༄༅།། སྡེ་དགེ་པར་ཁང་གི་སྣག་ཚ་དང་མཚལ་བཟོ་ཚུལ།

ཀརྨས་བསྒྲིགས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-22



ཀརྨས་བསྒྲིགས། བསྟན་འཛིན་ཉི་མས་པར་བླངས།
 
        དེའང་ཤིང་པར་བརྐོ་འདེབས་ལ་རྒྱུ་ཆ་འདྲ་མིན་སྣ་ཚོགས་འཛོམ་དགོས་པ་ལས་མེད་དུ་མི་རུང་བ་ནི་པར་གཞིའི་ཤིང་དང་པར་གདབ་སའི་ཤོག་བུ། པར་འདེབས་བྱེད་ཀྱི་སྣག་ཚ་གསུམ་ཡིན། པར་གཞིའི་ཤིང་ནི་སྲ་ལ་འཛེར་མ་མེད་ཞིང་གས་སྐྱོན་མི་འགྲོ་བའི་མཁྲེགས་ཤིང་ཁོར་ནའོ། །སྡེ་དགེའི་བཀའ་འགྱུར་གྱི་པར་གཞི་ཤིང་མཁྲེགས་པ་ཡིན་ཀྱང་། མཁྲེགས་ཤིང་གཞན་ལས་མི་འདྲ་བ་ནི་མདོག་དཀར་ཞིང་སྲ་མཁྲེགས་ཆེ་བ། ད་ལྟའི་བར་ལོ་ངོ་སུམ་བརྒྱ་ཙམ་གྱི་རིང་ཚར་གྲངས་ཁྲི་ཁ་ཤས་བཏབ་ཡོད་ཀྱང་ཟད་སྐྱོན་ཆེར་མེད་པ་དང་། མདོག་དུང་ལྟར་ཇེ་དཀར་དུ་འགྲོ་བ་པར་ཤིང་གཞན་དང་གཏན་ནས་མི་འདྲ་བ་ངོ་མཚར་ཆེན་པོ་ཞིག་ཡོད་པ་ཡིན། གཞན་པར་གཞི་ཤོག་བུ་དང་། འདེབས་བྱེད་ཀྱི་སྣག་ཚ་དང་མཚལ་ཡང་པར་འདེབས་ཀྱི་རྒྱུ་ཆ་གལ་ཆེན་ཡིན་པས་འདིར་སྣག་ཚ་དང་མཚལ་སྐོར་ངོ་སྤྲོད་ཅུང་ཙམ་ཞུའོ། །

མཚལ་འདུལ་བཞིན་པ། 

        དང་པོ། སྣག་ཚ་ནི། འབྲི་བའི་རྫས་ནི་སྣག་དང་མཚལ་གཉིས། དང་པོ་སྣག་ཚའི་རྒྱུ་རབ་ནི། །མར་ནག་མེ་ཏོག་བསགས་པའམ། སྒྲོན་ཤིང་འབྲིང་ནི་ཉ་སྦྲིད་པའི། །ཤུན་པ་དེ་གཉིས་སྔོ་བཤུས་བྱ། གྲོ་གའང་དེ་དང་ཕྱོགས་མཚུངས་ལ། །ཐ་མ་ཐང་ཚིལ་རྒན་ཆེས་ཁྲག །གཞོན་ཆེས་འབྱར་བག་ཅན་མིན་པ། །ཚིལ་བུ་འདྲ་དེ་མང་དུ་བསགས། །བརྩིགས་ཐབས་འཁོར་མོའམ་བྲུ་ཐབ་སྟེང་། །རྫ་ཁོག་ཞབས་རྡོལ་ལྔ་བདུན་བརྩེགས། ཐབ་ནང་ཤིང་ལ་མེ་སྦར་བའི། །འོག་མའི་དྲེགས་པ་དམན་པས་སྤང་། །གོང་མ་རྣམས་ཀྱི་དུད་པ་བསྡུ། ། ཆགས་དཀའ་འགྲིམ་རྡུར་འབྱུང་བས་ན། །
        དབེན་པའི་གནས་སུ་གཟབ་སྟེ་བྱ། །ལྕགས་སྣོད་སྤྱིན་ཆུའི་དྭངས་མ་ལ། །བཏབ་སྟེ་མེ་སྟེང་ཅུང་ཟད་དཀྲུགས། །སྤྱིན་བཞུར་ཁུ་བ་བླུག་ལ་མཉེ། །བྲེ་རེ་ཉིན་རེར་འདུར་བ་དང་། །ཚེག་སྒྲ་གྲགས་ན་ཚད་དུ་བཤད། །འོན་ཀྱང་ཤེད་མཉམ་རན་པས་འདུར། །ཇི་ཙམ་སོང་བ་དེ་ཙམ་ལེགས། །སྐམ་ཐག་ཡང་ཡང་གཅོད་པ་ནི། །མཚལ་སྣག་མན་ངག་མཆོག་ཏུ་བཟུང་། །གར་སླ་ཟན་ཙམ་གྱུར་པའི་དུས། ལག་པར་འབྱར་ན་དམ་ཆུང་ལ། །སྲ་ཞིང་འཐས་ན་ཆེ་བའི་སྐྱོན། །ཤ་རྗེས་དོད་ཅིང་མི་འབྱར་བ། །དམ་ལྷོད་རན་པའི་ཚད་དུ་བཟུང་། གཞན་ཡང་སྔོན་རབས་བསྟན་བཅོས་ལས། །མ་ནུ་རུ་རྟས་འཇམ་ཞིང་སྨེ། ། ཙཎྜན་ཁུ་བས་སྨྱུ་གུས་འཛིན། རྒྱ་སྐྱེགས་དམར་མདངས་འོད་དུ་འཚེར། །གླ་རྩིས་རྒྱུན་དུ་དྲི་བཟང་འཐུལ། །དབང་ལག་སུག་པའི་ཁུ་བས་ནི། །འོད་འབར་དམ་འབྱོར་བླ་ན་མེད། །སྤྱི་བཞུར་ཁུ་བས་ཤིན་ཏུ་རྒྱུག །ག་བུར་ཆུ་ཡིས་དབྱར་མི་རུལ། །སྒ་སྐྱ་པི་ལིང་ཁུ་བས་ནི། ། དགུན་ཀྱི་དུས་སུ་འཁྱག་མི་འགྱུར། ཞེས་སོགས་བཤད་ཅིང་ཐང་ཁྲག་དང་། །གྲོ་ནས་ཡོས་ཚིག་ཁུ་བ་སོགས། །
        སྲེ་བའི་ལག་ལེན་མང་ན་ཡང་། །སུག་པ་སྤྱི་བཞུར་སོགས་འགའ་ལས། །ཕལ་ཆེར་སྐྱོན་དང་བཅས་པ་ཉིད། །སྦྱོར་སྡེ་མང་བས་ལེགས་པ་མིན། །རྒྱུ་བཟང་གནད་ཤེས་ལས་ནུས་དགོས། །ཕོན་ཉུང་བཟོ་ན་མི་གཞོན་གྱི། ། ལག་པར་འཕུར་མཉེད་བྱས་པ་མཆོག །
        གཉིས་པ་མཚལ་ནི། མཚལ་རབ་བཅག་མཚམས་ཤེལ་དཀར་འདྲ།། འབྲིང་པོ་དམར་དྭངས་ཐ་མ་སྨུག །དཀར་འཇམ་གཏུན་ནང་ཕྲམ་ཕྲུམ་བརྡུང་། །ཨ་རུའི་དྭངས་ཆུ་མཚལ་ནུབ་བླུག །ལན་གསུམ་བར་དུ་ཁ་ཆུ་ཕོ། །གཏུན་སྐོར་ཅུང་ཟད་བྱ་བར་གཅེས། །དེ་ནས་ཡུན་རིང་བར་དུ་སྦྱང་། །རྒྱ་སྤྱིན་རབ་ཡིན་མ་རྙེད་ན། །སྤྱིན་སད་ཁུ་དྭངས་བླུག་ལ་བསྡུ། །མགྱོགས་འདོད་མཚལ་ཕྱེ་སྤྱིན་ཆུར་སྦྱར། །གཡའ་མེད་སྣོད་དུ་དལ་བུས་མཉེ། །ཤེད་དྲག་ནག་པོར་འགྱུར་བས་ན།།མཚལ་ལ་མི་རྒན་ལག་སྟབས་གནད། །གང་ཡང་སྦྱར་ནས་འབྲི་བའི་ཚེ། །ཀ་པེད་དྲུག་སྦྱོར་འདོད་པ་ན། །གཡའ་དྲི་མེད་པའི་སྣོད་གཙང་མར། མཚལ་གྱི་སུམ་གཉིས་ཀ་པེད་དང་། །སྤྱིན་ཆུ་སུམ་ཆ་ཙམ་གཅིག་བླུག །ཡུན་རིང་བར་དུ་ཉི་མར་བདུག །རྒྱ་ཚྭ་ཞོ་ཚད་ཚྭ་ལ་ནི། །ཚྭ་འདེབས་སྤོས་དཀར་ཐལ་ཙམ་བཏབ། །དེ་དག་ཡོན་ཏན་རིམ་བཞིན་དུ། །འོད་འཕྲོ་དམ་བྱེད་གཤེར་བག་གཅོད། །དམར་འཚེར་བདེ་ལ་སྐམ་རྩི་བྱེད། །འགྲིམ་དཀའ་སེར་ན་ཆུ་གཙང་བླུག །མདངས་སྐྱ་སྨུག་ན་ཀ་པེད་བསྣན། །དེ་ལ་ཀ་པེད་སྦྱོར་བའི་ཐབས། །དཔྱིད་དམ་སྟོན་འཇུག་བརྐོས་པ་ཡི། །ལུག་སུག་གད་བདར་ལེགས་བྱས་ལ། །ལྕགས་མིན་སྣོད་དུ་བཙོ་ཞིང་བཞུར།།ཚགས་བཙགས་གོང་གི་རྫས་རྣམས་བཏབ།།དལ་འཇམ་དཀྲུགས་ཤིང་མེ་ལ་གདུ། །སུམ་སྦྱོར་མཚལ་དང་ཀ་པེད་ལ། །རྒྱལ་མོ་ཀ་ར་ཅུང་ཟད་འདེབས། །མདངས་ལེགས་དཀྱུས་ཀྱི་ལག་ལེན་ཏེ། །མཚལ་སྤྱིན་གཉིས་སྦྱོར་སྟབས་བདེའི་བཟོ། །གང་ཡང་མེ་ཡིས་མ་གདུང་གཅེས། །གཞན་ཡང་བྱ་ཡི་སྒོང་སྤྲི་དང་། །ཆུ་སེར་དྭངས་མ་སྦྱོར་བ་སོགས། །


སྣག་ཚ་བྱུགས་ནས་ལྷ་པར་འདེབས་བཞིན་པ།

        འཕྲལ་བདེ་ལེགས་ཀྱང་སྐྱོན་ཅན་སྤང་། །ལོ་གྲངས་ལོན་ཀྱང་མདངས་མ་ཡལ། །རླན་དང་ཕྲད་ཀྱང་འབྱར་འགོས་མེད། །བཀྲག་སྣུམ་འོད་ལྡན་མཚལ་སྣག་ནི། །གླེགས་བམ་འབྲི་བའི་བཅུད་མཆོག་གོ །དེ་ལྟར་ཡང་ངག་རྒྱུན་ལས། ། སྣག་ཤོག་སྨྱུ་གུ་མི་གཟོབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། །ཞེས་བྱ་བ་ཡིན་པས་རྒྱུ་དང་ལག་ཆ་གཟབ་ཅིང་སྣག་ལམ་གཙང་བ། འབྲུ་ཁོག་སྒྲོས་པ། ཆད་ལྷག་ནོར་འཁྲུལ་མེད་པའི་དག་པ་གསུམ་ནི་འབྲི་བྱ་ཆེ་ཕྲ་ཀུན་ལ་ཤིན་ཏུ་གཅེས་སོ། །
        གོ་རིམ་ཡང་གསུང་རབ་ཆེན་པོ་དག་ལ་གཟབ་ཆེན་གཟབ་ཆུང་། རྒྱ་གར་མཁས་པའི་གཞུང་འགྲེལ་རྣམས་འབྲུ་ཆེན། བོད་ཀྱི་གཞུང་ལུགས་རྣམས་འབྲུ་ཆུང་སྟེ་ཆེ་བའི་དབང་གིས་འཛོལ་མེད་དུ་འབྲི་བ་གནའ་བོའི་ལུགས་བཟང་ཡིན་ཞིང་། ཡིག་གསར། བརྡ་ཡིག གཏེར་ཡིག་གིས་མཚོན་པའི་ཡིག་རིགས་གཞན་པ་ནི་མཐའ་ཡས་པས་འདིར་སྤྲོར་མི་ལངས་སོ། ། ཞེས་པ་འདི་ནི་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ་དཔལ་སྤུངས་པར་གཞི་ཨཿཔོད་ལས། ཐུན་མོང་རིག་པའི་གནས་དང་འཇིག་རྟེན་པའི་ལས་རྣམ་པར་བཞག་པའི་སྐབས་སུ་བཀོད་པ་ལས་བཤུས།
        དེའང་སྡེ་དགེ་པར་ཁང་གི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། རྙིང་མ་རྒྱུད་འབུམ། བརྒྱད་སྟོང་སུམ་ཕབ། གཟུངས་གྲྭ་ལྔ། སྤྱན་རས་གཟིགས་ཀྱི་ལྷ་པར་སོགས་མཚལ་པར་ཡིན་པ་ལས། གཞན་སྣག་པར་ཁོར་ན་ཡིན། དེ་བས་སྣག་རྒྱུ་ཤིང་འབོར་ཆེན་བསྲེག་གཅོད་དགོས་པས་ནགས་སྲུང་མེ་འགོག་དང་ཁོར་ཡུག་སྦགས་བཙོག་ལ་གནོད་སྐྱོན་འབྱུང་སྲིད་པས་ལོ་ལྟར་ཉོ་སའི་གཏན་འཇག་གི་ཚོང་ཁང་ནས་ལོ་རེ་རྒྱ་མ་སྟོང་ཕྲག་ཁ་ཤས་ཉོས་པ་ལས། ད་ལྟ་པར་ཁང་རང་ནས་སྔོན་ལྟར་སྣག་ཚ་བཟོ་བཞིན་མེད། མཚལ་ནི་གཏེར་ནས་ཐོན་པའི་མཚལ་རྡོ་ཉོས་ནས་གོང་ཞུས་ལྟར་པར་ཁང་རང་གིས་ལག་ལེན་མ་ནོར་བ་བྱས་མཐར་པར་འདེབས་ཀྱི་བྱ་བ་ལ་འཇུག་པའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1