གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཁྲི་ཟླ་གཞོན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༢༢ཉིན།

༄༅།། རང་གི་དགྲ་བོར་བཟོད་པ་བསྒོམ་འོས།


མཚོ་ལྷོ། ཁྲི་ཟླ་གཞོན།
        དགྲ་བོ་ཞེས་པ་ནི་སྐྱེས་མ་ཐག་ནས་གཏན་འཁེལ་བ་ཞིག་མིན་པར། དེ་ནི་མི་རང་ངོས་ཀྱི་ལྟ་བ་དང་ཁེ་ཕན་སོགས་མ་གཅིག་པར་ཕན་ཚུན་བར་ཡུན་རིང་རྩོད་གླེང་སོགས་བྱས་ཏེ་མཐར་ཞེ་འགྲས་སུ་གྱུར་པ་ལས་གྲུབ་པ་ཡིན་ཞིང་། འཇིག་རྟེན་དུ་ཐོག་མ་ནས་མཇུག་མཐའི་བར་དགྲ་བོར་གནས་པ་ཞིག་མེད་ལ། དུས་གཏན་དུ་གྲོགས་པོར་གནས་པ་ཞིག་ཀྱང་མེད། སོ་སོའི་དགྲ་གྲོགས་ཀྱི་དབྱེ་བ་ནི་ཕན་ཚུན་བར་བཟོད་སྒོམ་བྱ་ཐུབ་མིན་དང་གཅིག་མཐུན་གྱི་ཁེ་ཕན་ཡོད་མེད་ཀྱིས་གཏན་འཁེལ་བ་ཞིག་ཡིན།
        འདི་འདྲའི་གཏམ་རྒྱུད་ཅིག་ཡོད་དེ། གནའ་སྔ་མོ་སྔ་མོ་ཞིག་ལ་ཁོག་རྒྱ་ཡངས་པའི་རྒྱལ་པོ་ཞིག་ལ་སྲས་གསུམ་ཡོད། ཉིན་ཞིག ཁོས་རང་གི་བུ་རྣམས་མདུན་དུ་བོས་ནས། ད་ནི་ང་རང་ལོ་ན་ཡང་ཧ་ཅང་བགྲེས་པས། རྒྱལ་སྲིད་ཀྱི་བྱ་བ་མཐའ་དག་སྲས་ཤིག་ལ་ངེས་པར་དུ་སྤྲད་དགོས། ཡིན་ནའང་། ང་ལ་གཞན་དང་མི་མཚུངས་པའི་ཆ་རྐྱེན་ཞིག་ཡོད་དེ། དེ་ནི་སུ་ལོ་ན་ཆེ་ན་དེ་ལ་རྒྱལ་སྲིད་སྤྲོད་པ་མ་ཡིན་པར། ཁྱེད་སྲས་གསུམ་གྱི་ནང་ནས། སུ་ལ་ཡོན་ཏན་དང་ནུས་པ། འཇོན་ཐང་ཡོད་ན། དེ་ལ་ངས་རྒྱལ་སྲིད་སྤྲོད་ངེས། ཅིའི་ཕྱིར་ཞེ་ན། དེ་ནི་ལོ་རྒྱུས་ཀྱི་འགན་འཁྲི་དང་ངའི་འབངས་མི་ཡོད་ཚད་ཀྱི་བདེ་སྡུག་ལ་གཞིགས་ཏེ་ཐག་གིས་བཅད་པ་ཡིན། ད་ནས་ངས་ཁྱེད་ཅག་ལ་ལོ་ངོ་གཅིག་རིང་གི་དུས་ཚོད་སྟེར། ལོ་ངོ་གཅིག་གི་དུས་ཚོད་ནང་དུ། ཁྱེད་ཅག་གིས་བྱ་བ་མཐའ་དག་ནོར་འཕྱུག་མེད་པ་དང་ཡང་དག་པ་རྐྱང་རྐྱང་གིས་བསྒྲུབས་ཏེ་རྗེས་སུ་ང་ལ་སྙན་སེང་ཞུས་དང་། སུ་ཞིག་གིས་ངེས་པ་དོན་གྱི་རླབས་ཆེ་བའི་བྱ་བ་ཞིག་བསྒྲུབས་ཡོད་པ་ཡིན་ན། ངས་དེ་ལ་ངེས་པར་དུ་རྒྱལ་སྲིད་སྟེར་ངེས་ཞེས་བཤད། རྒྱལ་སྲས་དག་གིས་དེ་སྐད་ཐོས་པས་ཡབ་ཀྱི་བཀའ་དང་དུ་བླངས་ཏེ་ཕྱོགས་སོ་སོར་ལམ་ལ་ཆས།
        ལོ་ངོ་གཅིག་འགོར་བའི་རྗེས་སུ། རྒྱལ་སྲས་གསུམ་མ་བགྲོས་གཅིག་མཐུན་གྱིས་ཡབ་ཀྱི་དྲུང་དུ་འཛོམས་ཤིང་སོ་སོས་ལོ་ངོ་གཅིག་གི་རིང་བྱ་བ་རླབས་ཆེ་བ་ཅི་ཞིག་བྱས་པ་སྙན་སེང་ཞུས། རྒྱལ་སྲས་ཆེ་བ་ན་རེ། ཡབ་ཆེན་ལགས། ང་རང་ལོ་ངོ་གཅིག་གི་ནང་དུ་ཕྱོགས་གང་སར་སོང་ཞིང་རླབས་ཆེ་བའི་དོན་དག་ཀྱང་གང་མང་བསྒྲུབས། ཡིན་ནའང་། དེ་དག་ལས་ཆེས་གླེང་རིན་ཡོད་པ་ནི། ང་རང་གྲོང་སྡེ་ཞིག་ལ་སླེབས་ཤིང་། དེར་ནད་ཀྱིས་ཟིན་པའི་རྒན་རྒོན་གཉིས་འདུག་ལ། ངས་དེ་གཉིས་ཚེ་དུས་བྱེད་རག་བར་བདག་སྐྱོང་བྱས་ཤིང་མཐར་འདས་མཆོད་ཀྱང་ལེགས་པར་བསྒྲུབས་རྗེས། ཁོང་གཉིས་ཀྱི་མངགས་བཅོལ་ནང་བཞིན་སོ་སོས་མི་ཚེ་གཅིག་རིང་བསགས་པའི་གསེར་སྒོར་ཁྱེར་ཏེ། གཡོ་སྒྱུ་དང་ཧམ་སེམས་ཅི་ཡང་མེད་པར་བདེ་བླག་ངང་ཡུལ་གྲུ་གཞན་དུ་ཡོད་པའི་བུ་ལ་སྤྲད། ཡབ་ཆེན་གྱིས་བལྟས་ན། ངས་བསྒྲུབས་པའི་རླབས་ཆེན་གྱི་བྱ་བ་འདི་ཅི་འདྲ་རེད་ཟེར།
        རྒྱལ་པོས་དེ་ལ་བསམ་བློ་ཡུད་ཙམ་བཏང་རྗེས། ཁྱེད་ཀྱིས་བསྒྲུབས་པ་དེ་དངོས་གནས་བྱ་བ་བཟང་པོ་ཞིག་རེད། ཡིན་ནའང་། མི་གཞན་ལ་རོགས་རམ་བྱེད་པ་ནི་ང་ཚོ་མི་ཞིག་གི་ཆེས་མ་མཐའི་ཀུན་སྤྱོད་ཀྱི་ཚད་གཞི་དང་འོས་འགན་ཞིག་ཡིན་པ་ལས་རླབས་ཆེ་བའི་བྱ་བ་ཞིག་ལ་བརྩི་མི་རུང་ཞེས་ལན་བཏབ།
        རྒྱལ་སྲས་འབྲིང་བ་ཡར་ལངས་ཏེ། ཡབ་ཆེན་ལགས། ང་ཁྱེད་དང་བྲལ་ནས་ཕྱི་རུ་ཆས་ཏེ་ཅང་མ་འགོར་བར། གྲོང་གསེབ་ཀྱི་སྡེ་བ་ཆུང་ཆུང་ཞིག་ལ་སླེབས་ཤིང་། ང་སླེབས་པའི་དུས་དེར་ཏག་ཏག་ཇག་པ་འགས་སྡེ་བ་དེར་འཕྲོག་བཅོམ་བྱེད་བཞིན་འདུག ངས་རང་གི་དྲག་རྩལ་ལ་བརྟེན་ནས་ཇག་པ་མཐའ་དག་ཚར་གཅོད་བྱས་པས། གྲོང་སྡེ་ཆུང་ཆུང་དེའི་མི་རྣམས་ཀྱིས་ང་རང་དྲིན་ཆེན་དུ་བརྩིས་ཏེ། གང་སར་ངའི་མཛད་རྗེས་སྒྲོག་པར་བྱེད་ལ། གྲོང་སྡེ་ཆུང་ཆུང་དེའི་དཀྱིལ་དུ་ངའི་འཇིམ་བཟོས་སྐུ་བརྙན་ཞིག་ཀྱང་བཞེངས་འདུག ཡབ་ཆེན་ལགས་ངའི་འདི་ནི་རླབས་ཆེན་གྱི་བྱ་བ་ཞིག་མིན་ནམ་ཟེར།
        རྒྱལ་པོས་དེ་ལ་ཡང་བསམ་བློ་ཡུད་ཙམ་བཏང་ནས། སྤྱིར་མི་སྐྱོབ་པ་ནི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་མོད། ཡིན་ནའང་ཁྱེད་ཀྱིས་མི་སྐྱོབ་པའི་དོན་དུ་མི་འགའ་ཞིག་སྲོག་ཐོག་ཏུ་བཏང་བ་དེས། སྔར་བྱས་ཀྱི་ལས་བཟང་པོ་ལ་ཡང་འབྲས་བུ་ངན་པ་རྐྱང་རྐྱང་བཟོས་འདུག དེ་ཡང་རླབས་ཆེན་གྱི་བྱ་བ་ཞིག་ཏུ་གཏན་ནས་འདོད་མི་རུང་ཟེར།
        རྒྱལ་སྲས་ཆུང་བ་ན་རེ། ཡབ་ཆེན་ལགས། ང་རང་ཁྱེད་དང་བྲལ་བ་ནས་བཟུང་། ས་ཕྱོགས་གང་སར་འཁྱམས་ལ་གྲོགས་པོ་ཡང་མང་པོ་ཞིག་ངོ་ཤེས། ཡིན་ནའང་། དེ་དག་གི་ཁྲོད་དུ་མི་ཞིག་ལ་ངས་བྱ་བ་ལེགས་པོ་ཅི་འདྲ་ཞིག་བསྒྲུབས་ཀྱང་། ཁོས་དུས་གཏན་དུ་ངས་ཁོ་ལ་ཞེ་གནག་པར་བསམས་ནས་ང་རང་དགྲ་བོ་རྐྱང་རྐྱང་གི་ཚུལ་དུ་བཞག ཁོས་ནམ་རྒྱུན་མངོན་ལྐོག་གང་རུང་ནས་ང་རང་གསོད་པར་འདོད་ཅིང་། ངའི་སྲོག་ལ་ཉེན་ཁའང་གང་མང་པོ་ཞིག་བཟོས་མྱོང་། ཡིན་ནའང་ཐེངས་ཤིག་ལ་ང་རང་རྒྱང་ལ་ཆས་སྐབས་སུ། ལམ་འགྲམ་གྱི་གཡང་གཟར་ངོས་ཀྱི་སྡོང་པོ་ཞིག་གི་སྟེང་དུ་ངའི་དེ་སྔའི་དགྲ་བོ་དེ་དྲན་མེད་དུ་བརྒྱལ་འདུག་པ་མཐོང་ལ། སྐབས་དེར་ངས་ལག་པ་ཅུང་ཙམ་འགུལ་ནའང་ཁོའི་ལས་དབང་ལ་གནམ་ས་ལྟ་བུའི་འགྱུར་བ་གཏོང་ཐུབ། ཡིན་ནའང་། ངས་ཁོ་ལ་གྲོགས་པོ་ལས་དུས་གཏན་དུ་དགྲ་བོའི་བསམ་པ་བཟུང་མེད་པས་མྱུར་དུ་ཁོ་གཡང་གཟར་དེ་ནས་བླངས་པ་ཡིན། ངས་ཁོའི་སྲོག་བསྐྱབས་པས། ཁོས་སྔར་ང་ལ་བཟུང་བའི་ལྟ་ཚུལ་དེ་ཡོངས་སུ་གྱུར་ཅིང་མཐར་ངེད་གཉིས་ཆེས་བཟང་བའི་གྲོགས་པོར་གྱུར། རྗེས་སུ་ང་རང་ནགས་ཚལ་ཞིག་ལ་རི་དྭགས་རྔོན་དུ་སོང་དུས། སྟབས་མ་ལེགས་པར་སྟག་ཅིག་དང་འཕྲད་ཅིང་། དེས་བསམ་དབང་དྲན་དབང་མེད་པར་ང་རང་རྨེག་མེད་དུ་འཆའ་བར་རྩོམ་དུས། ངའི་གྲོགས་པོ་དེས་རང་གི་སྲོག་ལ་ཡང་མི་འཛེམ་པར་ང་རང་ཉེན་ཁ་ལས་བསྐྱབས། དེ་ནས་བཟུང་ངེད་གཉིས་ཁྱོད་ཀྱིས་མི་བཟའ་ན་ངས་མི་འཐུང་བའི་སྤུན་ལྟ་བུའི་གྲོགས་པོར་གྱུར་ཅིང་། གནད་འགག་གང་ལ་ཐུག་ན་ཡང་དཔུང་བ་མཉམ་གཤིབ་ཀྱིས་གདོང་གཏད་པ་ཡིན། སྤྱིར་འདི་ནི་རླབས་ཆེ་བའི་དོན་དག་ཅིག་ཏུ་བརྩི་མི་རུང་མོད། འོན་ཀྱང་ང་ལ་མཚོན་ན། བྱ་བ་འདི་བསྒྲུབས་པ་ནས་ངས་མི་ཡུལ་ན་ཆེས་རིན་ཐང་ཆེ་བ་ནི་རང་གི་དགྲ་བོ་ཡིན་ཡང་དེ་ལ་བཟོད་སྒོམ་བྱ་འོས་ཤིང་། མི་སེམས་བཏུལ་རྒྱུ་དེ་ནི་མི་ལུས་བཏུལ་བ་ལས་ལྡབ་འགྱུར་གྱིས་གལ་ཆེ་ཞིང་། བྱ་བ་ཅི་ཞིག་བསྒྲུབས་ཀྱང་དེ་ལེགས་འགྲུབ་ཡོང་བའི་ཆེས་འགག་རྩ་ཡིན་པའང་ཤེས། ཡབ་ཆེན་ལགས། ཁྱོད་ཀྱིས་བལྟས་ན་འདི་ནི་ཡང་དག་པའི་བྱེད་སྟངས་ཤིག་ཡིན་ནམ་ཟེར།
        རྒྱལ་སྲས་ཆུང་བའི་བྱ་བ་སྒྲུབ་སྟངས་དེ་ལ་རྒྱལ་པོ་ཧ་ཅང་མགུ་ནས། སྨྲ་ར་ལ་བྱིལ་བྱིལ་དང་མགོ་བོ་ནང་དུ་འགུག་བཞིན། ཚུར་ཤོག་དང་། བདག་གི་གཅེས་ཕྲུག ཁྱོད་ཀྱི་སྒྲུབ་སྟངས་དེ་ལ་ང་རང་ཧ་ཅང་མོས་པ་ཡོད། དེ་རིང་ནས་བཟུང་ངའི་རྒྱལ་སྲིད་འདི་ཁྱོད་ལ་སྤྲད་པ་ཡིན་ཟེར།
        གོང་གི་གཏམ་རྒྱུད་འདི་ལས་ང་ཚོས་ཤེས་པ་ནི། ང་ཚོ་མི་སུ་ཡིན་ཡང་རང་གི་གཉེན་ཉེ་དང་གྲོགས་པོ་ལ་ཧ་ཅང་བརྩེ་ཞིང་། དེ་དག་ལ་ཡང་དང་བསྐྱར་དུ་གུ་ཡངས་ཅི་འདྲ་བྱེད་དགོས་ཀྱང་བྱེད་ངེས་མོད། འོན་ཀྱང་རང་གི་དགྲ་བོ་ལ་གཏན་ནས་གུ་ཡངས་དང་བཟོད་སྒོམ་བྱེད་མི་སྲིད། འདི་ནི་ང་ཚོ་མིའི་རིགས་ད་ལྟའི་བར་འཆམ་མཐུན་མཉམ་གནས་བྱེད་དཀའ་བའི་རྩ་བའི་རྒྱུ་རྐྱེན་ཞིག་ཏུ་འཁུམས་ལ། ལྷག་པར་རང་རེ་བོད་ལ་མཚོན་ན། གནའ་སྔ་མོ་ནས་ས་རྩོད་ཆུ་རྩོད་མང་དུ་བྱས་ཤིང་དེའི་ཆེད་དུ། རང་དང་ཤ་རུས་གཅིག་པའི་སྤུན་ཟླའང་མང་པོ་ཞིག་ལྔ་ལམ་དུ་བརྫངས། འདི་ནི་ཆོས་ལྡན་གྱི་མི་རིགས་ཤིག་གི་སྒྲུབ་སྟངས་གཏན་ནས་མ་ཡིན་ཏེ། འགྲོ་དྲུག་མ་རུ་སྒོམ་པའི་ཆོས་ལྡན་གྱི་མི་རིགས་ཤིག་ལ་མཚོན་ན། རྩྭ་ས་ལག་མཐིལ་ཙམ་གྱི་ཆེད་དུ་ཕུ་ནུ་ནང་དམེ་བྱེད་མི་རུང་ལ། ཕྲག་དོག་གི་རལ་གྲི་རྣོན་པོས་རང་གི་མི་རིགས་ཀྱི་རེ་བ་འཛིན་སའི་དཔྱོད་ལྡན་དག་ལ་གནོད་པ་ནི་དེ་བས་ཀྱང་སྐྱེལ་མི་རུང་། དུས་རབས་གསར་པའི་བོད་མི་ཞིག་ལ་མཚོན་ན་དེ་ལས་ལྡོག་སྟེ་རང་གི་རིག་གནས་གོང་དུ་སྤེལ་དགོས་ཤིང་། འཛམ་གླིང་གཞི་གཅིག་ཏུ་འགྲུབ་བཞིན་པའི་དུས་རབས་འདིར། རང་ལ་དབང་བའི་འཚོ་གནས་ཀྱི་བར་སྟོང་དེ་ཅིས་ཀྱང་འཚོལ་དགོས། ང་ཚོས་རང་ལ་དབང་བའི་འཚོ་གནས་ཀྱི་བར་སྟོང་དེ་ཇི་ལྟར་འཚོལ་དགོས་ཤེ་ན། མན་ཇུའི་ཆིང་རྒྱལ་རབས་ནང་བཞིན་རང་རློམ་ངང་ཕྱི་སྒོ་བཀག་བཅད་གཏན་ནས་བྱེད་མི་རུང་ལ། ཧན་རྒྱལ་རབས་ནང་བཞིན་མི་རིགས་གཞན་གྱི་རིག་གནས་ཡོད་ཚད་དང་ལེན་ཡང་བྱེད་མི་རུང་། ཚིག་བརྒྱ་མདོར་བསྡུས་ཏེ་བཤད་ན། རང་ལ་མཁོ་ཞིང་ལེགས་ཆ་ཡོད་པ་ཞིག་ཡིན་ཕྱིན་དགྲ་བོའི་རིག་གནས་ཡིན་ཡང་སྦྱང་དགོས་ལ། དུས་རབས་དང་མི་འཚམས་ཤིང་ཞན་ཆ་ཡོད་པ་ཞིག་ཡིན་ཕྱིན་མེས་པོའི་རིག་གནས་ཡིན་ཡང་འགྱུར་བ་གཏོང་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1