གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཤ་བོ་ཐར། ཟླ་བ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༢༢ཉིན།

༄༅།། སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལོ་དགུའི་གཏན་ཚིགས་ལ་གསར་དུ་དཔྱད་པ།


ཤ་བོ་ཐར། ཟླ་བ།
        [ནང་དོན་གནད་བསྡུས།] སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཕྱོགས་ཆོས་འཁོར་ལོ་དགུ་ནི་སྦྱོར་བ་དག་གི་རྟགས་དང་མཐུན་མི་མཐུན་ཕྱོགས་གཉིས་ཀྱི་འབྲེལ་བ་གསལ་བར་བྱེད་པའི་སྡོམ་ཚིག་ཅིག་དང་སྙིང་བོ་ཞིག་གམ་གནད་ཅིག་ཡིན་སྟབས། དཔྱད་རྩོམ་འདིའི་ནང་དུ་རྟགས་དང་མཐུན་མི་མཐུན་ཕྱོགས་གཉིས་ལ་རིགས་ཆེན་པོ་གསུམ་གྱིས་ཇི་ལྟར་འགྲེལ་ཚུལ་དང་། ཕྱི་ཚུལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པ་ལ་བརྟེན་ནས་རྟགས་ཆོས་ཀྱི་འབྲེལ་བ་ཉེར་ལྔ་བོ་སོ་སོར་བཀོད་པ་དང་། ཡང་དག་ཡིན་མིན་བརྟགས་ཏེ་ཡང་དག་པ་བརྒྱད་དང་ཕྱོགས་ཆོས་འཁོར་དགུ་གཉིས་བསྡུར་ནས་སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལོ་དགུ་ཇི་ལྟར་གཏན་ལ་དབབ་ཚུལ་བརྗོད་ཡོད།
        [བརྡ་ཆད་གཙོ་བོ།] ཕྱོགས་ཆོས་འཁོར་ལོ་དགུ། མཐུན་ཕྱོགས། མི་མཐུན་ཕྱོགས། རྟགས། ཡང་དག་པ་བརྒྱད།
        [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
        [ཡིག་ཚང་མཚན་བྱང་།] A
        [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0047-20
        ཕྱོགས་ཆོས་འཁོར་ལོ་དགུའམ་ཡང་ན་གཏན་ཚིགས་འཁོར་ལོ་དགུ་ཞེས་པ་ནི་རྟགས་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལས་བྱུང་པའི་གཏན་ཚིགས་ཀྱི་རྣམ་པ་དགུ་དག་གསལ་བོར་སྟོན་པའི་གཞུང་ལུགས་ཤིག་ཡིན་ལ། དེ་ནི་སློབ་དཔོན་ཕྱོགས་ཀྱི་གླང་བོས་ཐོག་མར་སྲོལ་བཏོད་པར་མ་ཟད། གཏན་ཚིགས་ཀྱི་རབ་དབྱེ་རྒྱ་ཆེན་དག་ཚིག་ཉུང་ངུའི་ལམ་ནས་གཞི་གཅིག་ཏུ་བསྡོམས་པའི་སྡོམ་ཚིག་ཅིག་ཀྱང་ཡིན། ལྷག་པར་དུ་ཚད་མ་རིག་པའི་རྟགས་རིགས་ཀྱི་བརྗོད་བྱ་སྟེ། རྟགས་ཀྱི་ཚུལ་གསུམ་དང་འབྲས་རང་མ་དམིགས་པའི་རྟགས། རྟགས་ཡང་དག་དང་ལྟར་སྣང་། མཐུན་ཕྱོགས་དང་མི་མཐུན་ཕྱོགས། མཐུན་དཔེ་དང་མི་མཐུན་དཔེ་སོགས་ཀྱི་དོན་རྣམས་མ་འཁྲུལ་པར་གོ་ནུས་པའི་གཞུང་ལུགས་གལ་ཆེན་ཞིག་ཀྱང་ཡིན། དེ་ཡང་ཞིབ་ཏུ་བཤད་ན། རྟགས་རིགས་ཀྱི་དོན་ངེས་པ་ལ་ངེས་པར་དུ་སྙིང་པོར་གྱུར་བའི་གཏན་ཚིགས་ཀྱི་འཁོར་ལོ་དགུ་བོ་ངེས་དགོས་ཤིང་། གཏན་ཚིགས་ཀྱི་འཁོར་ལོ་དགུ་བོ་ངེས་པའི་རྟགས་ཀྱིས་རྟགས་རིགས་ཀྱི་དཀའ་གནད་མཐའ་དག་བར་མེད་དུ་གྲོལ་ནུས་པས་ན། བདག་གིས་ཕྱི་ཚུལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པ་ལྔ་བོ་ལ་བརྟེན་ནས་ཕྱོགས་ཆོས་འཁོར་ལོ་དགུའི་རྟགས་དང་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་བརྟགས་ཏེ། འབྲེལ་བ་རྣམ་པ་ཉེར་ལྔ་རུ་གྲུབ་པའི་གཏན་ཚིགས་ཀྱི་རིགས་དེ་དག་ཡང་དག་ཡིན་མིན་གྱི་ཆ་ལ་དབྱེ་ཞིབ་བྱེད་པ་དང་། ཡང་དག་པའི་རྣམ་པ་དག་དང་ཕྱོགས་ཆོས་འཁོར་ལོ་དགུ་གཉིས་ཀྱི་གྲངས་དང་རིགས་འདེད་ཀྱི་རྣམ་པ་སོགས་བསྡུར་ནས་འཁོར་ལོ་དགུ་ནི་འགལ་འབྲེལ་གྱི་རིགས་པ་ཁོ་ནར་བརྟེན་ནས་རིགས་འདེད་བྱས་བ་ཞིག་མ་ཡིན་པར་རྣམ་པ་གཉིས་ཀ་བསྐྱེད་དེ་གཏན་ཚིགས་ཀྱི་འཁོར་ལོ་དགུ་བོ་གཏན་ལ་དབབ་པའི་ཐུན་མིན་རིགས་པ་ཞིག་ཡིན་པ་བརྗོད་པར་བྱའོ།།
        དང་པོ། ཇི་ལྟར་གནས་ཚུལ་གྱི་འཁོར་ལོའི་རེའུ་མིག་འགོད་པ།
        དེ་ཡང་གཏན་ཚིགས་ཀྱི་འཁོར་ལོ་དགུ་བོ་གཏན་ལ་དབབ་པ་ལ་སློབ་དཔོན་ཕྱོགས་གླང་གིས་“རྗེས་སུ་དཔག་པར་བྱ་བ་ལ།། ཡོད་དང་མེད་དང་གཉིས་ཀ་ཡི།། ཡོད་པ་ལ་ནི་ཡང་དག་སྟེ།། མེད་དང་གཉིས་ཀ་མ་གྲུབ་ཡིན།། ཐེ་ཚོམ་གཉིས་ཏེ་མ་གྲུབ་བཞིན།། མ་གྲུབ་སྦྱར་བ་དེ་བཞིན་དུ།།མཐུན་པའི་ཕྱོགས་ལ་ཡོད་པ་དང༌།། མེད་པ་དེ་བཞིན་གཉིས་ཀ་དང་༌།། མི་མཐུན་ཕྱོགས་ལ་དེ་བཞིན་ནོ།། གསུམ་ལ་རྣམ་པ་གསུམ་གསུམ་སྟེ།། སྟེང་འོག་གཉིས་ལ་ཡང་དག་གོ།།ལོགས་ལ་འགལ་བ་གཉིས་ཡིན་ཏེ།། ཟུར་བཞི་ཐུན་མོང་མ་ངེས་བཞིན།། དབུས་ན་ཐུན་མོང་མ་ཡིན་པའོ།།” ① ཞེས་གསུངས་པ་དང་། གཞན་ཀུན་བཏུས་རང་འགྲེལ་ཏུ། “དགུ་བོ་འདི་ཡང་མིག་དགུ་ལ་རིམ་པ་བཞིན་དུ་བསྟན་པར་བྱ་སྟེ།དགུ་བོ་འདི་ཡང་མིག་དགུ་ལ་རིམ་པ་བཞིན་བྲིས་ན་ཕྲེང་གི་གྱེན་མཐུར་ལ་མཐུན་ཕྱོགས་ཀྱི་གསུམ་མོ།། འཕྲེད་ལ་ནི་མི་མཐུན་ཕྱོགས་ཀྱི་གསུམ་མོ།། ཕྱོགས་བཞིས་རང་བཞིན་དང་འབྲས་བུ་ལ་སོགས་པར་ཤེས་པར་བྱའོ།།” ② ཞེས་གསུངས་པས་ན་རེའུ་མིག་དགུ་བོ་འགོད་པ་ལ་གཤམ་གསལ་ལྟར།

        གཉིས་པ། རྟགས་དེ་མཐུན་མི་མཐུན་ཕྱོགས་གཉིས་ལ་ཇི་ལྟར་འཇུག་ཚུལ་བཤད་པ།
        གཅིག རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་བཤད་པ། ཕྱོགས་ཆོས་འཁོར་ལོ་དགུའི་ནང་དུ་རྟགས་དང་མཐུན་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་རིགས་མི་འདྲ་བ་གསུམ་ཡོད་དེ། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རིགས་དང་། རྟགས་དེ་མཐུན་ཕྱོགས་ལ་གཏན་ནས་མེད་པའམ་འགལ་བ་ཡིན་པའི་རིགས་དང་། རྟགས་དེ་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་སྟེ། མཐུན་ཕྱོགས་ཀྱི་སྐོར་ཞིག་ལ་ཡོད་པ་དང་འགའ་ཞིག་ལ་མེད་པའི་རིགས་དང་བཅས་གསུམ་ཡོད་ལ། རིགས་ཆེན་པོ་འདི་གསུམ་ལ་ད་དུང་ཞིབ་ཏུ་དཔྱད་ན་བྱེ་བྲག་གི་རབ་དབྱེ་དྲུག་ཏུ་འབྱུང་བ་སྟེ།
        ཀ རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རིགས། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རིགས་འདི་བྱེ་བྲག་ཏུ་རིགས་གཉིས་སུ་དབྱེ་རུང་སྟེ། རྟགས་དང་མཐུན་ཕྱོགས་གཉིས་ཡིན་ཁྱབ་མཉམ་སྟེ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་པའི་རིགས་ཤིག་དང་། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་པའི་རིགས་ཤིག་དང་བཅས་གཉིས་ཡོད། དཔེ་རིས་ཀྱིས་མཚོན་ན།

རི་མོ། 1 རྟགས་དང་མཐུན་ཕྱོགས་གཉིས་ཕན་ཚུན་ཡིན་ཁྱབ་མཉམ།
 
 
རི་མོ། 2 རྟགས་དང་མཐུན་ཕྱོགས་གཉིས་ཅིག་ཤོས་ནས་ཡིན་པའི་བདག་གཅིག་འབྲེལ།
        ཁ རྟགས་དེ་མཐུན་ཕྱོགས་ལ་གཏན་ནས་མེད་པའི་རིགས། རྟགས་དེ་མཐུན་ཕྱོགས་ལ་གཏན་ནས་མེད་པའི་རིགས་འདི་ལ་བྱེ་བྲག་གི་ནང་གསེས་གཉིས་སུ་དབྱེ་རུང་སྟེ། དང་པོ་ནི་རྟགས་དང་མཐུན་ཕྱོགས་གཉིས་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པའི་རིགས་ཤིག་དང་། གཉིས་པ་ནི་རྟགས་དང་མཐུན་ཕྱོགས་གཉིས་ཕན་ཚུན་སྤང་འགལ་གྱི་བརྒྱུད་འགལ་ཡིན་པའི་རིགས་ཤིག་དང་བཅས་གཉིས་ཡོད། དེ་ཡང་ཕན་ཚུན་སྤང་འགལ་གྱི་དངོས་འགལ་དང་བརྒྱུད་འགལ་གཉིས་ལ་ཚད་མ་རིག་པ་དང་གཏན་ཚིགས་རིག་པ་གཉིས་ཀྱི་གོ་བ་ཅུང་ཟད་མི་འདྲ་སྟེ། ཚད་མ་རིག་པས་ཆོས་གཉིས་ཕན་ཚུན་དངོས་འགལ་ཡིན་དགོས་ན་གཅིག་སྒྲུབ་པའི་མིང་རྟོག་དང་ཅིག་ཤོས་དགག་པའི་མིང་རྟོག་ཅིག་ཡིན་དགོས་ལ། ཕྱི་ཚུལ་གཏན་ཚིགས་རིག་པ་ལྟར་ན་གཅིག་སྒྲུབ་པའི་མིང་རྟོག་དང་ཅིག་ཤོས་དགག་པའི་མིང་རྟོག་ཡིན་པ་དངོས་འགལ་ཡིན་པར་མ་ཟད་སྒྲུབ་པའི་མིང་རྟོག་གཉིས་ཀྱང་དངོས་འགལ་དུ་ཁས་ལེན་པ་ཡིན། དཔེར་ན། ཤི་བ་དང་གསོན་པ་གཉིས་ལྟ་བུ་ཆོས་ཅན། དེ་གཉིས་དངོས་འགལ་ཡིན་ཏེ། དེ་གཉིས་ཀྱི་ཁྱབ་མཐའི་བསྡོམས་ཉེ་བའི་སྤྱིའི་མིང་རྟོག་ (临近属概念) ཚེ་སྲོག་ཅེས་པའི་ཁྱབ་མཐའ་དང་མཚུངས་པའི་ཕྱིར། དེ་བས་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀྱི་ཁྱད་པར་གཙོ་བོ་ཡང་སྨྲ་ཁོངས་ཡོད་མེད་དང་ཁྱབ་མཐའ་གཙོ་བོར་བཟུང་མིན་གྱི་ཆ་ནས་ཡིན། ཡིན་ན་ཡང་དངོས་འགལ་དང་བརྒྱུད་འགལ་གཉིས་གང་ཡིན་རུང་སྦྱོར་བའི་ཁྲོད་རྟགས་དང་མཐུན་མི་མཐུན་ཕྱོགས་གཉིས་ལ་ཕན་ཚུན་ཡིན་པའམ་གཞི་མཐུན་པ་ཅན་ཞིག་གཏན་ནས་མེད་པ་ཅན་ཡིན་པས་ན། གཏན་ཚིགས་རྣམ་པ་གཅིག་ཏུ་ངེས་ཏེ་བརྗོད་པ་ཡིན། དཔེ་རིས་ཀྱིས་མཚོན་ན།

རི་མོ། 3 རྟགས་དང་མཐུན་ཕྱོགས་གཉིས་ཕན་ཚུན་དངོས་འགལ།
        ག རྟགས་དེ་མཐུན་ཕྱོགས་ལ་རྣམ་གཉིས་འཇུག་པའི་རིགས། རྟགས་དེ་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རིགས་འདི་ལ་བྱེ་བྲག་གི་ནང་གསེས་གཉིས་སུ་དབྱེ་རུང་སྟེ།དང་པོ་ནི་རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱ་སྟེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་དང་།གཉིས་པ་ནི་རྟགས་དང་མཐུན་ཕྱོགས་གཉིས་ལ་གཞི་མཐུན་ཡོད་པའི་མུ་བཞིའི་འབྲེལ་བ་ཡིན་པའི་རིགས་ཤིག་དང་བཅས་གཉིས་ཡོད་པ་ཡིན། དཔེ་རིས་ཀྱིས་མཚོན་ན།
 
རི་མོ།4  རྟགས་དང་མཐུན་ཕྱོགས་གཉིས་ཅིག་ཤོས་ནས་ཡིན་པའི་བདག་གཅིག་འབྲེལ།

རི་མོ། 5 རྟགས་དང་མཐུན་ཕྱོགས་གཉིས་མུ་བཞིའི་འབྲེལ་བ།
        གཉིས། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ། ཡང་རྟགས་དང་མི་མཐུན་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་རིགས་ཆེན་པོ་གསུམ་དུ་ཡོད་དེ། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རིགས་དང་། རྟགས་དེ་མི་མཐུན་ཕྱོགས་ལ་གཏན་ནས་མེད་པའམ་འགལ་བ་ཡིན་པའི་རིགས་དང་། རྟགས་དེ་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་སྟེ་མི་མཐུན་ཕྱོགས་ཀྱི་སྐོར་ཞིག་ལ་ཡོད་པ་དང་འགའ་ཞིག་ལ་མེད་པའི་རིགས་དང་བཅས་གསུམ་ཡོད་པ་ཡིན།
        ཀ རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རིགས། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རིགས་འདི་བྱེ་བྲག་ཏུ་རིགས་གཉིས་སུ་དབྱེ་རུང་སྟེ། རྟགས་དང་མི་མཐུན་ཕྱོགས་གཉིས་ཡིན་ཁྱབ་མཉམ་སྟེ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པའི་རིགས་ཤིག་དང་། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བའི་རིགས་ཤིག་དང་བཅས་གཉིས་ཡོད། དཔེ་རིས་ཀྱིས་མཚོན་ན།
 
རི་མོ། 6 རྟགས་དང་མི་མཐུན་ཕྱོགས་གཉིས་ཕན་ཚུན་ཡིན་ཁྱབ་མཉམ།

རི་མོ། 7 རྟགས་དང་མི་མཐུན་ཕྱོགས་གཉིས་ཅིག་ཤོས་ནས་ཡིན་པའི་བདག་གཅིག་འབྲེལ།
        ཁ རྟགས་དེ་མི་མཐུན་ཕྱོགས་ལ་གཏན་ནས་མེད་པའི་རིགས། རྟགས་དེ་མི་མཐུན་ཕྱོགས་ལ་གཏན་ནས་མེད་པའི་རིགས་འདི་ལ་ཡང་བྱེ་བྲག་གི་ནང་གསེས་གཉིས་སུ་དབྱེ་རུང་སྟེ། དང་པོ་ནི་རྟགས་དང་མི་མཐུན་ཕྱོགས་གཉིས་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་རིགས་ཤིག་དང་།རྟགས།མི་མཐུན་ཕྱོགས།རྟགས།མི་མཐུན་ཕྱོགས།གཉིས་པ་ནི་རྟགས་དང་མི་མཐུན་ཕྱོགས་གཉིས་ཕན་ཚུན་སྤང་འགལ་གྱི་བརྒྱུད་འགལ་ཡིན་པའི་རིགས་ཤིག་དང་བཅས་གཉིས་ཡོད་པ་ཡིན། རིགས་འདི་ནི་གཉིས་ནི་གཏན་ཚིགས་རྣམ་པ་གཅིག་ཏུ་ངེས་པ་གོང་དུ་བཤད་ཟིན་པ་ཡིན་པས། དཔེ་རིས་ཀྱིས་མཚོན་ན།
 
རི་མོ། 8 རྟགས་དང་མི་མཐུན་ཕྱོགས་གཉིས་ཕན་ཚུན་དངོས་འགལ།
        ག རྟགས་དེ་མི་མཐུན་ཕྱོགས་ལ་རྣམ་གཉིས་འཇུག་པའི་རིགས། རྟགས་དེ་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རིགས་འདི་ལ་བྱེ་བྲག་གི་ནང་གསེས་གཉིས་སུ་དབྱེ་རུང་སྟེ། དང་པོ་ནི་རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱ་སྟེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་དང་། གཉིས་པ་ནི་རྟགས་དང་མི་མཐུན་ཕྱོགས་གཉིས་ལ་གཞི་མཐུན་ཡོད་པའི་མུ་བཞིའི་འབྲེལ་བ་ཡིན་པའི་རིགས་ཤིག་དང་བཅས་གཉིས་ཡོད་པ་ཡིན། དཔེ་རིས་ཀྱིས་མཚོན་ན།
 
རི་མོ། 9 རྟགས་དང་མི་མཐུན་ཕྱོགས་གཉིས་ཅིག་ཤོས་ནས་ཡིན་པའི་བདག་གཅིག་འབྲེལ།

 
རི་མོ། 10 རྟགས་དང་མི་མཐུན་ཕྱོགས་གཉིས་མུ་བཞིའི་འབྲེལ་བ།
        གསུམ་པ། ཕྱི་ཚུལ་གཏན་ཚིགས་རིག་པ་ལ་བརྟེན་ནས་རྟགས་ཆོས་ཀྱི་འབྲེལ་བ་ཉེར་ལྔ་བཀོད་དེ་བརྟག་པ།
        རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་དང་རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་སོགས་ཀྱི་ཁྱད་ཆོས་དག་ལ་གཞིགས་ན་ནི། ཕྱི་ཚུལ་གཏན་ཚིགས་རིག་པའི་ཆོས་དང་ཆོས་ཕན་ཚུན་གྱི་འབྲེལ་བ་བརྗོད་པའི་རིགས་ལྔ་དང་ཁྱད་པར་མེད་མོད། ཡིན་ན་ཡང་སློབ་དཔོན་གྱིས་རྟགས་དང་མཐུན་ཕྱོགས་ལ་རིགས་གསུམ་དང་།རྟགས་དང་མི་མཐུན་ཕྱོགས་ལ་རིགས་གསུམ་དང་བཅས་ཆོས་དང་ཆོས་ཕན་ཚུན་གྱི་འབྲེལ་བ་ལ་རིགས་དྲུག་ཏུ་འདོད་པ་ལྟ་བུར་སྣང་ཡང་། དོན་དུ་དེ་དག་ནི་རིགས་ཆེན་པོ་གསུམ་སྟེ། ཁྱབ་བྱེད་དུ་འཇུག་པ་དང་། གཏན་ནས་མེད་པ། རྣམ་གཉིས་སུ་འཇུག་པ་བཅས་གསུམ་གྱི་རབ་དབྱེ་ཡིན་པར་མ་ཟད། ཐམས་ཅད་ཀྱང་གཏན་ཚིགས་ཀྱི་སྦྱོར་བ་ལ་དམིགས་ནས་སོ་སོར་བཀར་པ་ཡིན་གྱི། ཆོས་རྣམས་ཕན་ཚུན་གྱི་འབྲེལ་བ་ལ་གཞིགས་ནས་བཀར་བ་ནི་མ་ཡིན། དེ་བས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ཆེན་པོ་གསུམ་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་ལྔ་བོ་དང་ཁྱད་མེད་པར་མ་ཟད། གསུམ་པོ་འདི་ནི་ཕྱི་ཚུལ་གཏན་ཚིགས་རིག་པའི་རིགས་ལྔ་ཡི་སྡོམ་ཚིག་དང་། རིགས་ལྔ་པོ་ནི་རིགས་གསུམ་གྱི་ཞིབ་ཆ་ལྟ་བུ་ཡིན་པས་ན། ཕན་ཚུན་མི་འགལ་བར་མ་ཟད་དོན་གཅིག་ཏུ་གོ་བ་བླངས་ཆོག་པ་ཡིན། དེའི་ཕྱིར། སྤྱིར་ན་ཚད་མ་རིག་པར་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་དང་། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་ཞེས་འབྲེལ་བ་རིགས་ལྔ་ཡི་ལམ་ནས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་བརྗོད་དེ་དཔྱད་པའི་གཞུང་ཞིག་མ་མཐོང་ན་ཡང་། ཞིབ་ཏུ་བརྟགས་ཚེ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་གཏན་ཚིགས་འཁོར་ལོ་དགུའི་ནང་དུ་དེ་ལྟ་བུའི་གཞུང་ལུགས་ཤིག་བསྟན་ཡོད་པར་མ་ཟད། གཏན་ཚིགས་འཁོར་ལོ་དགུ་ཡང་དོན་དུ་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་དང་། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་དག་ལ་བརྟེན་ནས་གྲུབ་པའི་གཏན་ཚིགས་ཀྱི་རྣམ་པ་དགུ་བརྗོད་པའི་གཞུང་ལུགས་ཤིག་ཡིན། དེ་བས་བདག་གིས་གཤམ་དུ་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་རིགས་ལྔ་གའི་ལམ་ནས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་བརྟག་པ་ལ།
        གཅིག རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་གཉིས་བསྡུར་བ། དེ་ཡང་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་འདི་ལ་སློབ་དཔོན་ཕྱོགས་གླིང་གིས་འབྲེལ་བ་རིགས་གསུམ་གྱི་ངོས་ནས་བཤད་པ་ཡིན་ལ། རིགས་གསུམ་པོ་འདི་ཡང་དོན་དུ་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་རིགས་ལྔ་ག་དང་གཅིག་མཚུངས་ཡིན་པས། འབྲེལ་བའི་རིགས་ལྔ་བོའི་ལམ་ནས་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་བརྟག་ཚེ།
        1.རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་དང་པོ་ནི། རྟགས་དེ་མཐུན་ཕྱོགས་ལ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་མཐུན་གྱི་འབྲེལ་བ་ (全同关系) ཞེས་བརྗོད་ལ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། སྦྱོར་བ་འདིའི་ནང་དུ་རྟགས་“བྱས་པ་”ནི་མཐུན་ཕྱོགས་མི་རྟག་པ་ལ་ཁྱབ་པ་དང་། མཐུན་ཕྱོགས་“མི་རྟག་པ་”ཡང་རྟགས་བྱས་པ་དང་ཁྱབ་པ་ཡིན་པས་ཕན་ཚུན་ཡིན་ཁྱབ་མཉམ་ཡིན་ལ། རྟགས་“བྱས་པ་”བཀག་ན་མཐུན་ཕྱོགས་“མི་རྟག་པ་”ཡང་ཁེགས་འགྲོ་བ་དང་། མཐུན་ཕྱོགས་“མི་རྟག་པ་”སྒྲུབ་ན་རྟགས་“བྱས་པ་”ཡང་འགྲུབ་པས། ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བའམ་ཡང་ན་ཡིན་ཁྱབ་མཉམ་གྱི་འབྲེལ་བ་ཞེས་བརྗོད་པ་ཡིན། དཔེ་རིས་ཀྱིས་མཚོན་ན། རི་མོ་1ལྟ་བུ།
        2.རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གཉིས་པ་ནི། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་འབྲེལ་བ་ཡིན་ལ། བོད་བརྒྱུད་ཚད་མ་རིག་པས་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཞེས་ཟེར་ཞིང་། ཕྱི་ཚུལ་གཏན་ཚིགས་རིག་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ (属种关系) ཞེས་བརྗོད། དཔེར་ན།སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་ཞེས་པ་ལྟ་བུ། སྦྱོར་བ་འདིའི་རྟགས་“གཞལ་བྱ་”ནི་མཐུན་ཕྱོགས་“རྟག་པའི་”ཆོས་ཐམས་ཅད་ཀྱི་སྟེང་དུ་ཁྱབ་ལ། མཐུན་ཕྱོགས་“རྟག་པ་”ནི་རྟགས་“གཞལ་བྱའི་”ཆོས་ཐམས་ཅད་ལ་མ་ཁྱབ་པས།གལ་སྲིད། “རྟག་པའི་”ཆོས་ཤིག་ཡིན་ན། “གཞལ་བྱ་”ཡིན་པས་ཁྱབ་ལ། “གཞལ་བྱ་”ཡིན་ན་“རྟག་པ་”ཡིན་པས་མ་ཁྱབ་པའི་ཕྱིར། དེ་བས་གཞལ་བྱ་དང་རྟག་པ་གཉིས་ནི་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་སྟེ། རྟགས་གཞལ་བྱ་ནི་ཁྱབ་བྱེད་དང་། མཐུན་ཕྱོགས་རྟག་པ་ནི་ཁྱབ་བྱ་ཡིན། ཕྱི་ཚུལ་གཏན་ཚིགས་རིག་པས་འདི་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞེས་བརྗོད་པ་ཡིན། དཔེ་རིས་ཀྱིས་མཚོན་ན། རི་མོ་2ལྟ་བུ།
        3.རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་པ་ནི། རྟགས་དེ་མཐུན་ཕྱོགས་དང་འགལ་བ། ཡང་ན།མཐུན་ཕྱོགས་དེ་རྟགས་དང་འགལ་བའམ་གཏན་ནས་མེད་པའི་རིགས་ཤིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་འགལ་གྱི་འབྲེལ་བ་ (全异关系) ཞེས་ཟེར་ཞིང་། བོད་བརྒྱུད་ཚད་མ་རིག་པས་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཟེར།དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ལྟ་བུ།སྐབས་འདིའི་རྟགས་“བྱས་པ་”དང་མཐུན་ཕྱོགས་“རྟག་པ་”གཉིས་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་མ་ཡིན་པར་ཕན་ཚུན་སྤང་འགལ་ཡིན་ཏེ། “བྱས་པ་”ཡིན་ན་“རྟག་པ་”ཡིན་པས་མ་ཁྱབ་ལ། “རྟག་པ་”ཡིན་ན་“བྱས་པ་”ཡིན་པས་མ་ཁྱབ་པས། དཔེ་རིས་ཀྱིས་མཚོན་ན། རི་མོ་3ལྟ་བུ།
        4.རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་བཞི་པ་ནི། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱ་སྟེ་རྟགས་ཁྱབ་བྱ་དང་མཐུན་ཕྱོགས་ཁྱབ་བྱེད་དུ་འཇུག་པའི་འབྲེལ་བ་ཞིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་བྱེ་བྲག་དང་སྤྱིའི་འབྲེལ་བ་ (种属关系) ཞེས་ཟེར་ཞིང་། བོད་བརྒྱུད་ཚད་མ་རིག་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་དང་ཡང་ན་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་ཞེས་བརྗོད་པ་ལས། བྱེ་བྲག་དང་སྤྱིའི་འབྲེལ་བ་དང་ཡང་ན་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞེས་སོ་སོར་མི་བརྗོད་ཅིང་། རྗོད་པའི་དགོས་པ་ཡང་མེད་པར་འདོད་པ་ཡིན་ཏེ། དཔེར་ན། དུང་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ།རྩོལ་བྱུང་ཡིན་པའི་ཕྱིར་ལྟ་བུ་ལ་མཚོན་ན། རྟགས་“རྩོལ་བྱུང་”དེ་མཐུན་ཕྱོགས་“མི་རྟག་པ་”ལ་ཁྱབ་བྱ་རུ་འཇུག་པ་དང་། མཐུན་ཕྱོགས་“མི་རྟག་པ་”ནི་རྟགས་“རྩོལ་བྱུང་”ལ་ཁྱབ་བྱེད་དུ་འཇུག་པས་ན། ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་ཞེས་བརྗོད་པ་ཡིན་ནོ།།
        སྤྱིར་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་དང་སྤྱི་དང་བྱེ་བྲག་གི་འབྲེལ་བ་གཉིས་དོན་གཅིག་ཡིན་མོད། འོན་ཀྱང་རྟགས་རིགས་ཀྱི་སྐབས་སུ་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀྱི་འབྲེལ་བ་ལ་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ་ཞེས་བརྗོད་པ་མ་གཏོགས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞེས་མི་བརྗོད། ཡིན་ན་ཡང་། ཕྱི་ཚུལ་གཏན་ཚིགས་རིག་པས་རིགས་དེ་ལ་ཁོངས་གཏོགས་ཀྱི་འབྲེལ་བ་ (从属关系) ཞེས་བརྗོད་ཅིང་། དེར་སྤྱི་དང་བྱེ་བྲག་གི་འབྲེལ་བ་ (属种关系)དང་བྱེ་བྲག་དང་སྤྱིའི་འབྲེལ་བ་ (种属关系) ཞེས་གཉིས་སུ་དབྱེ་ནས་བརྗོད། སྤྱོད་སྟངས་ནི། དེ་སྒྲུབ་ཀྱི་རྟགས་དེ་གསལ་བའམ་བསྒྲུབ་བྱའི་ཆོས་དང་ཁྱབ་ཆེ་བ་དང་། ཡང་ན་རྟགས་དེ་བསྒྲུབ་བྱའི་ཆོས་ཀྱི་ཁྱབ་ཁུངས་ལ་ཡོངས་སུ་ཁྱབ་པ་དང་བསྒྲུབ་བྱའི་ཆོས་དེ་རྟགས་ཀྱི་ཁྱབ་ཁུངས་ལ་ཡོངས་སུ་མ་ཁྱབ་པའམ་བྱེ་བྲག་ཅིག་ཡིན་ན། དེ་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ (属种关系) ཞེས་བརྗོད་ལ། དེ་ལས་ལྡོག་ན་ནི་བྱེ་བྲག་དང་སྤྱིའི་འབྲེལ་བ་ (种属关系) ཞེས་བརྗོད་པ་ཡིན། དེ་བས་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གཉིས་པ་དེ་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་དང་། རིགས་བཞི་བོ་འདི་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཞེས་སོ་སོར་བརྗོད་པ་ཡིན།དཔེ་རིས་ཀྱིས་མཚོན་ན། རི་མོ་4ལྟ་བུ།
        5.རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བ་ནི།རྟགས་དང་མཐུན་ཕྱོགས་གཉིས་ཐ་མི་དད་པ་གང་ཞིག གཞི་མཐུན་ཡོད་པའི་མུ་བཞིའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིགས་པས་བསྣོལ་བའི་འབྲེལ་བ་ (交叉关系) ཞེས་བརྗོད་ཅིང་། ཚད་མ་རིག་པས་མི་འགལ་བའི་བྱེ་བྲག་སྟེ་མུ་བཞིའི་འབྲེལ་བ་ཞེས་བརྗོད་ལ། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ལྟ་བུ། སྦྱོར་བ་འདིའི་རྟགས་“ལུས་ཅན་མ་ཡིན་པ་”ནི་མཐུན་ཕྱོགས་“རྟག་པ་”ལ་ཡོད་པ་ཡང་ཡིན་ལ་མེད་པ་ཡང་ཡིན་པ་དང་། ཡང་ན་རྟགས་“ལུས་ཅན་མ་ཡིན་པ་”ནི་མཐུན་ཕྱོགས་“རྟག་པ་”ལ་ཡོད་པ་ཡིན་པ་གང་ཞིགམི་མཐུན་ཕྱོགས་“མི་རྟག་པའི་”ཕྱོགས་ལ་ཡང་ཡོད་པ་ཡིན་པས། རྟགས་དང་མཐུན་ཕྱོགས་སོ་སོའི་ཁྱབ་མཐའི་ཆོས་གཅིག་མཐུན་སྡེབ་བྱུང་བ་སྟེ།“ལུས་ཅན་མ་ཡིན་པ་”ལ་ལ་ནི་“རྟག་པ་”ཡིན་ལ། ལ་ལ་ནི་“རྟག་པ་”མ་ཡིན་པ་སྟེ། མི་རྟག་པ་ཡིན་པས་“ལུས་ཅན་མ་ཡིན་པ་”དང་“རྟག་པ་”གཉིས་པ་ནི་བསྣོལ་བའི་འབྲེལ་བ་ཡིན་ནོ།། དཔེ་རིས་ཀྱིས་མཚོན་ན། རི་མོ་5ལྟ་བུ།
        གཉིས། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་གཉིས་བསྡུར་བ། དེ་སྒྲུབ་ཀྱི་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་ཡོད་པ་ཇི་བཞིན་དུ། དེ་སྒྲུབ་ཀྱི་རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་ཡང་རིགས་ལྔ་རུ་ཡོད་དེ།
        1.རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་དང་པོ་ནི། རྟགས་དེ་མི་མཐུན་ཕྱོགས་ལ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་མཐུན་གྱི་འབྲེལ་བ་ (全同关系) ཞེས་བརྗོད་ལ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། སྦྱོར་བ་འདིའི་མི་མཐུན་ཕྱོགས་ནི་རྟགས་ཀྱི་མཐུན་ཕྱོགས་ཏེ། “མི་རྟག་པ་”ཞེས་པའི་ལྡོག་ཕྱོགས་“རྟག་པ་”ཡིན་ལ། དེ་ཡང་“མི་རྟག་པ་”ལོག་ན་“རྟག་པ་”ཡིན་མིན་གྱི་ཐད་ལ་མཁས་པ་དག་གི་བཞེད་དགོངས་མི་མཐུན་པ་སྟེ། “མི་རྟག་པའི་”ལོག་ཕྱོགས་ནི་“མི་རྟག་པ་མ་ཡིན་པ་”ཡིན་པ་ལས། “རྟག་པ་”མ་ཡིན་པར་འདོད་པའི་རིགས་ཏེ།《རིགས་ཐིགས་》ལས། “མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ།། མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ།” ③ཞེས་གསུངས་ལ།བསྟན་དོན་དྲིལ་ན་མཐུན་ཕྱོགས་ནི་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་དོན་ཏེ་བསྒྲུབ་བྱའི་ཆོས་རང་ཉིད་ཡིན་ཞེས་པ་དང་། མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་སྟེ་བསྒྲུབ་བྱའི་ཆོས་མ་ཡིན་པ་དེ་ཡིན་ཞེས་པའི་དོན་ཡིན། དེ་བས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལ།མཐུན་ཕྱོགས་ནི་“མི་རྟག་པ་”དང་། མི་མཐུན་ཕྱོགས་ནི་“མི་རྟག་པ་མ་ཡིན་པ་”ཡིན་དགོས་པ་ལས། རྟག་པ་ནི་མ་ཡིན་པར་འདོད་པ་ཡིན། རྒྱུ་མཚན་ནི། གལ་སྲིད་དེ་གཉིས་དོན་གཅིག་ཡིན་ན། “རི་བོ་རྭ་ཆོས་ཅན། རྟག་སྟེ། མི་རྟག་པ་མ་ཡིན་པའི་ཕྱིར།” ཞེས་པ་ཡང་རྟགས་ཡང་དག་ཏུ་ཁས་ལེན་དགོས་པའི་སྐྱོན་འབྱུང་བ་ཡིན།
        གཞན་“རྟག་པ་”དང་“མི་རྟག་པ་མ་ཡིན་པ་”གཉིས་དོན་གཅིག་ཏུ་ཁས་ལེན་པ་དག་གིས་སློབ་དཔོན་ཕྱོགས་གླང་གི་རྗེས་སུ་འབྲངས་ཏེ། 《རིགས་པ་ལ་འཇུག་པ་》ལས།“མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པ་ནི་མཐུན་ཕྱོགས་སུ་བརྗོད་དོ།དཔེར་ན་མི་རྟག་པ་སྒྲུབ་པ་ལ་སོགས་པའང་མི་རྟག་པ་ཡིན་པས་མཐུན་ཕྱོགས་ཡིན་ནོ།། མི་མཐུན་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པ་ནི་མ་ཡིན་ནོ།། དཔེར་ན། གང་རྟག་པ་མ་ཡིན་པ་དེ་བྱས་པ་མ་ཡིན་པས་ཁྱབ་ནམ་མཁའ་ལ་སོགས་པ་བཞིན་ནོ།།” ④ ཞེས་མཐུན་ཕྱོགས་“མི་རྟག་པའི་”མི་མཐུན་ཕྱོགས་ནི་“རྟག་པ་”བཀོད་ཡོད་པས།“མི་རྟག་པ་མ་ཡིན་པ་”དང་“རྟག་པ་”གཉིས་དོན་གཅིག་ཏུ་ཁས་བླངས་པ་ཡིན། དེ་བས་མི་རྟག་པའི་ལོག་ཕྱོགས་སམ་རྟགས་“བྱས་པའི་”མི་མཐུན་ཕྱོགས་ནི་“རྟག་པ་”ཡིན། དཔེ་རིས་ཀྱིས་མཚོན་ན། རི་མོ་6ལྟ་བུ།
        2.རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གཉིས་པ་ནི། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དེ་ཅིག་ཤོས་ནས་ཡིན་པ་ཅན་གྱི་འབྲེལ་བ་ཡིན་ལ། བོད་བརྒྱུད་ཚད་མ་རིགས་པས་ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཞེས་ཟེར་ཞིང་། ཕྱི་ཚུལ་གཏན་ཚིགས་རིག་པས་སྤྱི་དང་བྱེ་བྲག་གི་འབྲེལ་བ་ (属种关系) ཞེས་བརྗོད། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ལྟ་བུ། དཔེ་རིས་ཀྱིས་མཚོན་ན། རི་མོ་7ལྟ་བུ།
        3.རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་གསུམ་པ་ནི། རྟགས་དེ་མི་མཐུན་ཕྱོགས་དང་འགལ་བ།ཡང་ན། མི་མཐུན་ཕྱོགས་དེ་རྟགས་དང་འགལ་བ་ཡིན་པའི་རིགས་ཤིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་ཡོངས་འགལ་གྱི་འབྲེལ་བ་( 全异关系) ཞེས་ཟེར་ཞིང་། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ལྟ་བུ། དཔེ་རིས་ཀྱིས་མཚོན་ན། རི་མོ་8ལྟ་བུ།
        4.རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་བཞི་བ་ནི། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱ་རུ་འཇུག་པའི་བྱེ་བྲག་དང་སྤྱིའི་འབྲེལ་བ་ཞིག་སྟེ། ཕྱི་ཚུལ་གཏན་ཚིགས་རིག་པས་བྱེ་བྲག་དང་སྤྱིའི་འབྲེལ་བ་ (种属关系) ཞེས་བརྗོད།དཔེར་ན། དུང་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། རྩོལ་བྱུང་ཡིན་པས་ཕྱིར་ཅེས་པ་ལྟ་བུ། དཔེ་རིས་ཀྱིས་མཚོན་ན། རི་མོ་9ལྟ་བུ།
        5.རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བ་ནི། རྟགས་དང་མཐུན་ཕྱོགས་གཉིས་ཐ་མི་དད་པ་གང་ཞིགགཞི་མཐུན་ཡོད་པའི་མུ་བཞིའི་འབྲེལ་བ་སྟེ། ཕྱི་ཚུལ་གཏན་ཚིགས་རིགས་པས་བསྣོལ་བའི་འབྲེལ་བ་ (交叉关系)ཞེས་བརྗོད་ཅིང་། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ།ལུས་ཅན་མ་ཡིན་པའི་ཕྱིར་ཅེས་ལྟ་བུ། དཔེ་རིས་ཀྱིས་མཚོན་ན། རི་མོ་10ལྟ་བུ།
        གསུམ། རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ཉེར་ལྔ་བཀོད་དེ་ཡང་དག་མིན་བརྟག་པ།  དེ་ཡང་རྟགས་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སོ་སོའི་འབྲེལ་བ་ལ་གཞིགས་ན། རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རིགས་ལྔ་ཡོད་པ་དང་། རྟགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་ལ་ཡང་རིགས་ལྔ་ཡོད་པ་ཡིན། ང་ཚོས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རྣམས་ཕན་ཚུན་བསྡུར་ཏེ་དབྱེ་ཞིབ་བྱས་ན་འབྲེལ་བ་རྣམ་པ་མི་འདྲ་བ་ཉེར་ལྔ་གྲུབ་ནུས་ལ། ཉེར་ལྔ་པོ་དེ་ཡང་ཕྱོགས་བསྡུས་བྱས་ཚེ་རིགས་ཆེན་པོ་ལྔ་རུ་སྡུད་ཆོག་པ་ཡིན། དེ་བས་ང་ཚོས་རྣམ་པ་མི་འདྲ་བ་ཉེར་ལྔ་བོ་སོ་སོར་འགོད་པ་དང་ཡང་དག་མིན་བརྟག་པ་ལ།
        ཀ འབྲེལ་བ་རྣམ་པ་ཉེར་ལྔ་བོ་སོ་སོར་འགོད་པ།
        1.རིགས་དང་པོའི་འབྲེལ་བ་རྣམ་པ་ལྔ་བོ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་དང་པོ་སྟེ་ཡོངས་མཐུན་གྱི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་1དང་རི་མོ་6གཉིས་ཡིན།
        (2)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་1དང་རི་མོ་7གཉིས་ཡིན།
        (3)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་1དང་རི་མོ་8གཉིས་ཡིན།
        (4)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་1དང་རི་མོ་9གཉིས་ཡིན།
        (5)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་1དང་རི་མོ་10གཉིས་ཡིན།
        2.རིགས་གཉིས་པའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་གཉིས་པ་སྟེ་སྤྱི་དང་བྱེ་བྲག་གི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་6གཉིས་ཡིན།
        (2)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་7གཉིས་ཡིན།
        (3)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་8གཉིས་ཡིན།
        (4)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་9གཉིས་ཡིན།
        (5)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་10གཉིས་ཡིན།
        3.རིགས་གསུམ་པའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་གསུམ་པ་སྟེ་ཡོངས་འགལ་གྱི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་6གཉིས་ཡིན།
        (2)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་7གཉིས་ཡིན།
        (3)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་8གཉིས་ཡིན།
        (4)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་9གཉིས་ཡིན།
        (5)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་10གཉིས་ཡིན།
        4.རིགས་བཞི་པའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་བཞི་པ་སྟེ་བྱེ་བྲག་དང་སྤྱིའི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་4དང་རི་མོ་6གཉིས་ཡིན།
        (2)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་4དང་རི་མོ་7གཉིས་ཡིན།
        (3)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་4དང་རི་མོ་8གཉིས་ཡིན།
        (4)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་4དང་རི་མོ་9གཉིས་ཡིན།
        (5)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་4དང་རི་མོ་10གཉིས་ཡིན།
        5.རིགས་ལྔ་བའི་འབྲེལ་བ་རྣམ་པ་ལྔ་ནི། རྟགས་ཀྱི་མཐུན་ཕྱོགས་ཀྱི་རིགས་ལྔ་པ་སྟེ་བསྣོལ་བའི་འབྲེལ་བ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལྔ་བོ་སོ་སོར་འགོད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ།གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་6གཉིས་ཡིན།
        (2)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་7གཉིས་ཡིན།
        (3)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ།གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་8གཉིས་ཡིན།
        (4)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ།གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་9གཉིས་ཡིན།
        (5)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་10གཉིས་ཡིན།
        ཁ འབྲེལ་བ་ཉེར་ལྔ་བོ་རྣམས་ཡང་དག་ཡིན་མིན་བརྟག་པ། རྟགས་དེ་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བོ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བོ་གཉིས་རེ་རེ་བཞིན་བསྡུར་ཏེ་བརྟགས་ན། གོང་དུ་བཤད་པའི་འབྲེལ་བ་རྣམ་པ་ཉེར་ལྔ་བོ་དེ་དག་གྲུབ་པ་ཡིན་ལ། ཉེར་ལྔ་བོ་འདི་ཡང་ཐམས་ཅད་ཡང་དག་ཅིག་མ་ཡིན་པར་ལ་ལ་ནི་ཡང་དག་ཡིན་ལ། འགའ་ཞིག་ནི་ཡང་དག་མ་ཡིན་པ་སྟེ། སོ་སོ་བརྟག་པ་ལ།
        1.རིགས་དང་པོའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་མིན་བཤད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡང་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱིས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ནི་འབྲེལ་བ་མ་ཡིན་པར་ཡོངས་འགལ་གྱི་འབྲེལ་བ་ (全异关系) ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་ཞིག་དགོས་ལ། ཡང་ན་རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་ཞིག་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་ཞིག་དགོས་པ་ལས། ཕྱོགས་གཉིས་ཀར་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན།“གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་ཡིན་པས་ཁྱབ་”ཅེས་པའི་དོན་རྟོག་དེ་ལྟར་སྣང་ཅན་ཏུ་དགོས་པས་ཡང་དག་མ་ཡིན་ནོ།།
        (2)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་རིགས་འདི་ནི། རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་འབྲེལ་བ་ཡིན་པར་མ་ཟད་ཡོངས་མཐུན་གྱི་འབྲེལ་བ་གྲུབ་པ་ཞིག་ཡིན་ལ། མི་མཐུན་ཕྱོགས་ལ་ཡང་འབྲེལ་བ་ཡིན་པར་མ་ཟད་རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན། དེ་བས་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་དཔྱད་ན། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་གང་ཞིགམི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྣམ་པ་ཞིག་གྲུབ་པ་མི་སྲིད་དེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ།” ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན།“གང་བྱས་ན་རྟག་པ་མ་ཡིན་པས་མ་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པ་ལྟ་བུ། དེ་བས་རྣམ་པ་འདི་ནི་ཡང་དག་མ་ཡིན་ནོ།།
        (3)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱིས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན།རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་གྲུབ་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་རྣམ་པ་ཞིག་འབྱུང་སྲིད་པ་ཡིན་ཏེ། དཔེར་ན།“གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་མ་ཡིན་པས་ཁྱབ་” ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པས།རྣམ་པ་འདི་ནི་འབྱུང་སྲིད་པ་ཡིན་ལ་ཡང་དག་ཀྱང་ཡིན་ནོ།།
        (4)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་དཔྱད་ན། རྟགས་དང་མཐུན་ཕྱོགས་གཉིས་འབྲེལ་བ་གྲུབ་པ་ཡིན་ཏེ། ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་ཕྱིར། གཞན་ཡང་རྟགས་དང་མི་མཐུན་ཕྱོགས་གཉིས་འབྲེལ་བ་གྲུབ་པར་མ་ཟད། བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་ཕྱིར། དེ་བས་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན།“གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་རྣམ་པ་འདིའི་རིགས་ནི་ཡང་དག་མ་ཡིན་ནོ།།
        (5)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་དཔྱད་ན། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྟག་པ་ཡིན་ལ། བྱས་པ་ལ་ལ་ནི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་་དོན་རྟོག་ཞིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ།།
        2.རིགས་གཉིས་པའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ།
        (1) རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་གཏན་ཚིགས་རིག་པའི་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན།“གང་བྱས་ན་རྩོལ་བྱུང་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པའི་དོན་རྟོག་ཀྱང་ཡང་དག་ཅིག་ཡིན་པ་མི་སྲིད་པས་ན་ཡང་དག་མ་ཡིན་ནོ།།
        (2)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་དཔྱད་ན།རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པར་མ་ཟད། མི་མཐུན་ཕྱོགས་ལ་ཡང་སྤྱི་དང་བྱེ་བྲག་གི་འབྲེལ་བ་གྲུབ་པ་ཞིག་ཡིན་ལ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ་ཁྱབ་བྱེད་དུ་འཇུག་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ་ཁྱབ་བྱེད་དུ་འཇུག་པའི་རྣམ་པ་ཞིག་ཡོད་སྲིད་པ་ཡིན་ཏེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་མ་ཡིན་པ་ཡིན་”ཞེས་པའི་དོན་རྟོག་ཀྱང་ཡང་དག་ཅིག་ཡིན་པས།རྣམ་པ་འདིའི་རིགས་ནི་ཡང་དག་གོ།
        (3)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་དཔྱད་ན། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་གང་ཞིགམཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་ཞིག་མི་སྲིད་ལ། ཡང་ན་རྟགས་དེ་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག རྟགས་ཀྱི་ཕྱོགས་སྐོར་ཞིག་མཐུན་ཕྱོགས་ལ་ཡང་མི་གཏོགས་ལ་མི་མཐུན་ཕྱོགས་ལ་ཡང་མི་གཏོགས་པ་ཞིག་གཏན་ནས་མི་སྲིད་པ་ཡིན་ཏེ། དཔེར་ན། “བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་བ་ཐམས་ཅད་རྩོལ་བྱུང་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས། ཡང་དག་པའི་རྣམ་པ་ཞིག་མ་ཡིན་ནོ།།
        (4) རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཁྱབ་བྱ་སྟེ་རྟགས་དེ་བྱེ་བྲག་དང་མཐུན་ཕྱོགས་དེ་སྤྱི་ཡིན་པ་གང་ཞིག མཐུན་ཕྱོགས་ལ་ཁྱབ་བྱེད་དེ་རྟགས་དེ་སྤྱི་དང་མཐུན་ཕྱོགས་དེ་བྱེ་བྲག་ཡིན་པའི་གཏན་ཚིགས་ཤིག་གཏན་ནས་མི་སྲིད་དེ། དཔེར་ན།“བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ཐམས་ཅད་རྩོལ་བྱུང་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པ་ལྟ་བུའོ།།
        (5) རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་སྟེ་རྟགས་སྤྱི་དང་མཐུན་ཕྱོགས་བྱེ་བྲག་ཡིན་པའི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཅན་ཡིན་པ་གང་ཞིགམི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན།“བྱས་པ་ལ་ལ་ནི་རྩོལ་བྱུང་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་རྩོལ་བྱུང་མ་ཡིན་པ་ཡིན་ལ། བྱས་པ་ལ་ལ་ནི་རྩོལ་བྱུང་མ་ཡིན་པ་མིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་ཡང་དག་པའི་རྣམ་པ་ཞིག་གོ།
        3.རིགས་གསུམ་པའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་སྟེ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་ཞིག་སྲིད་པ་ཡིན་ཏེ།དཔེར་ན། “གང་བྱས་ན་རྟག་པ་མ་ཡིན།” ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་རྟག་པ་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་ན་ཡང་དག་གོ།
        (2)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་གྲུབ་པ་ཞིག་མི་སྲིད་ལ། ཡང་ན། རྟགས་དེ་མཐུན་ཕྱོགས་ལ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་གང་ཞིགམི་མཐུན་ཕྱོགས་ལ་རྟགས་ཀྱི་ཕྱོགས་སྐོར་ཅིག་མི་གཏོགས་པ་ནི་འགལ་འབྲེལ་གྱི་གཏན་ཚིགས་དང་འགལ་བ་ཡིན་པས། འདི་ལྟ་བུ་ནི་མི་སྲིད་པ་ཡིན་ཏེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པའི་དོན་རྟོག་ནི་ཡང་དག་པ་ཞིག་ཡིན་པ་མི་སྲིད་པས་རྣམ་པ་འདི་ནི་ཡང་དག་ཅིག་མ་ཡིན་ནོ།
        (3)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་ཡོངས་མཐུན་གྱི་འགལ་བའི་འབྲེལ་བ་ཅན་ཞིག་ཡིན་པ་ནི་མི་སྲིད་དེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན།“གང་བྱས་ན་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ།།
        (4)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་སྟེ། རྟགས་དེ་མི་མཐུན་ཕྱོགས་ཀྱི་བྱེ་བྲག་ཁྱབ་བྱ་དང་མི་མཐུན་ཕྱོགས་དེ་རྟགས་ཀྱི་སྤྱི་ཁྱབ་བྱེད་དུ་འཇུག་པའི་རྣམ་པ་ནི་སྲིད་པ་ཡིན་ཏེ། དཔེར་ན། “རྩོལ་བྱུང་ཡིན་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རྩོལ་བྱུང་ཡིན་ན་རྟག་པ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་རྣམ་པ་ཡང་དག་གོ།
        (5)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་རྟག་པ་མ་ཡིན་པ་ཡིན་ལ། བྱས་པ་ལ་ལ་ནི་རྟག་པ་མ་ཡིན་པ་མིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས། རྣམ་པ་འདི་ནི་ཡང་དག་པ་ཞིག་མ་ཡིན་ནོ།།
        4.རིགས་བཞི་པའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ།
        (1)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་སྟེ་རྟགས་དེ་མཐུན་ཕྱོགས་ཀྱི་ཁྱབ་བྱ་དང་། མཐུན་ཕྱོགས་དེ་རྟགས་ཀྱི་ཁྱབ་བྱེད་དུ་འཇུག་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་སྟེ་ཕན་ཚུན་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན།“གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་གཞལ་བྱ་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ།།
        (2)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ། རྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དང་མི་མཐུན་ཕྱོགས་ནི་རྟགས་ཀྱི་ཁྱབ་བྱ་རུ་འཇུག་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་གཞལ་བྱ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ།།
        (3)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤང་འགལ་གྱི་དངོས་འགལ་ཡིན་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”་ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་གཞལ་བྱ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས་ཡང་དག་གོ།
        (4)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིགརྟགས་དེ་མི་མཐུན་ཕྱོགས་ལ་ཁྱབ་བྱ་དང་། མི་མཐུན་ཕྱོགས་དེ་རྟགས་ལ་ཁྱབ་བྱེད་དུ་འཇུག་པ་ཞིག་མི་སྲིད་དེ།དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “གང་བྱས་ན་གཞལ་བྱ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ།།
        (5)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “གང་བྱས་ན་གཞལ་བྱ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “བྱས་པ་ལ་ལ་ནི་གཞལ་བྱ་མ་ཡིན་པ་ཡིན་ལ། བྱས་པ་ལ་ལ་ནི་གཞལ་བྱ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་མི་སྲིད་པས་ཡང་དག་མ་ཡིན་ནོ།།
        5.རིགས་ལྔ་བའི་འབྲེལ་བ་རྣམ་པ་ལྔ་བོ་ཡང་དག་ཡིན་མིན་བཤད་པ།
        (1) རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཡིན་པ་གང་ཞིགམི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་སྟེ་ཕན་ཚུན་ནས་ཡིན་པ་ཅན་གྱི་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན།“གང་རེག་བྱ་མ་ཡིན་པ་ཡིན་ན་མི་རྟག་པ་མ་ཡིན་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ།།
        (2)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིགམི་མཐུན་ཕྱོགས་སྤྱི་དང་བྱེ་བྲག་གི་འབྲེལ་བ་སྟེ་རྟགས་དེ་མི་མཐུན་ལ་ཁྱབ་བྱེད་དུ་འཇུག་པ་ཞིག་སྲིད་པ་ཡིན་ཏེ། དཔེར་ན།“རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་པ་སྲིད་པས། རྣམ་པ་འདི་ནི་ཡང་དག་གོ།
        (3)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིགམི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་སྟེ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པ་ཞིག་མི་སྲིད་དེ། དཔེར་ན།“རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ཐམས་ཅད་ནི་མི་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ།།
        (4)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ།གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཁྱབ་བྱ་རུ་འཇུག་པ་སྟེ། རྟགས་དེ་མི་མཐུན་ཕྱོགས་ཀྱི་ཁྱབ་བྱ་དང་། མི་མཐུན་ཕྱོགས་དེ་རྟགས་ཀྱི་ཁྱབ་བྱེད་དུ་འཇུག་པའི་བྱེ་བྲག་དང་སྤྱིའི་འབྲེལ་བ་ཞིག་སྲིད་པ་མ་ཡིན་ཏེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན།རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ཐམས་ཅད་ནི་མི་རྟག་པ་མ་ཡིན་པ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ།།
        (5)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པའི་དོན་ལ་འགལ་འབྲེལ་གྱི་རིགས་པས་བརྟག་ཚེ། གལ་སྲིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་བསྣོལ་བའི་འབྲེལ་བ་སྟེ་མུ་བཞིའི་འབྲེལ་བ་ཞིག་ཡིན་པ་སྲིད་པ་ཡིན་ཏེ། དཔེར་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་ཡིན་ན། “རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་པ་ཡིན། རེག་བྱ་མ་ཡིན་པ་ལ་ལ་ནི་མི་རྟག་པ་མ་ཡིན་པ་མ་ཡིན་”ཞེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་པས་ཡང་དག་མ་ཡིན་ནོ།།
        ག ཡང་དག་པའི་གཏན་ཚིགས་རྣམ་པ་བརྒྱད་པོ་སོ་སོར་འགོད་པ། གོང་གསལ་གྱི་རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་པོ་དང་། རྟགས་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རིགས་ལྔ་བོ་སོགས་ཀྱི་རྣམ་པ་ཉེར་ལྔ་པོ་དག་ཕན་ཚུན་བསྡུར་ཏེ་ཡང་དག་ཡིན་མིན་དཔྱད་ན། ཡང་དག་མ་ཡིན་པའམ་ལྟར་སྣང་གི་རིགས་ནི་བཅུ་བདུན་ཡོད་ལ། ཡང་དག་གམ་ཕན་ཚུན་བསྡུར་ནས་འབྱུང་སྲིད་པ་ཡིན་པའི་རྣམ་པ་ནི་བརྒྱད་ཡོད་དེ།
        (1)རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་1དང་རི་མོ་8གཉིས་ཡིན།
        (2)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་7གཉིས་ཡིན།
        (3)རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ།གོང་གི་རི་མོ་ལྟར་ན། རི་མོ་2དང་རི་མོ་10གཉིས་ཡིན།
        (4)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་6གཉིས་ཡིན།
        (5)རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་3དང་རི་མོ་9གཉིས་ཡིན།
        (6)རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་4དང་རི་མོ་8གཉིས་ཡིན།
        (7)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་7གཉིས་ཡིན།
        (8)རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ། གོང་གི་རི་མོ་ལྟར་ན། རི་མོ་5དང་རི་མོ་10གཉིས་ཡིན། 
        རྣམ་པ་བརྒྱད་པོ་འདི་དང་ཕྱོགས་ཆོས་འཁོར་ལོ་དགུ་གཉིས་ལ་དབུས་ཀྱི་འཁོར་ལོ་མ་གཏོགས་ཐམས་ཅད་འདྲ་བ་ཡིན་ལ། དབུས་ཀྱི་གཏན་ཚིགས་མ་འདྲ་བའི་རྟགས་ལ་བརྟེན་ནས་གྲངས་ཀྱི་ཆ་ནས་ཀྱང་མི་འདྲ་ཞིང་། རིགས་འདེད་ཆ་ནས་ཀྱང་མི་འདྲ་བས། གཤམ་དུ་བརྟགས་པར་བྱའོ།།
        བཞི་པ། ཡང་དག་པ་བརྒྱད་དང་འཁོར་ལོ་དགུ་གཉིས་ཀྱི་ཁྱད་པར་བརྟགས་ཏེ་ཕྱོགས་ཆོས་འཁོར་ལོ་དགུ་གཏན་ལ་དབབ་པ།
        གཅིག ཡང་དག་པ་བརྒྱད་པོ་དང་འཁོར་ལོ་དགུ་གཉིས་བསྡུར་བ། དེ་ཡང་རྟགས་དང་མཐུན་མི་མཐུན་ཕྱོགས་སོ་སོར་ཁྱབ་བྱེད་དུ་ཡོད་པ་དང་། གཏན་ནས་མེད་པ། རྣམ་གཉིས་སུ་འཇུག་པ་དང་བཅས་གསུམ་གསུམ་དྲུག་ཡོད་ལ། ཕན་ཚུན་སྡེབ་སྦྱོར་ལ་བརྟེན་ནས་“ཕྱོགས་ཆོས་འཁོར་ལོ་དགུ་”ཞེས་པའི་གཏན་ཚིགས་ཀྱི་རྣམ་པ་འདི་བྱུང་བ་ཡིན། རྣམ་པ་དགུ་བོ་འདི་བསྡུས་ན་རིགས་ཆེན་པོ་གསུམ་དུ་འདུས་པ་ཡིན། དེ་བས་ང་ཚོས་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་རིགས་ལྔ་བོ་ལ་བརྟེན་ནས་བརྟག་པའི་ཡང་དག་པའི་རྣམ་པ་བརྒྱད་པོ་དང་ཕྱོགས་ཆོས་འཁོར་ལོ་དགུ་གཉིས་བསྡུར་བ་ལ།
        1.རྟགས་དེ་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་གཉིས་དོན་གཅིག་ཡིན་པ།
        2.རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གཉིས་དོན་གཅིག་ཡིན་པ།
        3.རྟགས་དེ་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་གཉིས་དོན་གཅིག་ཡིན་པ།རྣམ་པ་འདི་གསུམ་ནི་རྟགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། གཏན་ནས་མེད་པ། རྣམ་གཉིས་སུ་ཡོད་པ་བཅས་ཀྱི་རིགས་ཡིན།
        4.རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་མཐུན་གྱི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གཉིས་དོན་གཅིག་ཡིན།
        5.རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་གཏན་ནས་མེད་པ་དང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་གཉིས་དོན་གཅིག་པ་ཡིན། རྣམ་པ་འདི་གཉིས་ནི་རྟགས་དེ་མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། རྣམ་གཉིས་སུ་ཡོད་པའི་རིགས་ཡིན།
        6.རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་གཉིས་དོན་གཅིག་ཡིན།
        7.རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཡིན་པ་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གཉིས་དོན་གཅིག་ཡིན།
        8.རྟགས་དེ་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་པ་དང་མི་མཐུན་ཕྱོགས་ལ་བསྣོལ་བའི་འབྲེལ་བ་ཡིན་དང་ཚད་མ་རིག་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་གཉིས་དོན་གཅིག་ཡིན། རྣམ་པ་འདི་གསུམ་ནི་རྟགས་དེ་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་དང་། གཏན་ནས་མེད་པ། རྣམ་གཉིས་སུ་འཇུག་པ་བཅས་ཀྱི་རིགས་ཡིན། 
        འདི་ལྟར་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་རིགས་ལྔས་བརྟགས་པའི་ཡང་དག་པ་བརྒྱད་པོ་དང་ཕྱོགས་ཆོས་འཁོར་ལོ་དགུ་གཉིས་བསྡུར་ན། ཡང་དག་པ་བརྒྱད་པོ་ནི་ཕྱོགས་ཆོས་འཁོར་དགུའི་སྐོར་ཞིག་དང་ཡོངས་སུ་མཐུན་མོད། ཡིན་ན་ཡང་“མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་། མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་”ཞེས་པའི་དབུས་ཀྱི་འཁོར་ལོ་དང་མཐུན་པ་ཞིག་མེད་པས་གཤམ་དུ་བརྟག་པར་བྱའོ།།
        གཉིས། ཡང་དག་བརྒྱད་དང་འཁོར་ལོ་དགུ་གཉིས་ཀྱི་ཁྱད་པར་བརྗོད་དེ་ཕྱོགས་ཆོས་འཁོར་ལོ་དགུ་བོ་གཏན་ལ་དབབ་པ། ཕྱི་ཚུལ་གཏན་ཚིགས་རིག་པ་ལ་བརྟེན་ནས་བརྟག་པའི་ཡང་དག་པ་བརྒྱད་དང་ཕྱོགས་ཆོས་འཁོར་ལོ་དགུ་གཉིས་བསྡུར་བ་ལ་འདྲ་ས་བརྒྱད་དང་མི་འདྲ་ས་གཅིག་ཡོད་ལ། མི་འདྲ་ས་དེ་ཡང་“མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་། མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་”ཞེས་པ་དེ་ཡིན་ཞིང་། དེ་ཡང་གཙོ་བོ་རིགས་འདེད་ཀྱི་ཚད་གཞི་མ་འདྲ་བའི་རྟགས་ཀྱིས་ཡིན་པར་མངོན་ཏེ། ཡང་དག་བརྒྱད་པོ་ནི་འགལ་འབྲེལ་གྱི་རིགས་པ་ལ་བརྟེན་ནས་རིགས་འདེད་བྱས་པ་ཞིག་དང་། ཕྱོགས་ཆོས་འཁོར་ལོ་དགུ་ནི་འགལ་འབྲེལ་གྱི་རིགས་པ་ཁོ་ན་ལ་བརྟེན་པ་ཞིག་མ་ཡིན། ཡང་གཅིག་བཤད་ན། ཕྱོགས་ཆོས་འཁོར་ལོ་དགུ་ལས་“མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་། མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་”ཞེས་པ་མ་གཏོགས།གཞན་པའི་འཁོར་ལོ་བརྒྱད་ནི་འགལ་འབྲེལ་གྱིས་རིགས་པས་རིགས་འདེད་བྱེད་ནུས་པ་ཡིན།
        དེ་ཡང་རྣམ་འབྱེད་རྗེས་དཔག་ (演绎推理) ལྟར་ན།ཕན་ཚུན་དངོས་འགལ་ཡིན་པའི་ཆོས་ཤིག་གི་སྟེང་ནས་བཤད་ན། ཅིག་ཤོས་རྣམ་བཅད་ལ་ཁེགས་ན་ཅིག་ཤོས་ཡོངས་གཅོད་ལ་འགྲུབ་པ་དང་། ཅིག་ཤོས་ཡོངས་གཅོད་ཁེགས་ན་ཅིག་ཤོས་རྣམ་བཅད་ལ་འགྲུབ་པ་ཞིག་དགོས་པ་ལས། གང་ཡང་མ་ཡིན་པ་ནི་ཤེས་བྱ་ལ་སྲིད་པ་མ་ཡིན།གལ་ཏེ་སྲིད་ན། འགལ་བ་སེལ་བ་དང་ཕུང་གསུམ་སེལ་བའི་གཏན་ཚིགས་དང་འགལ་བ་ཡིན་ཞེས་བཤད། དེ་བས་རྣམ་པ་ཉེར་ལྔ་ལས་ཡང་དག་པ་ནི་རྣམ་པ་བརྒྱད་པོ་ཁོ་ན་ཡིན་ཞིང་། “མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་། མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་”ཞེས་པ་ནི་ཡང་དག་པ་ཞིག་མ་ཡིན། ཡིན་ན་ཡང་སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལའི་དགུའི་རིགས་འདེད་ལ་གཞིགས་ན། རྣམ་པ་བརྒྱད་པོ་ནི་ཡང་དག་པའམ་འབྱུང་སྲིད་པ་ཞིག་ཡིན་པ་མ་ཟད། “མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་། མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་”ཞེས་པའི་རྣམ་པ་དེའང་ཡང་དག་པ་ཞིག་ཏུ་འདོད་དེ། རྒྱུ་མཚན་ནི། སློབ་དཔོན་གྱིས་རྟགས་དང་མི་མཐུན་ཕྱོགས་གཉིས་ཡོངས་འགལ་གྱི་འབྲེལ་བ་ཡིན་ན། རྟགས་དང་མཐུན་ཕྱོགས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཅིག་འཇོག་མི་ནུས་པའི་སྐབས་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀྱི་འབྲེལ་བ་ནི་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་ཁས་ལེན་ཞིང་། མཚན་གཞི་དཔེ་བརྗོད་ནི་“སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར།” ལྟ་བུ་ཡིན། འོན་ཀྱང་རྣམ་འབྱེད་རྗེས་དཔག་ (演绎推理) ལྟར་དཔྱད་ན། དེ་ནི་སྦྱོར་བ་ཡང་དག་ཅིག་ཡིན་ཏེ། “མཉན་བྱ་”ནི་“སྒྲ་”ཡི་མཚན་ཉིད་དང་།“སྒྲ་”ནི་“མཉན་བྱའི་”མཚོན་བྱ་ཡིན་པས། “མཉན་བྱ་”དང་“སྒྲ་”གཉིས་ཡིན་ཁྱབ་མཉམ་ཡིན་ཞིང་། “མཉན་བྱ་”ཡང་དོན་བྱེད་ནུས་པ་ཡིན་པ་གང་ཞིག སྐྱེ་གནས་འཇིག་གསུམ་གྱི་ཆོས་ཤིག་ཡིན་པས་“མི་རྟག་པ་”ཡིན་པས་ཁྱབ་ལ། “མི་རྟག་པ་”ཞིག་ཡིན་ན་“མཉན་བྱ་”ཡིན་པས་མ་ཁྱབ་པས།“མཉན་བྱ་”ཁྱབ་བྱ་དང་“མི་རྟག་པ་”ནི་ཁྱབ་བྱེད་དུ་འཇུག་པ་ཡིན། དཔེར་ན། རི་མོ་1པོ་དང་རི་མོ་4པ་ལྟ་བུ། དེ་བས་སྒྲ་མི་རྟག་པ་ཡིན་ནོ།།
        དེ་ཡང་ཚད་མ་རིག་པ་ལྟར་དཔྱད་ན། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་འདི་ནི་གཏན་ཚིགས་ལྟར་སྣང་དུ་ངེས་ཏེ། རྒྱུ་མཚན་ནི་སྦྱོར་བ་ཡང་དག་མིན་དེ་གཙོ་བོ་སློབ་དཔོན་གྱི་ལུགས་ལ་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད་མེད་ལ་རག་ལས་ཤིང་།གལ་ཏེ་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཀྱང་ཡོད། རྟགས་དང་མི་མཐུན་ཕྱོགས་གཉིས་ཕན་ཚུན་ཡོངས་འགལ་གྱི་འབྲེལ་བ་ཡང་ཡིན་ན་གཟོད་རྟགས་ཡང་དག་ཡིན།  དེ་བས་“སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་”ཞེས་པའི་སྦྱོར་བ་ལ་མཚོན་ན། རྟགས་ཆོས་གཉིས་ལྡན་མཐུན་དཔེ་ནི་“སྒྲ་”ཡིན་ལ། འོན་ཀྱང་“སྒྲ་”ནི་སྐབས་འདིའི་ཤེས་འདོད་ཆོས་ཅན་ཡིན་ཞིང་། ཤེས་འདོད་ཆོས་ཅན་དེ་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་རུ་བཀོད་ན་ནི། གྲུབ་ཟིན་སྒྲུབ་པ་ཡིན་པའི་སྐྱོན་དུ་འགྱུར་ཅིང་། མ་བཀོད་ན་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་གཞན་ཞིག་མེད་པས།ཚད་མ་རིག་པ་ལྟར་ན། “སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་”ཞེས་ནི་སྦྱོར་བ་ཡང་དག་ཅིག་མ་ཡིན།
        ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཚད་མ་རིག་པས་རྒྱུན་པར་གནད་ཆེན་དུ་བཟུང་ནས་བརྗོད་པ་ཞིག་ནི། རྟགས་ཡང་དག་ཅིག་ཡིན་ན་ཕྱོགས་ཆོས་གྲུབ་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་བར། ངེས་པར་དུ་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡོད་དགོས་པ་དང་།“སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་”ཞེས་པ་རྟགས་ཡང་དག་མ་ཡིན་ཞེས་པ་གཉིས་ཡིན་ལ། གནད་འདི་གཉིས་དེང་གི་ཚད་མ་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་མཉམ་ཞིབ་དག་གི་རྩོད་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། རྩོད་གཞི་དེ་ཡང་དོན་དུ་སྦྱོར་བ་ཞིག་གི་བསྒྲུབ་བྱའི་ཆོས་ཀྱི་ཁོངས་སུ་རྩོད་གཞི་ཆོས་ཅན་གཏོགས་མིན་གྱི་གནད་དོན་ལ་བརྟེན་ནས་བྱུང་བ་ཡིན། དེས་ན། “སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར།” ཞེས་པའི་སྦྱོར་བ་འདི་ལ་མཚོན། གལ་ཏེ་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཅིག་འཇོག་མ་དགོས་ན། སྦྱོར་བ་ཡང་དག་ཅིག་ཡིན་ལ། དེ་ལས་ལྡོག་ན་སྦྱོར་བ་ལྟར་སྣང་དུ་གྱུར་བ་ཡིན། དེའི་དོན་ཡང་གོང་དུ་བཤད་ཟིན་པ་ལྟར། སྤྱིར་“སྒྲ་”དེ་གང་མཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་ཅེས་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་རུ་བཞག་ཆོག་མོད། འོན་ཀྱང་དེ་ལྟར་ན་གྲུབ་ཟིན་སྒྲུབ་པའི་སྐྱོན་དུ་འགྱུར་བ་ཡིན། དེའི་ཕྱིར་དེ་ལྟ་བུའི་གཏན་ཚིགས་ཀྱི་སྐྱོན་སྤང་པའི་ཆེད་དུ།ངེས་པར་དུ་“སྒྲ་”ནི་“མཉན་བྱ་”ཡང་ཡིན་ལ་“མི་རྟག་པ་”ཡང་ཡིན་པའི་ཆོས་ཀྱི་ཁྱབ་མཐའ་ལས་བསལ་དགོས་ཤིང་།སེལ་ན་“སྒྲ་”དང་“མཉན་བྱ་”གཉིས་མཚན་མཚོན་གྱི་འབྲེལ་བ་མ་གྲུབ་ལ། འདོད་ན། སྦྱོར་བ་འདིའི་རྗེས་ཁྱབ་བརྗོད་པའི་དོན་རྟོག་“གང་མཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་”ཅེས་པ་ཡང་དག་པའི་དོན་རྟོག་ཅིག་མ་ཡིན་ཞིང་།“གང་མི་རྟག་པ་མ་ཡིན་ན་མཉན་བྱ་མ་ཡིན་པས་མ་ཁྱབ་”ཅེས་ལྡོག་ཁྱབ་བརྗོད་དོན་རྟོག་ཀྱང་ཡང་དག་མ་ཡིན། གལ་སྲིད་རྗེས་ལྡོག་གི་ཁྱབ་པ་བརྗོད་པའི་དོན་རྟོག་གཉིས་ཡང་དག་ཅིག་མ་ཡིན་ན། དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཀྱང་ཡོད་མི་སྲིད་པས། རྟགས་“མཉན་བྱ་”ནི་དེ་སྒྲུབ་ཀྱི་མཐུན་ཕྱོགས་“མི་རྟག་པ་”དང་འབྲེལ་བ་མེད་ལ། མི་མཐུན་ཕྱོགས་“རྟག་པ་”དང་ཡང་འབྲེལ་བ་མེད་ཕྱིར། ཕྱི་ཚུལ་གཏན་ཚིགས་རིག་པའི་འགལའབྲེལ་གྱི་རིགས་པ་ལྟར་ན། དེ་སྒྲུབ་ཀྱི་རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡང་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་ཞིག་མི་སྲིད་པས་ན།སྦྱོར་བ་འདི་ནི་གཏན་ཚིགས་ཡང་དག་ཅིག་མ་ཡིན། འོན་ཀྱང་སློབ་དཔོན་ཕྱོགས་གླང་ལྟར་ན། རྣམ་པ་འདི་ལྟ་བུ་ཡང་དག་ཏུ་ཁས་ལེན་པ་ཡིན། རི་མོ་3པ་དང་རི་མོ་8པ་ལྟ་བུའོ།།
        ཡང་ཕྱི་ཚུལ་གཏན་ཚིགས་རིག་པའི་རྣམ་འབྱེད་རྗེས་དཔག་ལྟར་ན། “སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་”ཞེས་པ་དང་། “དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་”ཞེས་པ་གཉིས་སྦྱོར་རིགས་གཅིག་ཏུ་འདོད་དེ། སྦྱོར་བ་འདི་གཉིས་ཀྱི་རྗེས་ཁྱབ་བརྗོད་པའི་དོན་རྟོག་དང་ལྡོག་ཁྱབ་བརྗོད་པའི་དོན་རྟོག་གཉིས་རིགས་གཅིག་པ་ཡིན་པས། རྟགས་དང་མཐུན་ཕྱོགས་ཀྱི་འབྲེལ་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ནི་ཕྱོགས་ཆོས་འཁོར་ལོ་དགུ་ཡི་ཁྲོད་ཀྱི་“མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་”སྟེ་སྟེང་འོག་གཉིས་ལ་ཡང་དག་གོ་ཞེས་པའི་འོག་གི་གཏན་ཚིགས་དང་རིགས་དང་གཅིག་ཡིན་པའི་ཕྱིར། དེའི་ཕྱིར་གཏན་ཚིགས་རིག་པ་ལྟར་ན། རྟགས་དང་མཐུན་མི་མཐུན་གྱི་ཕྱོགས་གཉིས་འབྲེལ་བ་ཉེར་ལྔ་ལས་ཡང་དག་རྣམ་པ་ནི་བརྒྱད་མ་གཏོགས་དགུ་མེད་ལ། སློབ་དཔོན་ཕྱོགས་གླང་གིས་རྟགས་ཆོས་གཉིས་ལྡན་མཐུན་དཔེ་ཡང་དག་འགོད་ཐུབ་མིན་གྱིས་“སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་”ཞེས་པ་དང་། “དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར་”ཞེས་པ་གཉིས་སྦྱོར་བ་ཐ་དད་དུ་གོ་ནས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་རྣམ་པ་ཉེར་ལྔ་ལས་ཡང་དག་པའི་རྣམ་པ་དགུ་རུ་ཁས་བླངས་པ་ཡིན། དེ་བས་“སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་”ཞེས་པའི་སྦྱོར་བ་འདི་ཕྱི་ཚུལ་གཏན་ཚིགས་རིག་པ་ལྟར་ན། རྟགས་དེ་མཐུན་ཕྱོགས་ལ་བྱེ་བྲག་དང་སྤྱིའི་འབྲེལ་བ་ཡིན་པ་གང་ཞིགམི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པས་རྣམ་པ་ཡང་དག་ཏུ་ཁས་ལེན། རི་མོ་4་པ་དང་རི་མོ་8པ་ལྟ་བུ། སློབ་དཔོན་ཕྱོགས་གླང་ལྟར་ན་“སྒྲ་ཆོས་ཅན། མི་རྟག་སྟེ།མཉན་བྱ་ཡིན་པའི་ཕྱིར་”ཞེས་པ་ནི་རྟགས་དེ་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པ་གང་ཞིག མི་མཐུན་ཕྱོགས་ལ་ཡོངས་འགལ་གྱི་འབྲེལ་བ་ཡིན་པའི་རྣམ་པ་ཡང་དག་ཏུ་ཁས་བླངས་པ་ཡིན། རི་མི་3་པ་དང་རི་མོ་8པ་ལྟ་བུ།
        མདོར་དྲིལ་ནས་བཤད་ན། སློབ་དཔོན་ཕྱོགས་གླང་གིས་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ཉེར་ལྔ་ལས་ཡང་དག་པའི་རྣམ་པ་དགུ་ཡོད་པར་འདོད་པ་དང་།ཕྱི་ཚུལ་གཏན་ཚིགས་རིག་པས་ཡང་དག་པའི་རྣམ་པ་བརྒྱད་ཡོད་པར་འདོད་པ་ཡིན་པས། སློབ་དཔོན་ཕྱོགས་གླང་གི་གཏན་ཚིགས་ཀྱི་རྣམ་གཞག་ནི་རྣམ་འབྱེད་རྗེས་དཔག་ (演绎推理) ཁོ་ན་ཉིད་ལ་བརྟེན་ནས་རིགས་འདེད་བྱས་པའི་གཏན་ཚིགས་ཀྱི་རིགས་པ་ཞིག་མ་ཡིན་པར་། དེ་སྒྲུབ་ཀྱི་མཐུན་དཔེ་དང་མི་མཐུན་གཉིས་སོ་སོར་བཀོད་དེ། ཕྱོགས་བསྡུས་རྗེས་དཔག་ (归纳推理) གི་རིགས་པ་ལ་བརྟེན་ནས་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གཉིས་སྒྲུབ་པར་བྱེད་པ་ཡིན། དཔེར་ན། བྱས་པའི་ཁྱད་ཆོས་ལྡན་པའི་བྱེ་བྲག་གི་ཆོས་བུམ་པ་གཅིག་པུའི་སྟེང་ནས་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་རྟགས་ལ་བརྟེན་ནས་ཆོས་ཐམས་ཅད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཆོས་ཉིད་ཅིག་གཏན་ལ་དབབ་པ་དང་ཀུན་ནས་མཚུངས་ཕྱིར། དཔེ་བུམ་པ་གཅིག་པུའི་སྟེང་དེ་སྒྲུབ་ཀྱི་ཁྱབ་པ་ཚད་མས་ངེས་ནའང་དངོས་པོ་ཐམས་ཅད་ཀྱི་སྟེང་དུ་བྱས་ན་མི་རྟག་པས་ཁྱབ་པ་ཚད་མས་ངེས་པའི་མ་ཁྱབ། དེའི་ཕྱིར་ཕྱོགས་བསྡུས་རྗེས་དཔག་གི་རིགས་པ་ལ་བརྟེན་ནས་བསྒྲུབ་བྱ་སྒྲུབ་པའི་རྣམ་པ་དེ་ནི་སྡོམ་ཚིག་གམ་མཇུག་སྡུད་རྣམ་དག་ཅིག་ཐོབ་ངེས་པ་མ་ཡིན་པར་ཐོབ་སྲིད་པ་ཞིག་ཡིན། གལ་སྲིད་མཐུན་དཔེ་དང་མི་མཐུན་དཔེ་གཉིས་སོ་སོར་བཀོད་དེ་སྒྲུབ་མི་དགོས་པ་ཞིག་ཡིན་ན། རྣམ་པ་ཉེར་ལྔ་ལས་ཡང་དག་པ་བརྒྱད་མ་གཏོགས་དགུ་ནི་ཡོད་མི་སྲིད། དེ་བས་སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལོ་དགུ་ཡང་དོན་དུ་འཁོར་ལོ་བརྒྱད་མ་གཏོགས་མེད་དོ།། ཡིན་ན་ཡང་སློབ་ཕྱོགས་གླང་གིས་སྦྱོར་བ་ཐམས་ཅད་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡོད་མེད་ཀྱིས་རིགས་འདེད་བྱེད་དགོས་པས་ན། སློབ་དཔོན་ལྟར་ན། གཏན་ཚིགས་ཀྱི་འཁོར་ལོ་དགུ་ཡིན་དགོས་པ་ལས། བརྒྱད་ཡིན་མི་སྲིད་དེ། “སྒྲ་ཆོས་ཅན། མི་རྟག་སྟེ།མཉན་བྱ་ཡིན་པའི་ཕྱིར་”ཞེས་པར་མཚོན་ན། རྟགས་དེ་མི་མཐུན་ཕྱོགས་ལ་ཡོད་པའི་དཔེ་ཡང་འགོད་མི་ནུས་པ་ལ།མཐུན་ཕྱོགས་སུ་ཡོད་པའི་དཔེ་ཡང་འགོད་མི་ནུས་པས།སྦྱོར་བ་འདི་ནི་མཐུན་ཕྱོགས་ལ་གཏན་ནས་མེད་པ་དང་མི་མཐུན་ཕྱོགས་ལ་ཡང་གཏན་ནས་མེད་པའི་གཏན་ཚིགས་ལྟར་སྣང་ཁྱད་པར་བ་ཞིག་ཡིན་ནོ།།
        མཇུག་བསྡུ་བ། 
        རྟགས་དང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ལ་རྣམ་པ་ལྔ་རེ་ཡོད་ལ། དེ་ཡང་རྣམ་པ་ལྔ་བོ་ཕན་ཚུན་བསྡུར་བ་ལ་བརྟེན་ནས་རྣམ་པ་ཉེར་ལྔ་རུ་འགྲུབ་པ་དང་། རྣམ་པ་ཉེར་ལྔ་བོ་དེ་ལ་འགལ་འབྲེལ་གྱི་རིགས་པས་ཡང་དག་མིན་བརྟག་ཚེ་ཡང་དག་པའི་རྣམ་པ་ནི་བརྒྱད་དུ་འབྱུང་ལ། ཡང་དག་པ་བརྒྱད་པོ་འདི་དང་ཕྱོགས་ཆོས་འཁོར་དགུ་བོ་གཉིས་ལ་འགལ་འབྲེལ་གྱི་རིགས་པས་དཔྱད་ན་ཕྱོགས་ཆོས་ཀྱི་འཁོར་ལོ་བརྒྱད་ལས་དགུ་མེད་པར་འགྱུར་བ་དང་། སློབ་དཔོན་ཕྱོགས་གླང་གི་ལུགས་ལ་ཕྱོགས་ཆོས་འཁོར་ལོ་དགུ་ཡོད་པར་འདོད་པ་དེ་ཡང་ཚད་མ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་དང་རིགས་འདེད་བྱེད་སྟངས་ཤིག་ཡིན་པ་གསལ་བོར་མཚོན་ནུས་པ་ཡིན།གཞན་རྟགས་དང་མཐུན་མི་མཐུན་ཕྱོགས་ཀྱི་འབྲེལ་བ་ངེས་རྒྱུ་དེ་ཡང་སློབ་དཔོན་ཕྱོགས་གླང་གི་ཕྱོགས་ཆོས་འཁོར་ལོ་དགུ་ངེས་བྱེད་ཀྱི་རྨང་རྡོ་ལྟ་བུ་ཡིན་ནོ།།
        མཆན་འགྲེལ།
①②སློབ་དཔོན་ཕྱོགས་གླང་། 《རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་དེབ་དང་པོ》 མི་རིགས་དཔེ་སྐྲུན་ཁང་། 1989ལོ། p210 p98
③སློབ་དཔོན་ཆོས་གྲགས། 《རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་དེབ་དང་པོ》 མི་རིགས་དཔེ་སྐྲུན་ཁང་། 1989ལོ། p506
④སློབ་དཔོན་ཆོས་གྲགས། 《རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས་དེབ་དང་པོ》 མི་རིགས་དཔེ་སྐྲུན་ཁང་། 1989ལོ། p201
 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1