩ་བ་ཤེས་རབ་རྩ་འགྲེལ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ་2པའི་པར་གཞི། ཤོག་ངོས་10པར་གསལ།
⑦བྱ་བ་ལ་འདས་མ་འོངས་ད་ལྟ་གསུམ་དུ་མ་ཟད་སྐུལ་ཚིག་ཀྱང་སྣོན་པས་བཞི་རུ་འགྱུར་མོད་དུས་གསུམ་ཞེས་པ་ལས་བཞིར་བགོས་མེད་པས་ན་བྱ་བ་མ་འགྲུབ་ཅིང་འགྲུབ་འགྱུར་གྱི་ལས་ལ་བློ་ཕྱོགས་སུ་འཇུག་པར་སྐུལ་བས་མ་འོངས་པའི་ཁོངས་སུ་བསྡུ།
⑧གྲངས་ཅན་པ་ཁག་ཅིག་གིས་ལྷ་ཁས་ལེན་གྱི་ཡོད་པ་དང་ཁག་ཅིག་གིས་ཁས་ལེན་གྱི་མེད་པ་སྟེ་སྤྱི་གཙོ་བོ་ཟེར་བ་ནི་ཤེས་བྱ་ཐམས་ཅད་ཀྱི་བྱེད་པོ་མིན་ཏེ་སེམས་མེད་ཡིན་སྟབས་རྣམ་འགྱུར་འདྲ་མིན་སྟོན་མི་ཐུབ་པས་འཇིག་རྟེན་གྱི་རྣམ་འགྱུར་སྣ་ཚོགས་དང་ཤེས་བྱ་སྣ་ཚོགས་ཀྱི་བྱེད་པོ་སེམས་ལྡན་ཞིག་དགོས་པར་འདོད་པས་དེ་ནི་ལྷ་དབང་ཕྱུག་ཡིན་ཟེར་བས་གྲངས་ཅན་ལྷར་བཅས་པ་དང་། སྤྱི་གཙོ་བོ་ཙམ་ལས་རྣམ་འགྱུར་སྣ་ཚོགས་འབྱུང་བར་འདོད་པས་ལྷ་མེད་པ་ཞེས་སྨྲའོ།།
⑨⑩⑾ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་《གྲུབ་མཐའ་ཆེན་མོ》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། ཤོག་ངོས་82དང་། ཤོག་ངོས་4ནས་5བར་དུ་གསལ།
⑿དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《གྲུབ་མཐའི་སྐོར་གྱི་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ་3པའི་པར་གཞི། ཤོག་ངོས་10པར་གསལ།
⒀ཁྱབ་དང་མ་ཁྱབ་ཅེས་པའི་དོན་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་མ་ཁྱབ་བམ་ཡང་ན་ཡུལ་གྲུ་གང་སར་ཁྱབ་མ་ཁྱབ་ཅེས་པའི་དོན་ཡིན་པ་འདྲ།
⒁⒂སློབ་དཔོན་ལེགས་ལྡན་འབྱེད་ཀྱི་《དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བའི་》 སྨད་ཆ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། 2011ལོའི་ཟླ་8པའི་པར་གཞི། ཤོག་ངོས་124དང་122སུ་གསལ།
⒃ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས་པའི་《ཚན་རིག་དང་ལྟ་གྲུབ་ཀུན་བཏུས》པོད་དང་པོ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དཔར། 2014ལོའི་པར་གཞི། ཤོག་ངོས་221པར་གསལ།
⒄ 《ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས》དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་3པའི་པར་གཞི། ཤོག་ངོས་197པར་གསལ།
⒅《བསྟན་འགྱུར》 མངོན་པ་ཀུན་བཏུས། དེབ76པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་9པའི་པར་གཞི། ཤོག་ངོས་136པར་གསལ།
⒆ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་《གྲུབ་མཐའ་ཆེན་མོ》 སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས། ཤོག་ངོས་601པར་གསལ།
⒇ ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྲིགས་པའི་《ཚན་རིག་དང་ལྟ་གྲུབ་ཀུན་བཏུས》 པོད་དང་པོ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དཔར། 2014ལོའི་པར་གཞི། ཤོག་ངོས་223པར་གསལ།
(21)(24)《བསྟན་འགྱུར》 མངོན་པ། དེབ་79པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་9པའི་པར་གཞི། ཤོག་ངོས་38དང་588པར་གསལ།
(22)དངོས་པོ་འདོར་ཞེས་པ་ནི་གཞན་དུ་མ་བསྒྱུར་སྔོན་གྱི་དངོས་པོའི་དབྱིབས་དང་རྣམ་པ་སྐབས་ཕྱིར་མར་གཞན་དུ་བཅོས་པའམ་འགྱུར་བའི་ཡུལ་དེ་ལ་འདོར་ཞེས་བྱ་བ་ལས་ངོ་བོ་གཞན་དུ་འགྱུར་བ་མ་ཡིན་པར་སྒྲུབ་ཀྱི་ཡོད།
(23)(25)(26)སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་ནས་བསྒྲིགས་པའི་《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ》ཀ་བ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི་ཟླ་5པའི་པར་གཞི། ཤོག་ངོས་586པར་གསལ། ཤོག་ངོས་587པར་གསལ།
(27)བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་《བསེ་བསྡུས་གྲྭ》 མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་10པའི་པར་གཞི། ཤོག་ངོས་250རུ་གསལ།
(28)ཡུལ་དུས་གང་དུ་ཡང་དངོས་པོ་དེ་སྐྱེད་པའི་རྒྱུ་མི་སྲིད་པས་མ་སྐྱེས་པའི་ཆ་མ་འོངས་པར་མི་འཇོག་པའི་དོན་ཡིན་ཏེ། རི་བོང་གི་རྭ་དང་ནམ་མཁའ་སོགས་དངོས་པོར་མེད་པ་མ་བྱུང་བ་ཡིན་ཡང་མ་སྐྱེས་པའི་ཆ་མ་འོངས་པ་གཅོད་པའི་ཕྱིར་དུ་བཞག་གོ།
(29)བྱ་བའི་དུས་གསུམ་ལ་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་བ་ནི་དུས་ཀྱི་དུས་གསུམ་དང་བྲལ་དུ་མེད་ཅིང་། བྱ་བའི་མིང་འདས་མ་འོངས་ད་ལྟ་གསུམ་གྱི་སྔ་ལོགས་སུ་དུས་ཀྱི་དུས་གསུམ་གང་རུང་སྦྱར་བས་འདས་པའི་འདས་པ་ལ་སོགས་པའི་མིང་འབྱུང་གི་ཐ་སྙད་རང་ངོས་སུ་འདས་པ་ཁོ་ན་ལས་འདས་པའི་འདས་པ་མཚོན་པའི་ནུས་པ་མེད་ཅིང་། དུས་ཀྱི་སྐབས་དོན་མཚོན་པའི་ཐ་སྙད་སྐབས་དང་ཚེ། དུས་དང་སྐད་ཅིག་ལ་སོགས་པས་རྐྱེན་སྦྱར་ཏེ་གསུམ་གསུམ་དུ་འགྱུར་བར་བྱེད་པ་ནི་དུས་ཀྱི་དུས་གསུམ་གྱི་ངོས་ནས་དབྱེ་བ་ལས་བྱ་བའི་མིང་རང་ངོས་ནས་མ་ཡིན་ནོ།།དཔེར་ན། སྔོན་སྟོན་པ་སངས་རྒྱས་ཀྱིས་ཆོས་འཁོར་སྐོར་བའི་ཚེ། ཞེས་པ་འདས་པའི་ད་ལྟ་བ་ཡིན་དགོས་མོད། སྐོར་རང་ངོས་སུ་དེ་ལྟའི་དབྱེ་བ་འབྱེད་རྒྱུ་མེད་ཅིང་། ད་ལྟ་བ་ཁོ་ན་ཡིན་པས་ཁྱབ་ཀྱང་། དེའི་སྔ་ལོགས་ཀྱི་སྟོན་པ་སངས་རྒྱས་ནི་འདས་པའི་དུས་མཚོན་བྱེད་གལ་ཆེན་ཡིན་པས་དེ་མ་སྦྱར་བར་འདས་པའི་ད་ལྟ་བར་མི་འགྱུར་རོ།།
(30)《བསྟན་འགྱུར》 དབུ་མ། དེབ་60པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་9པའི་པར་གཞི། ཤོག་ངོས་338པར་གསལ།
(31)དངོས་པོའི་འདས་མ་འོངས་ད་ལྟ་སྦྱོར་བ་ལ་སྦྱོར་ཚུལ་མི་འདྲ་བ་རིགས་གཉིས་ཡོད་དེ། གཅིག་གིས་ནི་དངོས་པོའི་མ་འོངས་པ། དངོས་པོའི་ད་ལྟ་བ། དངོས་པོའི་འདས་པ་ཞེས་འབྲེལ་སྒྲ་འཇོག་མཁན་ཞིག་དང་། དངོས་པོ་མ་འོངས་པ། དངོས་པོ་ད་ལྟ་བ། དངོས་པོ་འདས་པ་ཞེས་འབྲེལ་སྒྲ་མི་འཇོག་མཁན་གཉིས་ཡོད་ཀྱང་འདོད་ཚུལ་གྱི་ཆ་ནས་གཅིག་པ་ཡིན་མོད། འབྲེལ་སྒྲ་མེད་པར་སྤྱོད་མཁན་ནི་ཅུང་མང་པོ་འདུག
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1