གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

སྒོ་མེ་རིན་ཆེན་ཚེ་རིང་གིས་བསྒྱུར།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༢༢ཉིན།

༄༅།། སྐད་ཡིག་སློབ་ཁྲིད་ཐད་ཀྱི་བསམ་ཚུལ་ལྔ།


སུང་ཧྲུང་ཅིན་གྱིས་བརྩམས། སྒོ་མེ་རིན་ཆེན་ཚེ་རིང་གིས་བསྒྱུར།
        བདག་གིས་སྐད་ཡིག་སློབ་ཐུན་བཅོས་བསྒྱུར་ཐད་ལ་བསམ་ཚུལ་ལྔ་འདོན་པར་བྱ། འདིས་སྲོལ་རྒྱུན་གྱི་སྐད་ཡིག་སློབ་ཐུན་ལ་གདོང་ཐུག་ཕྲན་ཙམ་དང་། འགྱུར་ལྡོག་ཕྲན་ཙམ། སློབ་ཐུན་བཅོས་བསྒྱུར་ལ་དཔྱིད་རླུང་གསར་པ་ཕྲན་བུ་རེ་འདྲེན་ཐུབ་པའི་རེ་སྨོན་དང་བཅས་ཞུས་ན།
དང་པོ། དམིགས་གཞི་ཅུང་མཐོ་དགོས།
        དམིགས་གཞི་ནི་སློབ་པ་དང་ཁྲིད་པའི་མགོ་རྩོམ་ས་ཡིན། སྲོལ་རྒྱུན་སློབ་ཐུན་གྱིས་སློབ་མའི་ཤེས་རྟོགས་རྨང་གཞི་དང་སློབ་ཐུན་སྔོན་གྱི་གྲ་སྒྲིག སློབ་མའི་འཚོ་བའི་ཉམས་མྱོང་བཅས་ལ་སྣང་ཆུང་བྱེད་སྲིད་པས་ཐིག་ནས་མགོ་བརྩམས་པ་ཡིན་ཞེས་བཤད་ཆོག ཐིག་ལེ་ནས་མགོ་བརྩམས་པའི་སློབ་ཁྲིད་ཅིག་ལ་མཚོན་ན། དམིགས་གཞི་དམའ་ལ་ལས་ཆོད་ཆུང་བས། སློབ་མར་སྦྱང་འདོད་ཀྱི་སྤྲོ་བ་ཞན་པ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཡིན། སློབ་ཁྲིད་དམིགས་གཞི་མཐོ་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སློབ་མ་ནི་བེམ་པོའི་གཟུགས་ཀྱི་ཤོག་སྐྱ་དཀར་རྐྱང་ལྟ་བུ་ཞིག་མིན་ཏེ། ཁོ་ཚོར་ཤེས་རྟོགས་ཀྱི་རྨང་གཞི་དང་འཚོ་བའི་ཉམས་མྱོང་ངེས་ཅན་ལྡན་ལ། ལྷག་པར་དུ་དེང་གི་དྲ་རྒྱའི་སྤྱི་ཚོགས་ཁྲོད་སློབ་མར་ཆ་འཕྲིན་ཤེས་བྱའི་ཡོང་ཁུངས་སྣ་མང་ཕྱིར། སློབ་མའི་ཤེས་པ་དགེ་རྒན་ལས་དམན་པའི་ངེས་པ་གཏན་ནས་མེད། འདི་ལྟའི་གནས་བབ་འོག གལ་ཏེ་དགེ་རྒན་གྱིས་ད་དུང་ཐིག་ལེ་ནས་སློབ་ཁྲིད་བྱེད་མགོ་བརྩམས་ན། སློབ་མའི་ཤེས་རྟོགས་ལ་རྒྱ་དང་སློབ་སྦྱོང་གི་སེམས་ཤུགས་གཅོག་སྲིད་པར་མ་ཟད། སློབ་མ་རྣམས་ཀྱིས་སྐད་ཡིག་བསླབ་ཚན་ནི་ཧ་ཅང་སྦྱོང་སླ་བར་མཐོང་ནས་སློབ་རིན་མེད་པར་འདོད་ལ། སློབ་སྦྱོང་གི་ངར་ཤུགས་དང་སྤྲོ་བ་བསྲིང་མི་ཐུབ། འོ་ན་དམིགས་གཞི་ཇི་ལྟར་ཇེ་མཐོར་གཏོང་དགོས་ཤེ་ན། ལག་ལེན་གྱི་མྱོང་བ་ལྟར་ན། སློབ་ཁྲིད་སྔོན་ལ་སློབ་མར་ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་གང་ལེགས་བྱེད་པར་སྐུལ་དགོས། དེ་ལྟ་ན་སློབ་ཐུན་སློབ་ཁྲིད་ཀྱི་དམིགས་གཞི་རང་བཞིན་གྱིས་མཐོར་འདེགས་འབྱུང་ཐུབ་སྟེ། སློབ་མའི་བསམ་གཞིག་རྣལ་མ་དང་དྲི་བ་ངོ་མ། ཚོར་ཤེས་ཡང་དག་ཁྱེར་ནས་སློབ་ཐུན་ལ་ཞུགས་ཐུབ་ལ། སློབ་ཐུན་ཁྲོད་དགེ་རྒན་དང་འདྲ་མཉམ་གྱིས་གླེང་མོལ་བྱེད་ཐུབ་པས་ཡིན།

གཉིས་པ། ནང་དོན་ཅུང་མང་དགོས།

        སྲོལ་རྒྱུན་གྱི་སྐད་ཡིག་སློབ་ཁྲིད་ཁྲོད་སློབ་ཐུན་གཉིས་ནས་གསུམ་ལ་སློབ་ཚན་གཅིག་ཁྲིད་པ་རེད། སློབ་ཆུང་སྐད་ཡིག་སློབ་ཚན་དུ་གདམ་པའི95%ཡན་གྱི་བརྩམས་ཆོས་ནི་ཕལ་སྐད་རྩོམ་ཡིག་ཡིན་ལ། ཕལ་སྐད་རྩོམ་ཡིག་གི་ཁྱད་ཆོས་གཙོ་བོ་ནི་ཁ་གསལ་གོ་བདེ་ཡིན་ཕྱིར། འདི་ལྟའི་ཕལ་སྐད་རྩོམ་ཡིག་གི་སློབ་ཁྲིད་ལ་ཡང་ཡང་སྐྱུག་བལྡད་བྱེད་མི་དགོས་ཏེ། ཆེས་མཐོའི་དགེ་རྒན་གྱི་མཚན་སྙན་ལྡན་པའི་རང་རེའི་སྔ་རབས་པ་གྲགས་ཅན་དགེ་རྒན་ཧའོ་མའོ་ཀྲེན(霍懋征)ལགས་ཀྱིས་སྔ་མོ་ནས་ལས་ཆོད་ཆེ་བའི་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་རྩད་ཞིབ་བྱས་ཡོད་དེ། དགེ་རྒན་གཞན་དག་གིས་སློབ་སྐབས་གཅིག་ལ་སློབ་ཚན20ལྷག་ཁྲིད་དུས། མོས་སློབ་ཚན95ཁྲིད་བཞིན་ཡོད། ལག་ལེན་ལས་ར་སྤྲད་པ་ལྟར་ན། ཆོད་ཆེའི་ཉམས་མྱོང་འདི་ང་རང་ཚོས་ཏག་ཏག་སྤྱད་ཆོག་ཤས་ཆེ། འོ་ན་ནང་དོན་ཇེ་མང་ལ་ཇི་ལྟར་གཏོང་དགོས་ཤེ་ན། ཐབས་ལམ་དང་པོ་ནི་བརྗོད་གཞི་སློབ་པ་སྟེ། བརྗོད་གཞི་གཅིག་ལ་དམིགས་ནས་རྩོམ་ཡིག་གཅིག་ཁྲིད་པས་རྩོམ་དུ་མར་གཅིག་གོ་ཉིས་ཆོད་བྱེད་པ། བརྗོད་གཞིའི་གོ་བ་འབུར་ཐོན་ཡིན་དགོས། གཉིས་པ་ནི་རྩོམ་ལུས་སློབ་པ་སྟེ། རྩོམ་ལུས་གཅིག་ལ་དམིགས་ནས་རྩོམ་ཡིག་གཅིག་ཁྲིད་པས་རིགས་འདྲའི་རྩོམ་འགའ་ཤེས་པར་བྱེད་པ། རྩོམ་ལུས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན་དགོས། གསུམ་ནི་རྩོམ་སྟངས་སློབ་པ་སྟེ། རྩོམ་ཡིག་འབྲི་ཐབས་གཅིག་ལ་དམིགས་ནས་རྩོམ་ཡིག་གཅིག་ཁྲིད་ནས་སློབ་ཚན་འགའ་གཅིག་ཤེས་ཀུན་གྲོལ་བྱེད་པ་དང་། རྩོམ་སྟངས་འབུར་ཐོན་ཡིན་དགོས།

གསུམ་པ། དཀའ་ཚད་ཅུང་ཆེ་དགོས།
        ཤུགས་ཀྱིས་མཆོང་ན་ཀུ་ཤུ་བཏོག་ཐུབ་པ་བཞིན། སློབ་ཁྲིད་ལ་དཀའ་ཁག་ངེས་ཅན་ལྡན་དགོས། འདི་ནི་སློབ་ཁྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན། འོན་ཀྱང་འོ་སྐོལ་སྐད་ཡིག་བསླབ་ཁག་གི་དགེ་རྒན་རྣམས་ཀྱིས་རྒྱུན་པར་རྩ་དོན་འདི་ལ་སྣང་ཆུང་བྱས་རྐྱེན། སློབ་མ་རྣམས་ལ་ཟླ་གཅིག་གམ་ཡང་ན་སློབ་སྐབས་གཅིག་ལ་སྐད་ཡིག་སློབ་ཁྲིད་མ་བྱས་ཀྱང་མི་སྐྱོན་པའི་སྣང་ཚུལ་ཡ་མཚན་ཅན་བྱུང་བ་བཞིན་ནོ། །སློབ་ཐུན་ལེགས་པོ་ཞིག་ལ་བྲེལ་རྟབ་ཀྱི་རིག་སྟོབས་འཚོ་བ་ཡོད་སྲིད་དེ། དེ་ནི་ཀླད་པའི་ཚན་རིག་གི་ཆོས་ཉིད་དང་མཐུན་པ་ཡིན། མིའི་ཀླད་ཆེན་ལ་ཨ་གསར་གྱི་ཁྱད་ཆོས་ལྡན་ལ་འགྲན་སློང་ལ་དགའ་ཞིང་། ཤེས་བྱ་གསར་བར་མིའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་ནུས་པ་དང་འགུག་ཤུགས་ཁྱད་མཚར་ལྡན་ཕྱིར། ངེད་ཅག་གིས་ཉིན་མ་རེ་རེ་བཞིན་སློབ་མ་རྣམས་ལ་ཤེས་བྱ་གསར་པ་དང་ནུས་པ་གསར་པ། བསམ་བློ་གསར་པ་བསྩལ་ཅིང་། ཤེས་བྱ་གསར་པར་འགྲན་སློང་དང་ཕོག་ཐུག་བྱུང་དུས་ཀླད་ཆེན་ནི་ངར་ཐོག་ན་ཡོད་པས། ཀླད་པའི་ཕྲ་ཕུང་ལ་སྐུལ་སློང་ཐེབས་ནས་བསམ་གཞིག་གི་ནུས་པ་འཕེལ་ཐུབ། འདིར་བསྟན་གྱི་དཀའ་ཚད་ནི་ལྟོས་བཅས་ཡིན་ཏེ། དཀའ་ཚད་ཅི་འདྲ་ཞིག་འོས་ཤིང་འཚམ་ཞེ་ན། སློབ་གྲོགས་མང་ཤོས་ཀྱི་བསམ་གཞིག་དང་གདོང་ཐུག བརྗེ་རེས། དགེ་རྒན་གྱི་བློ་འབྱེད་དང་ཁྲིད་སྟོན་བརྒྱུད་ཐག་གཅོད་ཐུབ་པ་ཞིག་ཡིན་དགོས། འདི་ནི“བྱིས་པའི་དཀའ་ཚད”ཀྱང་ཡིན། དཀའ་ཚད་གཏིང་ཇེ་ཟབ་ཏུ་གཏོང་ཕྱིར། དགེ་རྒན་གྱིས་སློབ་ཁྲིད་གྲ་སྒྲིག་སྐབས་ཡིག་ཆ་འོས་འཚམ་བདམས་ཏེ། བསམ་གཞིག་རང་བཞིན་ལྡན་པའི་དྲི་བ་ཇུས་འགོད་བྱེད་རྒྱུ་ཧ་ཅང་གལ་ཆེ། འདིས་དགེ་རྒན་གྱི་སློབ་ཁྲིད་བྱང་ཚད་དང་སློབ་ཁྲིད་སྒྱུ་རྩལ་ལེགས་པར་མཚོན་ཐུབ་པ་ཡིན།
བཞི་བ། མིག་རྒྱང་ཅུང་རིང་དགོས།

        མིག་རྒྱང་ཅུང་རིང་དགོས་ཞེས་པ་ནི་སློབ་ཁྲིད་ནང་དོན་གྱི་མིག་རྒྱང་རིང་ཞིང་ཐུགས་དགོངས་ཡངས་དགོས་པའི་དོན་ཏེ། སྐད་ཡིག་སློབ་དེབ་རྐྱང་བའི་སྟེང་བག་འཁུམས་ནས་མི་སྡོད་པར་གོ་དགོས། སྐད་ཡིག་སློབ་དེབ་ཀྱིས་རྒྱལ་ཁབ་ཀྱི་འདུན་མ་མཚོན་ཕྱིར། དགེ་རྒན་གྱིས་ཡག་པོར་ཁྲིད་དགོས་ལ་སློབ་མས་ཧུར་བརྩོན་གྱིས་སྦྱོང་དགོས་པ་ཡིན། འོན་ཀྱང་སྐད་ཡིག་སློབ་དེབ་རྐྱང་བས་སློབ་མའི་སྐད་ཡིག་བྱང་ཚད(སྦྱངས་འབྲས)ཕུན་སུམ་ཇེ་ཚོགས་སུ་གཏོང་དཀའ་བས་ན། ལོའུ་ཧྲའོ་ཞའང་གིས“སྦྱང་ཐབས་ནི་སློབ་ཐུན་ཁྲོད་ལེན་དགོས་ལ། ཕན་འབྲས་ནི་སློབ་གསེང་དུ་ཐོབ་དགོས”ཞེས་པ་ལྟར། ངེད་ཅག་དགེ་རྒན་རྣམས་ཀྱི་སློབ་ཚན་མིག་རྒྱང་ཡངས་དགོས་ཏེ། སློབ་དེབ་ཁྲོད་ཀྱི་ཡིག་ཆར་དོ་སྣང་བྱེད་དགོས་པར་མ་ཟད། བསླབ་ཕྱིའི་ཡིག་ཆ་ལའང་དང་དོད་བྱེད་དགོས། ཐང་གི་སྙན་ངག་དང་སུང་གི་སྙན་ཚིག་ལ་དོ་སྣང་ཡོད་དགོས་ལ། རང་རྒྱལ་གྱི་གནའ་བོའི་ལེགས་རྩོམ་ལའང་དང་དོད་བྱེད་དགོས། གནའ་བོའི་ལྷ་སྒྲུང་ལ་དོ་སྣང་ཡོད་དགོས་ལ། དེང་རབས་ཀྱི་བརྙན་པར་ལའང་དང་དོད་བྱེད་དགོས། ཀྲུང་གོའི་བྱིས་སྒྲུང་ལ་དོ་སྣང་ཡོད་དགོས་ལ། འཛམ་གླིང་གི་བྱིས་ཀློག་རྩོམ་ཡིག་ལའང་དང་དོད་ཡོད་དགོས། འཚོ་བའི་ཁྱབ་རྒྱ་ཇི་ལྟར་ཆེ་ན་སྐད་ཡིག་གི་ཁྱབ་རྒྱ་དེ་ལྟར་ཡངས་ཏེ། དགེ་རྒན་གྱི་སློབ་ཚན་མིག་རྒྱང་གིས་སློབ་མའི་བསམ་བློའི་མིག་རྒྱང་ཐག་གིས་གཅོད་ཕྱིར། ངེད་ཅག་གི་སྐད་ཡིག་གི་སྒོ་མོ་ཀུན་ནས་འབྱེད་དགོས་པ་ཡིན།

ལྔ་བ། གསོག་འཇོག་ཅུང་མང་དགོས།

        གནའ་མིས་མང་གསོག་ཉུང་གཏོང་བྱེད་པ་ཡིན་ན། ང་ཚོ་སྟེ་དེང་རབས་ཀྱི་མི་རྣམས་ཀྱིས་ཉུང་གསོག་མང་གཏོང་བྱེད་འདོད་ཀྱིན་ཡོད་ཀྱང་སྲིད་མོད། དེ་ལྟ་ག་ལ་དཔེ། མང་དུ་གསོག་ན་ཐོག་མར་ཅི་ཞིག་གསོག་པའི་གནད་དོན་ཐག་གཅོད་དགོས། བདག་གིས་ནི་མང་དུ་གསོག་རྒྱུ་ནི་གསུང་རབ་ལེགས་རྩོམ་ཡིན་དགོས་པར་སེམས། ལེགས་རྩོམ་ནི་ས་བོན་ལྟ་བུ་ཡིན་པས། མིའི་སེམས་སུ་རྩ་བ་ཚུགས་ཤིང་ཡལ་འདབ་རྒྱས་ནས་ལེགས་རྩོམ་གསར་པ་འབྱུང་བར་བྱེད། གསོག་འཇོག་ལ་རིགས་གཉིས་མཆིས་ཏེ། གཅིག་ནི་བྱང་ཀློག་ལྡབ་སྐྱོར་དང་འཛིན་ཀློག་ཤར་མར་བྱེད་པའི་གསོག་འཇོག་ཡིན། གསོག་འཇོག་འདིའི་རིགས་ནི་ཐང་གི་སྙན་ངག་དང་སུང་གི་སྙན་ཚིག དུས་རབས་རིམ་བྱུང་གི་ལེགས་རྩོམ། རང་རྒྱལ་གྱི་གནའ་བོའི་ལེགས་རྩོམ་བཅས་ཡིན། ངག་རྒྱུན་ལ“ཐང་གི་སྙན་ཚིག་ཁག་སུམ་བརྒྱ།། ཁ་བཏོན་ཇི་བཞིན་བྱང་གྱུར་ན།། རྩོམ་རྩལ་དབུལ་བ་རྣམས་ཀྱིས་ཀྱང་།།སྙན་རྩོམ་ཀློག་ལ་ངལ་མི་འགྱུར།།”ཞེས་པ་ལྟར། འདིའི་རིགས་ནི་ངོ་བོའི་གསོག་འཇོག་ཡིན་ཕྱིར་བྱིས་པའི་སྐད་ཡིག་གི་ནུས་པ་མཐོར་འདེགས་སུ་གཏོང་བར་ཕན། ཅིག་ཤོས་ནི་དཔེ་ཆ་ཀློག་ན་ཁེ་ཕན་ལྡན་ལ་དཔེ་དེབ་མང་པོ་ཀློག་པའོ།། “ལྟ་ཀློག་ཇི་ལྟར་མང་བ་ན། བསམ་རྒྱ་དེ་ལྟར་ཡངས་པར་འགྱུར”ཞེས་པ་ལྟར། དཔེ་ཀློག་གིས་མཐོང་རྒྱ་བསྐྱེད་དེ། ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་དང་གནའ་དེང་གི་བསམ་བློ་ལ་འབྲེལ་མཐུད་བྱེད་ཐུབ་པ་ཡིན། དེ་བས་འདི་ནི་གྲངས་ཀའི་གསོག་འཇོག་སྟེ། བསམ་གཞིག་གི་གསོག་འཇོག་གོ །
        བསམ་ཚུལ་འདི་ལྔ་ནི་སློབ་མའི་སྐད་ཡིག་བྱང་ཚད་དང་། མི་རིགས་ཀྱི་མི་ཆོས་སྙིང་སྟོབས་ལ་འབྲེལ་བ་དམ་ཟབ་མཆིས་པས། འོ་སྐོལ་སྐད་ཡིག་དགེ་རྒན་རྣམས་ཀྱིས་སྣང་ཆུང་གཏན་ནས་བྱ་མི་རིགས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1