༄༅།། ཏུན་ཧོང་ཡིག་རྙིང་ལས་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་དཔྱད་པ།

བདུད་འདུལ་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 10-24



བདུད་འདུལ་རྡོ་རྗེ།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དང་འབྲེལ་བའི་ཡིག་ཆ་སོ་སོའི་གནས་བབས་དང་ཁྱད་ཆོས་ངོ་སྤྲད་དེ། ཡིག་ཆ་སོ་སོར་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་དག་ཐེར་བྱས་ཡོད་པ་དང་། ཡིག་ཚང་རིག་པའི་ཐབས་ལམ་སྤྱད་ནས་ཡིག་ཆ་ཁག་གི་འབྲེལ་བ་དང་། པར་གཞི། མདོ་འདིའི་གནའ་དེང་གི་འཕྲིན་ལས་བཅས་ཀྱི་ཆ་ལ་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] དྲི་མེད་གྲགས་པའི་མདོ། པར་གཞི། འཕྲིན་ལས། ཏུན་ཧོང་ཡིག་རྙིང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G265
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-04-0115-13
              མདོ་སྡེ་སྤྱིའི་རྣམ་བཞག་ལྟར་ན། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ ② འདི་ནི་“སངས་རྒྱས་ཀྱི་བཀའ་འཁོར་ལོ་ཐ་མར་གཏོགས་པ་དང་།” ③ ཐེག་ཆེན་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞལ་ནས་དངོས་སུ་མ་གསུངས་ཀྱང་བྱིན་གྱིས་བརླབས་པའི་བཀའ་ཡིན་པས་རྒྱལ་བའི་བཀའ་ཡི་ཁོངས་སུ་བསྡུ་བར་བྱེད། “ཁྱིམ་པའི་རྟེན་ལ་ཉམས་སུ་བླངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ནུས་པར་སྟོན་པའི་མདོའི་ནང་ནས་ཀྱང་རྒྱལ་པོ་ལྟ་བུ་གལ་ཆེ་ཤོས་སུ་” ④བརྩི་བ་དང་། རྒྱ་ནག་དང་ཉི་ཧོང་། བོད། ཀོ་ཤི་ཀའི་གླིང་སོགས་ཐེག་ཆེན་གྱི་བསྟན་པ་དར་བའི་ཡུལ་གྲུ་ཀུན་ལ་མདོ་འདིའི་འཕྲིན་ལས་ཤིན་ཏུ་རྒྱས་པར་གྱུར་པས། སོ་སོའི་བསམ་བློ་དང་རིག་གནས་ཀྱི་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་། “རྒྱ་ནག་གི་སྐད་ཁོ་ནར་འགྱུར་བདུན་ཙམ་བྱུང་བ་དང་། དེ་དག་ལས་གྲགས་ཆེ་ཤོས་ནི་ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར་དང་ཐང་ཟན་བླ་མའི་འགྱུར་གཉིས་ཡིན་ལ། དེ་གཉིས་ལས་ཀྱང་ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར་གྱི་འཕྲིན་ལས་ཤིན་ཏུ་རྒྱས་པས་” ⑤ ཉི་ཧོང་སྐད་དུ་འགྱུར་བའི་མདོའི་ཕྱི་མོ་ཡང་ལོ་ཆེན་འདིའི་འགྱུར་ཡིན་པར་གསུངས། རང་རེའི་བོད་ལ་མཚོན་ན། སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་བོད་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ལོ་ཙཱ་བ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་དང་། བཀའ་འགྱུར་གྱི་མདོ་སྡེའི་སྡེ་སྣོད་ལས་མ་དུམ་པའི་ཁུངས་སུ་བཞུགས་ཡོད། ཕྱི་གླིང་གི་ཞིབ་འཇུག་པ་ལ་ལས་བོད་དུ་མདོ་འདིའི་འཕྲིན་ལས་མ་རྒྱས་པར་བཤད་པ་ནི་བོད་ཀྱི་ཡིག་ཆ་སྤྱི་ལ་རྒྱུས་མེད་པར་འོལ་ཚོད་ཀྱིས་བཤད་པའི་གཏམ་དུ་སྣང་ལ། བཙན་པོའི་སྐབས་ཀྱི་ཏུན་ཧོང་གི་ལྡེབས་རིས་དང་ཤོག་དྲིལ་རི་མོ་སྐོར་ཞིག་གི་ངོས་སུ་མདོ་འདིའི་བརྗོད་བྱའི་བྱུང་བ་དང་འབྲེལ་ཏེ་བོད་ཀྱི་བཙན་པོའི་སྐུ་གཟུགས་བྲིས་ཡོད་པ་དང་། བཙན་པོའི་སྐུ་གཟུགས་ཕལ་ཆེ་བ་ཡང་མདོ་འདི་དང་མྱང་འདས་ཀྱི་མདོའི་ནང་དོན་གཙོར་བྱས་པའི་ལྡེབས་རིས་འབའ་ཞིག་གི་སྟེང་དུ་ཡོད། གཞན་ཡང་དབྱིན་ཇི་དང་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་ཆ་ཁག་གི་ཁྲོད་དུ་མདོ་འདིའི་བྲིས་མའི་ཆ་ཤས་སུ་གྱུར་པའི་བོད་ཡིག་གི་ཡིག་ཆ་ཨང་རྟགས་མི་འདྲ་བ་དགུ་ཡོད་པ་དང་། བསྟན་པ་ཕྱི་དར་གྱི་གྲུབ་མཐའ་ཁག་གི་ཡིག་ཆའི་ཁྲོད་དུ་མདོ་འདི་དང་འབྲེལ་བའི་ཡིག་ཆ་ཤིན་ཏུ་མང་། ⑥ད་ལྟའི་ཆར་དབྱིན་ཇིའི་སྐད་དུ་འགྱུར་ལྔ་ཡོད་པ་ལས་འགྱུར་གསུམ་གྱི་ཕྱི་མོ་བོད་ཡིག་ཡིན་པ་དང་། “དེ་བཞིན་ཉི་ཧོང་གི་ནང་པའི་མཁས་པ་ཆེན་པོ་གྲགས་པ་ན་རྒ་ཨོས་བོད་འགྱུར་ནས་ཉི་ཧོང་གི་སྐད་དུ་བསྒྱུར་ཡོད། མདོ་འདིའི་ལེགས་སྦྱར་གྱི་ཕྱི་མོ་ཆ་ཚང་ཕོ་བྲང་པོ་ཏ་ལར་བཞུགས་པ་དེ་ཉེ་ཆར་ཉི་ཧོང་དུ་པར་སྐྲུན་བྱས་པ་” ⑦སོགས་མདོར་ན་བཙན་པོའི་དུས་སྐབས་ནས་ད་ལྟའི་བར་དུ་མདོ་འདིའི་འཕྲིན་ལས་ཀྱི་རྒྱུན་མ་ཉམས་པར་འཛམ་གླིང་གི་ཤར་ནུབ་མང་པོར་རྒྱས་བཞིན་པ་འདི་ལགས།
              དེང་གི་དུས་འདིར་འཛམ་གླིང་ཤར་ནུབ་ཀྱི་ནང་པའི་རྗེས་འཇུག་པ་མང་པོས་མུ་མཐུད་དུ་མདོ་འདིའི་འགྱུར་མི་འདྲ་བ་ཁག་ལ་སློབ་སྦྱོང་བྱེད་མུས་སུ་ཡོད་པ་དང་། སྤྱི་ལོ་1900 ནས་2011 ལོའི་བར་དུ་རྒྱ་ཡིག་དང་དབྱིན་ཇིའི་སྐད་ནས་མདོ་འདིའི་རྒྱ་ཡིག་གི་འགྱུར་དང་བསམ་བློའི་སྐོར་ལ་ཞིབ་འཇུག་བྱས་པའི་རིག་གཞུང་དཔྱད་རྩོམ་256 ལྷག་ཡོད་མོད། ⑧ ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་མདོ་འདིའི་འགྱུར་དང་པར་གཞི། འཕྲིན་ལས་སོགས་ཀྱི་ཐད་ལ་ད་ལྟའི་བར་དུ་རིག་གཞུང་གི་སྒོ་ནས་ཞིབ་འཇུག་བྱས་པ་ཤིན་ཏུ་ཉུང་བས། དཔྱད་རྩོམ་འདིར་ཆེད་དུ་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་མདོ་འདིའི་པར་གཞི་མི་འདྲ་བ་ཁག་ལ་ཞིབ་བསྡུར་སྒོས་ཡིག་ཆ་སོ་སོའི་འབྲེལ་བ་དང་ལྡེབ་ཀྱི་གོང་འོག་གི་རིམ་པ་སྒྲིག་ཚུལ། པར་གཞིའི་ཁྱད་ཆོས། མདོ་འདིའི་འཕྲིན་ལས་ཀྱི་སྐོར་ལ་ཞིབ་ཏུ་དཔྱད་ཁུལ་བྱས་ཡོད་པ་དང་། ཚུལ་འདི་ལེགས་པར་རྟོགས་ན་བོད་བཙན་པོའི་དུས་སྐབས་ཀྱི་ཆོས་ལུགས་དད་མོས་དང་རིག་གནས་རྒྱུ་འགྲུལ་གྱི་འབྲེལ་བ། སྐད་གསར་བཅད་ཀྱི་འགྱུར་བ།བཙན་པོའི་དུས་སྐབས་ཀྱི་རིག་གནས་ཀྱི་རྒྱུན་སོགས་ལ་རྒྱུས་ལོན་ཏོག་ཙམ་བྱ་ཐུབ་པར་སྙམ་མོ།།
དང་པོ། དྲི་མེད་གྲགས་པའི་མདོ་བོད་ཡིག་ཏུ་བསྒྱུར་མཁན།
              བཀའ་འགྱུར་དུ་བཞུགས་པའི་དྲི་མེད་གྲགས་པའི་མདོའི་འགྱུར་བྱང་ཁག་ཏུ། “ལོ་ཙཱ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་” ⑨ ཞེས་གསལ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆོས་ཉིད་ཚུལ་ཁྲིམས་སམ་ངྷརྨྨ ་ཏཱ་ཤི་ལ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཡབ་སྲས་གཉིས་ཀྱི་རིང་ལ་འཚོ་ཞིང་བཞུགས་པའི་ཞུ་ཆེན་གྱི་ལོ་ཙཱ་བ་གྲགས་ཅན་གྱི་གྲས་ཡིན་ལ། སྒྲ་སྦྱོར་བམ་གཉིས་སུ་“བོད་ཀྱི་མཁན་པོ་རཏྣ་རཀྵིཏ་དང་། ངྷརྨྨ་ཏཱ་ཤཱི་ལ་དང་། ལོ་ཙྪ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་།  ཛ་ཡ་རཀྵི་ཏ་ད་། མཉྫུ་ཤཱི་ལ་ཝརྨ་དང་། རེནྡ ་ཤཱི་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ་” ⑩ ཞེས་པ་ནང་བཞིན་ཐེག་པ་ཆེ་ཆུང་གི་མདོ་དང་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་ཅིང་། སྐབས་དེའི་ཞུ་ཆེན་གྱི་ལོ་ཙཱ་བ་གྲགས་ཅན་དང་ལོ་ཙཱའི་བྱང་ཚད་ཤིན་ཏུ་མཐོ་བའི་གྲས་ཡིན་པས། ལོ་ཙཱ་བ་མཁས་པའི་གྲལ་དུ་བཞུགས་ཏེ། “རྗེ་བློན་གདན་འཛོམས་པ་ལ་ཞུས་ནས།ངྷརྨ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པའི་” ⑾ལས་ལ་ཞུགས་པ་དང་། ཁོང་གིས་རྒྱ་གར་གྱི་ནང་བསྟན་ཡིག་ཆ་ལས་མདོ་གལ་ཆེན་སྐོར་ཞིག་བོད་སྐད་དུ་བསྒྱུར་ཅིང་འགྱུར་རྙིང་སྐོར་ཞིག་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་སྟེ་བཀའ་འགྱུར་དུ་བཞུགས། དེ་རྣམས་ཀྱི་མཚན་བྱང་དང་འགྱུར་བྱང་སོགས་རེ་རེ་བཞིན་ཞིབ་ཏུ་བགྲང་ན།
              (1) འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་ངྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ངྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། ⑿
              (2)འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཞུགས་སོ།། རྒྱ་གར་གྱི་མཁན་པོ་ཤཱཀྱ་སེ་ན་དང་ཛྙཱ་ན་སིདྔྷི་དང་ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ངྷརྨ་ཏཱ་ཤི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ⒀
              (3)འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ངྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ⒁
              (4)འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས། གཙུག་ན་རིན་པོ་ཆེས་ཞུས་པའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་བདུན་པ།རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ངྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ⒂
              (5) འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཉིས་པ།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་སུ་རོམ་དྲ་དང་། ཤཱི་ལེན་དྲ་དང་། ཨཱ་ཙཱརྱ་ངྷརྨ་ཏ་ཤཱི་ལས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ⒃
              (6) འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས་བློ་གྲོས་མི་ཟད་པས་ཞུས་པའི་ལེའུ་ཞེས་བྱ་བ་སྟེ་བཞི་བཅུ་རྩ་ལྔ་པ། རྒྱ་གར་མཁན་པོ་སུ་རེན་དྲ་བོ་ངྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ⒄
              (7)འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཛྙ ན་སིད་ངྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ངྷརྨ་ཏཱ་ཤི་ལ་སོགས་པས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།། ⒅
              (8)འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ངྷརྨ་པཱ་ལ་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ངྷརྨ་ཏཱ་ཤཱི་ལ་དང་། པར་ཞུས་ཀྱི་ལོ་ཙཱ་བ་བནྡེ་བེན་དྲ་རཀྵི་ཏ་ལ་སོགས་པས་ཞུས་ཤིང་གཏན་ལ་ཕབ་པ།། ⒆
              (9) འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་།ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ངྷརྨ་ཏཱ་ཤཱི་ལ་དང་། རྒྱའི་ལོ་ཙྪ་བ་བན་དེ་ཏོང་ཨཱ་ཙརྱ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ⒇
              (10) འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ལོ་ཙྪ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ (21)སོགས་བཞུགས་སོ།།
གཉིས་པ། ཏུན་ཧོང་ནས་ཐོན་པའི་དྲི་མེད་གྲགས་པའི་མདོའི་པར་གཞི་ཁག་གི་ངོ་སྤྲོད།
              རྒྱལ་སྤྱིའི་ཏུན་ཧོང་ཞིབ་འཇུག་གི་དྲ་བ་རུ། ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལ་ཁྱོན་བསྡོམས་ཡིག་ཆའི་ཨང་རྟགས་མི་འདྲ་བ་དགུ་ཡོད་པ་དང་། དེ་དག་ལས་ཡིག་ཆ་དྲུག་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་པ་དང་། ཡིག་ཆ་གསུམ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད།སྤྱིར་བཏང་ད་ལྟ་“ཏུན་ཧོང་དང་ནུབ་ལྗོངས་ནས་རྙེད་པའི་བོད་ཀྱི་ཡིག་རྙིང་གི་སྤྱི་འབོར་དེ་ཆེས་ཉུང་ནའང་ཁག 18234 ལས་བརྒལ་ཡོད་” (22) པར་བརྗོད་པས། ཡུལ་གཞན་དུ་ཉར་བའི་ཏུན་ཧོང་ བོད་ཡིག་ཡིག་ཚང་གི་ཁྲོད་དུ་མདོ་འདིའི་པར་གཞི་མི་འདྲ་བ་གཞན་ཡང་ཡོད་པར་ངེས་མོད་མཐོང་བའི་བསྐལ་བ་མ་བྱུང་བས། མཐོང་ལམ་དུ་གྱུར་པའི་ཡིག་ཆ་འདི་རྣམས་དཀྱུས་སུ་བཟུང་སྟེ་དཔྱད་པར་བྱ་བ་ལ།
              གཅིག དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཡིག་ཆ་ཁག དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཨང་རྟགས་མི་འདྲ་བའི་ཡིག་ཆ་དྲུག་ཡོད་པ་དང་། དེ་དག་ནི་སོ་སོ་IOL Tib J 169 དང་IOL Tib J 180IOL Tib J 181 IOL Tib J 182 IOL Tib J 183 IOL Tib J 273བཅས་ཡིན་ལ། རེ་རེ་བཞིན་ངོ་སྤྲོད་མདོར་ཙམ་ཞུས་ན།
              IOL Tib J 169འདི་ཆོས་དཔེ་སྣ་རིང་གི་གཟུགས་སུ་ཡོད་པར་སྣང་ཡང་། ལྡེབ་གཅིག་སྟེ་ངོས་གཉིས་ལས་མེད་པ་དང་། ཤོག་བུའི་སྣེ་གཉིས་ལ་རལ་སྐྱོན་ཤིན་ཏུ་ཆེ་བས་བར་གྱི་ཡི་གེ་ཙམ་མ་གཏོགས་ལུས་མི་འདུག འདིའི་དཀྱུས་ལ་ལི་སྨི་22ཙམ་དང་ཞེང་ལ་ལི་སྨི་9ཡོད། ལྡེབ་མ་འདིའི་ཞེང་ཚད་སྤྱིར་བཏང་གི་སྣ་རིང་ལས་ཆེ་ཙམ་ཡོད་པས་ངོས་སོ་སོར་ཐིག་ཕྲེང་བརྒྱད་རེ་ཤོངས་ཡོད་པས་ཡིག་འབྲུ་ཡང་མང་ཙམ་ཤོངས་ཡོད། ཡིག་གཟུགས་ལྟོས་བཅས་ཀྱིས་ཆེ་ཞིང་བྲིས་པར་བྱང་ཆ་ལྡན་ལ། ནོར་བསུབ་ཀྱི་ཆ་ཤིན་ཏུ་ཉུང་།ལྡེབ་མ་འདི་པར་ལེན་སྐབས་ཤོག་ངོས་ཀྱི་མདུན་རྒྱབ་ནོར་བས་རྒྱལ་སྤྱིའི་ཏུན་ཧོང་ཞིབ་འཇུག་གི་དྲ་ངོས་སུ་ཤོག་ངོས་ཀྱི་གོང་འོག་ལྡོག་སྟེ་བཀོད་ཡོད་པ་དང་། སྤྱི་ལོ་2015ལོར་ནུབ་བྱང་མི་རིགས་སློབ་ཆེན་དང་དབྱིན་ཇི་རྒྱལ་གཉེར་དཔེ་མཛོད་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔར་སྐྲུན་བྱས་པའི་《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་》སུ་ཡང་གོང་འོག་ནོར་ཏེ་བཀོད་འདུག ལྡེབ་འདིའི་ནང་དོན་ཡོངས་རྫོགས་སྡེ་དགེའི་བཀའ་འགྱུར་གྱི་མ་དུམ་པའི་ལྡེབ་177གྱི་ཐིག་ཕྲེང་དྲུག་པའི་ཐུབ་པའི་པད་མས་སྟོང་པ་ཉིད་ནི་ངེས་པར་བསྒོམས་ཞེས་པ་ནས་ལྡེབ་179ཐིག་ཕྲེང་བདུན་པའི་བརྩོན་འགྲུས་ཀྱི་ཞིང་ནི་བྱང་ཆུབ་སེམས་དཔའ་ཞེས་པའི་བར་དུ་ཡོད། འགྱུར་དང་བརྡ་སྤྲོད་ཀྱི་ཆ་ནས་ད་ལྟའི་བཀའ་འགྱུར་དུ་བཞུགས་པ་དང་མི་མཐུན་ས་མང་པོ་ཡོད།དཀོན་མཆོག་འབྱུང་གནས་ལ་རིན་ཆེན་ཁུང་ཞེས་བསྒྱུར་ཡོད་པ་དང་། ཡང་དག་པ་ལ་གཙང་མ་ཞེས་བསྒྱུར་ཡོད་པས། འགྱུར་གྱི་ཕྱི་མོ་གང་ཡིན་ལ་ཡང་ཞིབ་ཏུ་བརྟག་དགོས།
              IOL Tib J 180འདི་ཆོས་དཔེ་སྣ་ཐུང་གི་གཟུགས་སུ་ཡོད་པ་དང་། ཁྱོན་བསྡོམས་ལྡེབ་མ་30སྟེ་ངོས་60ཐམ་པ་ཡོད། ལྡེབ་རེའི་དཀྱུས་ལ་ལི་སྨི་32དང་ཞེང་ལ་ལི་སྨི་7ཡོད། ངོས་སོ་སོར་ཐིག་ཕྲེང་ལྔ་རེ་དང་། མཚལ་དམར་པོས་ཐིག་དང་སྣེ་ཐིག་བརྒྱབ་ཡོད་པ་དང་། སྤྱན་འཁྱེར་རྒྱའི་ཚུལ་དུ་གཡོན་ཕྱོགས་ཀྱི་དབུ་ལ་ལྡེབ་གྲངས་ཀྱང་བཀོད་འདུག་པས་ལྡེབ་གོང་འོག་མི་འཁྲུགས་པར་ཕན་ཐོགས་ཆེན་པོ་ཐོན་ཡོད།རྒྱ་གར་གྱི་ལེགས་སྦྱར་དཔེ་རྙིང་གི་ལུགས་ལྟར་ལུང་རྒྱུན་གྱི་གནས་དཀྱིལ་དུ་བཞག་སྟེ་མཚལ་གྱིས་སྒོར་ཐིག་བྲིས་ཡོད་པ་དང་། ཡིག་གཟུགས་དེ་འདྲ་ཡག་རྒྱུ་མེད་པར་རྒྱུགས་བྲིས་བྱས་ཡོད་ལ། ལྡེབ་གྲངས་མཐུན་ཡང་ངོས་རེ་གཉིས་སྟོང་བར་བསྐྱུར་འདུག་པ་དང་། ཡི་གེ་ཆད་གསབ་བྱས་པ་ཡང་མང་ཙམ་འདུག ཡིག་ཆ་འདིའི་ལྡེབ་མ་དང་པོའི་སྟེང་དུ་ཁ་དྲུག་ཅེས་བཀོད་ཡོད་པ་དང་། དེ་ནས་ཁ་བཅུ་བཞིའི་བར་དུ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས་ལེའུ་བརྒྱད་པ་ཁོ་ན་བྲིས་ཡོད་པ་དང་། ཡང་ཁ་བཅོ་ལྔ་ནས་ཁ་སུམ་ཅུ་གཉིས་ཀྱི་བར་དུ་འཕགས་པ་ས་ལི་ལྗང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བྲིས་ཡོད། རྗེས་སུ་ཡང་དྲི་མེད་གྲགས་པའི་མདོའི་ལེའུ་བརྒྱད་པ་ལས་ཁ་འཐོར་ཙམ་བྲིས་ཡོད་པས། མ་གཞི་ནས་ཡིག་ཆ་ཁ་ཚང་ཞིག་མིན་པར་མདོ་སོ་སོ་ནས་དུམ་བུ་འགའ་རེ་བསྡུས་ཏེ་གཞི་གཅིག་ཏུ་བྲིས་པ་རྟོགས་ཐུབ། དེ་ལས་གཞན་ཡིག་ཆ་འདིའི་ལྡེབ་གྲངས་ཚང་མའི་སྟེང་དུ་གི་གུ་ཕྱིར་ལོག་གཅིག་ཀྱང་མེད་པ་དང་། བྱེད་འབྲེལ་གྱི་ཕྲད་ལའང་སྒྲིག་ལམ་ངེས་ཅན་ལྡན། གཞན་སྤྱན་འཁྱེར་རྒྱའི་རྣམ་པ་ལྟར་ལྡེབ་གྲངས་བཀོད་ཡོད་པ་དང་ཡིག་འབྲུ་རེ་གཉིས་ཙམ་ལས་སྡེ་དགེའི་བཀའ་འགྱུར་དུ་བཞུགས་པ་དང་ཡོངས་སུ་མཐུན་པ་སོགས་ལ་གཞིགས་ན་དྲི་མེད་གྲགས་པའི་མདོའི་ཡིག་ཆ་ཀུན་ལས་ཆེས་འཕྱི་ཤས་སུ་སྣང་། ནང་དོན་ནི་དྲི་མེད་གྲགས་པའི་མདོའི་ལེའུ་བརྒྱད་པ་སྟེ། གཉིས་སུ་མེད་པའི་ཆོས་ཀྱི་སྒོར་འཇུག་པའི་ལེའུ་ཁ་ཚང་ཡིན། དེ་ཡང་སྡེ་དགེའི་བཀའ་འགྱུར་ལས་མདོ་སྡེ་མ་དུམ་པའི་ལྡེབ་217རྒྱབ་ངོས་ཀྱི་ཐིག་ཕྲེང་དྲུག་པ་ནས་ལྡེབ་221ཐིག་ཕྲེང་གཉིས་པའི་བར་དུ་ཡོད།
              IOL Tib J 181འདི་ཡང་ཆོས་དཔེ་སྣ་རིང་གི་གཟུགས་སུ་ཡོད་པ་དང་། ཁྱོན་བསྡོམས་ལྡེབ་26སྟེ་ངོས་52ཡོད། ངོས་སོ་སོར་ཐིག་ཕྲེང་བཞི་རེ་ཡོད། དཀྱུས་ལ་ལི་སྨི་47དང་ཞེང་ལ་ལི་སྨི་7ཡོད། ལུང་རྒྱུན་གྱི་གནས་སུ་ཁུང་བུ་གཉིས་བསྐྱུར་འདུག་པ་དང་མཚལ་གྱིས་སྒོར་ཐིག་རེ་བྲིས་འདུག འདི་ནི་བོད་ཡིག་གི་དྲི་མེད་གྲགས་པའི་མདོའི་པར་གཞི་ཀུན་ལས་ལྡེབ་མ་ཆེས་མང་ཤོས་དང་། ཡིག་གཟུགས་ཆེས་གསལ་བ་དེ་ཡིན་ལ། སྤྱན་འཁྱེར་རྒྱ་མེད་པ་དང་ཤོག་གྲངས་བྲིས་མེད་པས་པར་ལེན་སྐབས་ལྡེབ་ཀྱི་སྔ་ཕྱི་ནོར་བ་ཆེས་མང་བའང་འདི་ཡིན། ཡིག་ཆ་ཁ་ཐོར་ཡིན་པ་ལས་རལ་སྐྱོན་གྱི་ཆ་ཅི་ཡང་བྱུང་མེད་པ་དང་། ཡིག་གཟུགས་མཛེས་ཤིང་བྲིས་པ་ཞིབ་ཚགས་ཡིན་པ་དང་། ནོར་བསུབ་ཀྱི་ཆ་ཤིན་ཏུ་ཉུང་བས་ཏུན་ཧོང་ནས་བྱུང་བའི་དྲི་མ་མེད་པར་གྲགས་པའི་མདོའི་ཡིག་ཆ་ཀུན་ལས་སྤུས་དག་ཏུ་བརྩིས་ཆོག ཡིག་ཆ་འདིའི་ནང་དོན་ཡོངས་རྫོགས་མདོའི་ལེའུ་དང་པོ་ནས་ལེའུ་བཞི་པའི་ཁོངས་སུ་ཡོད་པ་དང་། སྡེ་དགེའི་བཀའ་འགྱུར་གྱི་མ་དུམ་པའི་ལྡེབ་175དབུ་ནས་བརྩམས་ཏེ་ལྡེབ་201རྒྱབ་ངོས་ཀྱི་ཐིག་ཕྲེང་དང་པོའི་བར་དུ་ཡོད། ཡིག་ཆ་འདི་དང་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཡིག་ཆ་ཨང་རྟགས་P.T613གཉིས་ཀྱང་དཔེ་ཆ་གཅིག་གི་ལྡེབ་གྲངས་སུ་ངེས། རྒྱལ་སྤྱིའི་ཏུན་ཧོང་ཞིབ་འཇུག་གི་དྲ་བར་ཡིག་ཆ་འདིའི་ལྡེབ་ཀྱི་གོང་འོག་གི་རིམ་པ་ནོར་བ་ཇི་བཞིན་《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་》སུ་ཡང་སོར་བཞག་བྱས་ཡོད་པས། གཤམ་དུ་ཡིག་ཆ་འདིའི་ལྡེབ་མ་རེ་རེ་བཞིན་བཀའ་འགྱུར་དུ་བཞུགས་པའི་དྲི་མེད་གྲགས་པའི་མདོ་དང་བསྟུན་ཏེ་གོང་འོག་གི་རིམ་པ་དག་པར་བསྒྲིགས་ཏེ་རེའུ་མིག་ཏུ་བཀོད་ཡོད།
 
 
              IOL Tib J 182འདིར་ལྡེབ་གཅིག་སྟེ་ངོས་གཉིས་ཡོད། ངོས་སོ་སོར་ཐིག་ཕྲེང་དྲུག་རེ་ཡོད་པ་དང་། དཀྱུས་ལ་ལི་སྨི་64དང་ཞེང་ལ་ལི་སྨི་9.7ཡོད། ངོས་གཉིས་སུ་ལུང་རྒྱུན་གྱི་གནས་ཏེ་སྒོར་ཐིག་འབྲི་སའི་སྟོང་ཆ་བསྐྱུར་མེད་པ་དང་།  སྣེ་གཉིས་ལ་རལ་སྐྱོན་ཅི་ཡང་བྱུང་མེད་པས་ཡིག་གཟུགས་གསལ་ཞིང་ཆད་སྐྱོན་ཤིན་ཏུ་ཉུང་། ཡིག་གཟུགས་མཛེས་ཤིང་བྲིས་པར་བྱང་ཆ་ལྡན་ལ། ཡིག་ཆ་གཞན་དང་བསྡུར་ན་ངོས་རེར་ཡི་གེ་མང་པོ་ཤོངས་ཡོད། འདི་ལ་སྤྱན་འཁྱེར་རྒྱ་དང་ཤོག་གྲངས་འདུག་པས་པར་ལེན་སྐབས་ལྡེབ་ཀྱི་མདུན་རྒྱབ་ནོར་ཏེ་རྒྱབ་ཤོག་སྔོན་དང་མདུན་ཤོག་རྗེས་སུ་བཞག་ཡོད་པས་གོང་འོག་གི་རིམ་པ་ནོར་འདུག སྤྱིར་བཏང་བཙན་པོའི་དུས་སྐབས་ཀྱི་སྔ་མའི་ཆོས་དཔེ་སྣ་རིང་རྣམས་ལ་སྤྱན་འཁྱེར་རྒྱ་དང་ཤོག་གྲངས་མེད་ཀྱང་མདུན་རྒྱབ་མི་ནོར་བའི་ཆེད་དུ་མདུན་ཤོག་གི་དབུ་ལ་ནམ་ཡང་དབུ་ཁྱུད་ཕྱེད་ཀ་ཞིག་འབྲི་བའི་སྲོལ་ཡོད་པ་དང་། དབུ་ཁྱུད་ཀྱི་ཆེས་ཐོག་མའི་རྣམ་པའང་ཡིན། པར་ལེན་པས་ད་ལྟའི་གནས་སྟངས་ལྟར་སྤྱན་འཁྱེར་རྒྱ་དང་ཤོག་གྲངས་བཀོད་ཡོད་པ་དེ་མདུན་ངོས་ཡིན་ཤག་བྱས་ཏེ་པར་བླངས་པས་མདུན་རྒྱབ་ལ་ནོར་བ་བྱུང་འདུག ཡིག་ཆ་འདིའི་ནང་དོན་གྱི་ཆ་ནས་མདོའི་ལེའུ་གཉིས་པའི་མཇུག་དང་གསུམ་པའི་སྟོད་ཀྱི་ཆ་ཤས་སུ་འདུག་པ་དང་། བཀའ་འགྱུར་སྡེ་དགེའི་པར་མའི་མ་དུམ་པའི་ལྡེབ་183ཐིག་ཕྲེང་བདུན་པ་ནས་ལྡེབ་184ཐིག་ཕྲེང་དྲུག་པའི་བར་དུ་ཡོད། བརྡ་སྤྲོད་ཀྱི་ཆ་ནས་ད་ལྟ་བཀའ་འགྱུར་དུ་བཞུགས་པའི་མདོ་དང་ཕལ་ཆེར་འདྲ་མོད། ཚིག་གི་སྔ་ཕྱི་བརྗེ་བ་ཅུང་མང་བ་དང་འགྱུར་གྱི་ཐ་སྙད་ཀྱི་ཆ་ནས་བཀའ་འགྱུར་དུ་བཞུགས་པའི་མདོ་དང་ཤིན་ཏུ་ཉེ།
              IOL Tib J 183འདིར་ལྡེབ་གཅིག་སྟེ་ངོས་གཉིས་ལས་མེད་པ་དང་། དཀྱུས་ལ་ལི་སྨི་41དང་ཞེང་ལ་ལི་སྨི་8ཡོད།ངོས་སོ་སོར་ཐིག་ཕྲེང་དྲུག་རེ་དང་དཀྱིལ་གྱི་ལུང་རྒྱུན་རྒྱུ་སའི་ཆ་དེར་སྒོར་ཐིག་བྲིས་མེད་པར་བར་སྟོང་དུ་བསྐྱུར་ཡོད་པ་དང་། རལ་སྐྱོན་སོགས་ཆེར་བྱུང་མེད་པས་ཡིག་གཟུགས་ཤིན་ཏུ་གསལ། ཡི་གེའི་ཆེ་ཆུང་སྙོམས་ཞིང་སྨྱུག་རིམ་ལ་བྱང་ཆ་ལྡན་པ་དང་། ནོར་བསུབ་ཀྱི་ཆའང་ཤིན་ཏུ་ཉུང་། མཚལ་གྱིས་ཐིག་གསལ་ལ་མི་གསལ་བ་ཞིག་བརྒྱབ་ཡོད་པ་དང་། ཡིག་རྙིང་ཕལ་ཆེར་དང་མཐུན་པར་མདུན་ཤོག་གི་དབུ་ལ་དབུ་ཁྱུད་ཕྱེད་ཙམ་དང་ཉིས་ཤད་བྲིས་ཡོད། བརྡ་སྤྲོད་ཀྱི་ཆ་ནས་ད་དྲག་བཞག་པ་ཅུང་མང་ལ། སྟོནད་དང་བསྟནད། ཤིནད་དུ། མྱི་བསྒྱུརད་སོགས་ཡོད་པ་དང་། འ་ལ་ཙ་རྟགས་བཞག་པ། སྡེ་བ་གཅིག་གི་ཐ་སྙད་ཕན་ཚུན་བརྗེ་བ། བྱེད་འབྲེལ་གྱི་ཕྲད་གང་བདེར་སྤྱོད་པ། ཚེག་དྲག་མང་བ། གི་གུ་ཕྱིར་ལོག་མང་བ། ངོས་འདི་གཉིས་ཁོ་ནར་ཡང་གི་གུ་ཕྱིར་ལོག་པ་ཉེར་ལྔ་ཙམ་གྱིས་མི་ཚད་པ་སོགས་ཡིག་རྙིང་གི་ཁྱད་ཆོས་མང་པོ་ཞིག་འཛོམས་ཡོད། འགྱུར་གྱི་ཐ་སྙད་ཀྱི་ཆ་ནས་ཡང་དག་པར་རྫོགས་པ་ལ་གཡུང་དྲུང་རྫོགས་པ་བཀོལ་བ་སོགས་འགྱུར་རྙིང་གི་ཁྱད་ཆོས་དུ་མ་ལྡན། ནང་དོན་གྱི་ཆ་ནས་མདོའི་ཟད་པ་མེད་པའི་ལེའུ་སྟེ་ལེའུ་བཅུ་པའི་ཆ་ཤས་ཤིག་ཡིན་པ་དང་། སྡེ་དགེའི་བཀའ་འགྱུར་གྱི་མ་དུམ་པའི་ལྡེབ་228ཐིག་ཕྲེང་བདུན་པ་ནས་རྒྱབ་ངོས་ཀྱི་ཐིག་ཕྲེང་བདུན་པའི་བར་དུ་ཡོད།
              IOL Tib J 273འདི་ལ་ལྡེབ་གཅིག་སྟེ་ངོས་གཉིས་ལས་མེད་པ་དང་། ངོས་སོ་སོར་ཐིག་ཕྲེང་དྲུག་རེ་ཡོད། དཀྱུས་ལ་ལི་སྨི་41.2དང་ཞེང་ལ་ལི་སྨི་8ཡོད། ལྡེབ་ཀྱི་དཀྱིལ་དུ་ལུང་རྒྱུན་རྒྱུ་སའི་ཆ་དེར་སྒོར་ཐིག་བྲིས་མེད་པར་བར་སྟོང་དུ་བསྐྱུར་བ། ནང་དུ་ཚེག་དྲག་ཅུང་མང་བ་དང་འ་ལ་ཙ་རྟགས་བཞག་པ། ད་དྲག་མང་བ། བྱེད་འབྲེལ་གྱི་ཕྲད་གང་བདེར་སྤྱོད་པ་སོགས་གོང་གི་ཡིག་ཆ་IOL Tib J 183དང་ཤིན་ཏུ་འདྲ། ནང་དོན་གྱི་ཆ་ནས་ཆོས་གཏད་པའི་ལེའུ་སྟེ་བཅུ་གཉིས་པའི་མཇུག་གི་ཆ་ཤས་ཤིག་ཡིན་པ་དང་།ལྡེབ་འདིའི་ནང་དོན་གྱི་ཆ་ནི་བཀའ་འགྱུར་སྡེ་དགེའི་པར་མའི་མ་དུམ་པའི་ལྡེབས་238ཐིག་ཕྲེང་བདུན་པའི་མཇུག་ནས་ལྡེབས་239རྒྱབ་ངོས་ཀྱི་ཐིག་ཕྲེང་དང་པོའི་བར་དུ་ཡོད།
གཉིས། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཡིག་ཆ་ཁག་གསུམ། P.T 610འདིར་ལྡེབ་གཉིས་ཏེ་ངོས་བཞི་ཡོད་པ་དང་། ལྡེབ་རེའི་དཀྱུས་ལ་ལི་སྨི་41དང་ཞེང་ལ་ལི་སྨི་8ཡོད། ངོས་སོ་སོར་ཐིག་ཕྲེང་བཞི་རེ་དང་ལྡེབ་མ་དང་པོ་ལ་རལ་སྐྱོན་ཅུང་ཆེ་བས་ཡིག་འབྲུ་མང་པོ་ཞིག་གསལ་པོར་མཐོང་མི་ཐུབ་མོད། ལྡེབ་གཉིས་པ་ལ་རལ་སྐྱོན་ཅུང་ཟད་ཀྱང་བྱུང་མེད་པས་ཡིག་འབྲུ་ཐམས་ཅད་ཤིན་ཏུ་གསལ་བ་དང་། གོང་གི་IOL               Tib J183དང་IOLTib J 273ནང་བཞིན་ཅུང་ཙམ་རྒྱུགས་འབྲི་བྱས་ཡོད་ཀྱང་ཡི་གེའི་ཆེ་ཆུང་སྙོམས་ཞིང་སྨྱུག་རིམ་ལ་བྱང་ཆ་ལྡན་པ་དང་། ནོར་བསུབ་ཉུང་བ། མཚལ་གྱིས་ཐིག་བརྒྱབ་ཡོད་པ། ལྡེབ་རེ་རེའི་མདུན་ཤོག་གི་དབུ་ཁྱུད་འབྲི་སྟངས། ནང་དུ་ཚེག་དྲག་ཅུང་མང་བ། འ་ལ་ཙ་རྟགས་བཞག་པ། ད་དྲག་མང་བ། བྱེད་འབྲེལ་གྱི་ཕྲད་གང་བདེར་སྤྱོད་པ། འགྱུར་གྱི་ཐ་སྙད་ཀྱི་ཆ་ནས་ཡང་དག་པར་རྫོགས་པ་ལ་གཡུང་དྲུང་རྫོགས་པ་བཀོལ་བ་སོགས་ཐམས་ཅད་འདྲ་མཚུངས་སུ་སྣང་། ལྡེབ་མ་འདི་གཉིས་ཀའི་ནང་དོན་མདོའི་ལེའུ་བཅུ་གཅིག་པའི་མཇུག་དང་ལེའུ་བཅུ་གཉིས་པའི་དབུའི་ཆ་ཤས་ཤིག་ཡིན་ལ། སྡེ་དགེའི་བཀའ་འགྱུར་གྱི་མ་དུམ་པའི་ལྡེབ་234རྒྱབ་ངོས་ཀྱི་ཐིག་ཕྲེང་དང་པོའི་མཇུག་ནས་ལྡེབ་236རྒྱབ་ངོས་ཀྱི་ཐིག་ཕྲེང་གསུམ་པའི་བར་དུ་ཡོད།
              P.T 611འདིར་ལྡེབ་མ་གཅིག་སྟེ་ངོས་གཉིས་ལས་མེད་པ་དང་། ཆོས་དཔེ་སྣ་ཐུང་གི་གཟུགས་སུ་ཡོད། དཀྱུས་ལ་ལི་སྨི་27.5དང་ཞེང་ལ་ལི་སྨི་7.4ཡོད། དཀྱིལ་གྱི་ལུང་རྒྱུན་གྱི་གནས་སུ་སྟོང་ཆ་གཅིག་བསྐྱུར་འདུག་པ་དང་ངོས་སོ་སོར་ཐིག་ཕྲེང་ལྔ་རེ་དང་ཡིག་གཟུགས་དེ་འདྲ་ཡག་རྒྱུ་མེད། ལྡེབ་འདིའི་གཡོན་ཕྱོགས་ཀྱི་སྣེ་ལ་རལ་སྐྱོན་ཅུང་ཙམ་བྱུང་བས། མདུན་རྒྱབ་ནོར་ཏེ་པར་བླངས་པ་དང་ཤོག་ངོས་ཀྱི་གོང་འོག་ནོར་འདུག སྤྱིར་བཏང་མདུན་ཤོག་གི་དབུའི་དབུ་ཁྱུད་ཕྱེད་ཀ་ལ་བརྟེན་ནས་མདུན་རྒྱབ་ནོར་མི་སྲིད་ཀྱང་། འདིའི་སྣེ་ལ་རལ་སྐྱོན་བྱུང་བས་སྤྱན་འཁྱེར་རྒྱའི་གནས་སུ་ཉྀས་བརྒྱ་ཞེས་ཤོག་ངོས་བཀོད་པ་གཞིགས་ཏེ་རྒྱལ་སྤྱིའི་ཏུན་ཧོང་ཞིབ་འཇུག་གི་དྲ་ངོས་དང་《དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་》སུ་ཡང་གོང་འོག་ནོར་ཏེ་བཀོད་འདུག བརྡ་སྤྲོད་དང་འགྱུར་གྱི་ཆ་ནས་བཀའ་འགྱུར་དུ་བཞུགས་པའི་མདོ་དང་ཉེ་ཞིང་། ཁྱད་ཆོས་དམིགས་བསལ་བ་ཞིག་ནི་སྐུང་ཡིག་གཉིས་ཙམ་བྱུང་ཡོད་པ་དང་། གང་དག་ལ་གག་དང་། གཞོན་ནུ་ལ་གཞོནུ་ཞེས་བྲིས་འདུགནང་དོན་གྱི་ཆ་ནས་མདོའི་དེ་བཞིན་གཤེགས་པ་མི་འཁྲུགས་པ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའི་མཇུག་དང་དམ་པའི་ཆོས་གཏད་པའི་ལེའུ་སྟེ་བཅུ་གཉིས་པའི་དབུའི་ཆ་ཤས་ཤིག་ཡིན། སྡེ་དགེའི་བཀའ་འགྱུར་གྱི་མ་དུམ་པའི་ལྡེབ་234རྒྱབ་ངོས་ཀྱི་ཐིག་ཕྲེང་གསུམ་པའི་མཇུག་ནས་ལྡེབ་234རྒྱབ་ངོས་ཀྱི་ཐིག་ཕྲེང་བདུན་པའི་བར་དུ་ཡོད།
              P.T.613འདིར་ལྡེབ་མ་བཅུ་དྲུག་སྟེ་ངོས་སོ་གཉིས་ཡོད་པས། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་དྲི་མེད་གྲགས་པའི་མདོའི་ཡིག་ཆ་ལས་ལྡེབ་གྲངས་ཆེས་མང་ཤོས་དེ་ཡིན། སོ་སོའི་དཀྱུས་ལ་ལི་སྨི་48དང་ཞེང་ལ་ལི་སྨི་7.2ཡོད། ཡིག་ཆ་འདི་ལས་ལྡེབ་མ་བདུན་གྱི་ཕྱེད་ཀ་ལས་ལྷག་མི་འདུག་པས་ད་ལྟ་ང་ཚོའི་མཐོང་ལམ་དུ་གྱུར་བའི་ངོས་བཅུ་བཞི་ནི་ཕྱེད་ཀ་ཁོ་ན་ཡིན། དེ་མིན་གྱི་ལྡེབ་མ་ཚང་མའི་མགོ་མཇུག་ལ་རལ་སྐྱོན་སོགས་ཅི་ཡང་བྱུང་མེད་པས། པར་ངོས་ཡི་གེ་ཡོད་ཚད་ཤིན་ཏུ་གསལ། འདིར་ལྡེབ་མ་ཐམས་ཅད་དཔེ་ཆ་གཅིག་ལས་བྱུང་བའི་ཁ་འཐོར་ལྟར་ཐམས་ཅད་ལྷན་དུ་བཞག་ཡོད་མོད། ཞིབ་ཏུ་བརྟག་ན་ཡིག་ཆ་འདི་ཡང་པར་གཞི་མི་མཐུན་པ་གཉིས་ཡིན་ནམ་སྙམ།ཤོག་ངོས་གཅིག་ནས་བཅུ་བར་དང་། བཅུ་གཅིག་ནས་སོ་གཉིས་བར་གྱི་ཡིག་གཟུགས་མངོན་གསལ་གྱིས་མི་འདྲ་བ་དང་། ཁག་དང་པོར་ཚེག་ཕལ་ཆེ་བ་དཀྱིལ་ཚེག་གི་ཚུལ་དུ་ཡོད་པ་དང་། ཚེག་སྐོར་ཞིག་ཡི་གེའི་ཞབས་འོག་ཏུ་ཡོད། ཁག་གཉིས་པར་ཚེག་ཐམས་ཅད་དཀྱིལ་ཚེག་གི་ཚུལ་དུ་ཡོད་པས། ཡིག་གཟུགས་དང་ཚེག་འཇོག་སྟངས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད། ཡིན་ཡང་ནང་དོན་གྱི་ཆ་ནས་བསྐྱར་བཟློས་སུ་སོང་མེད་པ་དང་འགྱུར་གྱི་ཐ་སྙད་ཀྱི་ཆ་ནས་ཁྱད་པར་ཆེན་པོ་མེད་པས་དཔེ་ཆ་གཅིག་མི་གཉིས་ཀྱིས་འབྲི་བ་ཡང་སྲིད་པས་བརྟག་པར་བྱ། ནང་དོན་གྱི་ཆ་རྣམས་ལེའུ་དང་པོ་ནས་གསུམ་པའི་བར་དུ་ཡོད་ལ། སྡེ་དགེའི་བཀའ་འགྱུར་གྱི་མ་དུམ་པའི་ལྡེབ་176ཐིག་ཕྲེང་ལྔ་པ་ནས་ལྡེབ་189ཐིག་ཕྲེང་བདུན་པའི་བར་དུ་ཡོད།
གསུམ་པ། ཡིག་ཆ་ཁག་གི་འབྲེལ་བ།
              ཀུན་གྱིས་ཤེས་གསལ་ལྟར་སི་ཐེན་དང་ཕད་ལེ་ཨོ་གཉིས་སྔ་རྗེས་སུ་ཏུན་ཧོང་དུ་བསླེབས་ནས། བྲག་ཕུག་ཨང་བཅུ་བདུན་པ་ལས་ཡིག་ཚང་ཁག་སོ་སོར་ཁྱེར་བ་དང་། དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཡིག་ཚང་ཚང་མ་བྲག་ཕུག་གཅིག་ལས་བྱུང་བས། རྒྱལ་ཁབ་འདི་གཉིས་གཙོ་བྱས་པའི་རྒྱལ་ཁབ་སོ་སོའི་ཡིག་ཚང་ཁག་གི་འབྲེལ་བ་ལ་དཔྱད་པ་བཏང་ན་ཡིག་ཚང་སྐོར་ཞིག་ཆ་ཇེ་ཚང་དུ་གཏོང་ཐུབ་པ་དང་། སྔ་མའི་བཞིན་རས་ཇེ་གསལ་དུ་གཏོང་ཐུབ། ཡིག་ཚང་སོ་སོས་ཕན་ཚུན་ལ་ཁ་སྐོང་དང་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ་སྟེ། དྲི་མེད་གྲགས་པའི་མདོ་ལྟ་བུར་མཚོན་ན། པར་གཞི་གཅིག་གི་ཆ་ཤས་ཤིག་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་པ་དང་། ཆ་ཤས་གཞན་ཞིག་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཡོད་པས། སྔ་དུས་ཀྱི་ཡིག་ཚང་འདི་ཁ་འཐོར་གྱི་རྣམ་པར་བཏང་ཡོད་པ་དང་། ང་ཚོས་ཡིག་ཆའི་ཨང་རྟགས་གཅིག་ཁོ་ན་དཔྱད་གཞིར་བཟུང་སྟེ་དཔྱད་པ་བཏང་ན། ཞིབ་འཇུག་གི་འབྲས་བུར་གོ་འཛོལ་འབྱུང་ངེས་པ་དང་། འབྲས་བུ་ཡང་འཐུས་ཚང་ཡག་པོ་ཞིག་ལོན་ཐབས་མེད་པས།ཡུལ་གྲུ་སོ་སོར་ཉར་བའི་འབྲེལ་ཡོད་ཡིག་ཆ་ཁ་འཐོར་རྣམས་ལྷན་དུ་བསྡུས་ཏེ་དཔྱད་ན་ཡིག་ཆའི་སྔར་ཡོད་ཀྱི་བཞིན་རས་ཇེ་གསལ་དུ་གཏོང་ཐུབ་པ་དང་། པར་གཞི་ཞིབ་འཇུག་དང་སྐབས་དེའི་འགྱུར་གྱི་གནས་ཚུལ་ལ་སྔར་ལས་ལྷག་པའི་དཔྱད་ཞིབ་ཡག་པོ་བྱ་ཐུབ། གཤམ་དུ་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དང་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་དྲི་མེད་གྲགས་པའི་མདོའི་ཡིག་ཆ་ཁག་གི་འབྲེལ་བའི་ཆ་ནས་དཔྱད་པར་བྱ་བ།
              གཅིག IOL Tib J 181དང་P.T613ཡིག་ཆ་འདི་གཉིས་ཀ་ཆོས་དཔེ་སྣ་རིང་གི་གཟུགས་སུ་ཡོད་པ་དང་། ཆེ་ཆུང་གི་ཆ་ནས་IOLTib J 181གི་དཀྱུས་ལ་ལི་སྨི་47དང་ཞེང་ལ་ལི་སྨི་7ཡོད་པ་དང་། P.T613ཡི་དཀྱུས་ལ་ལི་སྨི་48དང་ཞེང་ལ་ལི་སྨི་7.2ཙམ་ཡོད་པས་ཁྱད་པར་ཅུང་ཙམ་ཡོད་མོད། འདི་ཡང་དབྱིན་ཇི་དང་ཧྥ་རན་སིའི་ཚད་འཇལ་སྟངས་མི་མཐུན་པའམ་དཔེ་ཆའི་ཉར་ཚགས་ཀྱི་གནས་བབས་མི་འདྲ་བའི་དབང་གིས་ཡིན་ནམ་སྙམ། ཡིག་ཆ་འདི་གཉིས་ལྷན་དུ་བཞག་རྗེས་དེ་ཡང་ཁག་གཉིས་སུ་བགོས་ཆོག་སྟེ། IOL Tib J 181 ལྡེབ་དང་པོ་དང་། P.T613ལྡེབ་དང་པོ་ནས་ལྔ་པའི་བར་གྱི་ཆ་རྣམས་ཁག་དང་པོ་དང་། IOL Tib J 181ལྡེབ་གཉིས་པ་ནས་ཉེར་ལྔའི་བར་དང་། P.T613གྱི་ལྡེབ་དྲུག་པ་ནས་བཅུ་དྲུག་པ་རྣམས་ཁག་གཉིས་པ་རུ་བཞག་ཆོག ཁག་དང་པོར་འདུས་པའི་ལྡེབ་རྣམས་ཀྱི་ཡིག་གཟུགས་དང་། སྣག་ཚ། ཐིག་ཕྲེང་།ཚེག་གི་འཇོག་སྟངས། འགྱུར་གྱི་ཁྱད་ཆོས་དང་སྐུང་ཡིག་འབྲི་ཚུལ་སོགས་གང་གི་ཆ་ནས་བརྟག་ཀྱང་ཡིག་མཁན་གཅིག་གིས་བྲིས་པ་དང་། ཁག་དང་པོའི་ནང་དོན་ཡོངས་རྫོགས་མདོའི་ལེའུ་དང་པོའི་སྟོད་ཀྱི་ཆར་གཏོགས་པས་པར་གཞི་གཅིག་གི་དུམ་བུ་ལས་སོ་སོར་གྱེས་པ་ཤེས་ཐུབ། ཁག་གཉིས་པའི་ལྡེབ་རྣམས་ཀྱི་ཡིག་གཟུགས་དང་ཚེག་གི་འཇོག་སྟངས། དབུ་ཤད་འབྲི་སྟངས་སོགས་གང་ཐད་ནས་བརྟག་ཀྱང་འབྲི་མཁན་གཅིག་གིས་བྲིས་པ་ཤེས་ཐུབ་པ་དང་། གཞན་ཡིག་ཆ་གཉིས་ཀྱི་ལྡེབ་མ་རྣམས་གོང་འོག་རིམ་པ་ལྟར་བསྒྲིགས་དུས་ཤོག་ངོས་ཀྱི་སྔ་ཕྱི་ཡང་ཏག་ཏག་འགྲིག་འགྲོ་བས། དཔེ་ཆ་གཅིག་ལས་དུམ་བུ་སོ་སོར་གྱེས་པ་ཤེས་སླ། ཡིག་ཆ་གཉིས་ཀྱི་གོང་འོག་གི་རིམ་པ་དང་འབྲེལ་བ་ལེགས་པར་སྟོན་ཆེད་རེའུ་མིག་ཏུ་བཀོད་ན་གཤམ་གསལ་ལྟར་ཡིན་ནོ།།
 
              གཉིས། IOL Tib J 183 དང་P.T 610 IOL Tib J 273བཅས་ཡིག་ཆ་ཁག་འདི་གསུམ་ཡང་པར་གཞི་གཅིག་ལས་སོ་སོར་གྱེས་པར་འདོད། ཡིག་ཆ་འདི་གསུམ་ལས་IOL Tib J 183དང་P.T 610གཉིས་ཀྱི་ཤོག་བུའི་ཆེ་ཆུང་ཡོངས་སུ་མཚུངས་པ་དང་། IOL Tib J 273དཀྱུས་ཀྱི་རིང་ཚད་གོང་གི་ཡིག་ཆ་གཉིས་དང་ཡོངས་སུ་མཚུངས་པ་དང་། ཞེང་གི་མཐོ་ཚད་གོང་གི་ཡིག་ཆ་གཉིས་ལས་ལི་སྨི་0.2ཙམ་གྱིས་ཆེ། འདི་ཡང་ཚད་སྟངས་མི་འདྲ་བའམ་ཤོག་བུའི་ཉར་ཚགས་ཀྱི་ཆ་རྐྱེན་ལ་རག་ལས་པར་སྙམ། གཞན་ཡིག་ཆ་འདི་གསུམ་གྱི་ཡིག་གཟུགས་དང་སྣག་ཚ། ཐིག་ཕྲེང་། འགྱུར་དང་བརྡ་སྤྲོད་ཀྱི་ཁྱད་ཆོས། སྐུང་ཡིག་འབྲི་ཚུལ་སོགས་གང་ལ་བརྟག་ཀྱང་གཅིག་མཐུན་ཏུ་འགྲོ་བ་དང་། ཡིག་ཆ་འདི་གསུམ་པོ་ཡང་མདོ་འདིའི་ལེའུ་བཅུ་པ་དང་བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་ཆ་ཤས་ཡིན་པས། མདོ་འདིའི་མཇུག་གི་ལེའུ་གསུམ་ལས་བྱུང་བ་དང་། གོང་གི་ཁྱད་ཆོས་ཁག་ལ་གཞིགས་ན་ཡིག་ཆ་འདི་གསུམ་པར་གཞི་གཅིག་གི་དཔེ་ལས་དུམ་བུ་སོ་སོར་གྱེས་པ་ཡང་ཤེས་ཐུབ།
གསུམ། IOL Tib J 169དང་IOL Tib J 180 IOL Tib J 182P.T 611བཅས་ནི་པར་གཞི་མི་འདྲ་བ་འབའ་ཞིག་ལས་བྱུང་བས།སོ་སོའི་ཡིག་གཟུགས་དང་ཤོག་བུ། འགྱུར་ཡིག བརྡ་སྤྲོད་བཅས་ཀྱི་ཐད་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང་། པར་གཞིའི་དུས་ཀྱི་སྔ་ཕྱི་ལས་པར་གཞི་རང་སྟེང་ནས་ཕན་ཚུན་བར་ལ་འབྲེལ་བ་ཆེར་མེད།
བཞི་པ། མདོ་འདིའི་འཕྲིན་ལས་དང་ཤུགས་རྐྱེན། 
              སྤྱིར་བཏང་སངས་རྒྱས་ཀྱི་བཀའ་དང་དགོངས་འགྲེལ་བསྟན་བཅོས་མང་པོར་འཁོར་བའི་ཉེས་དམིགས་དང་ཁྱིམ་ན་གནས་པའི་སྐྱོན་མང་པོ་བསྟན་ཏེ། རབ་ཏུ་བྱུང་བ་ལ་གཞོལ་བར་བྱ་བའི་བཀའ་མང་པོ་གསུངས་ཡོད་མོད། མདོ་འདིའི་ནང་གི་མི་སྣ་གཙོ་བོ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པ་ནི་ཁྱིམ་པའི་རྟེན་ལ་ནང་ཆོས་སུ་ཉམས་ལེན་མཁན་ཞིག་དང་། རྟེན་དེ་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་ནུས་པར་སྟོན་མཁན་ཞིག་ཡིན་པས། ནང་པའི་རྗེས་འཇུག་རྟེན་ཁྱིམ་པ་བ་རྣམས་ཀྱི་བློ་ལ་ཤིན་ཏུ་འཕྲོད་པར་གྱུར་པ་དང་། མདོའི་འཕྲིན་ལས་ཀྱང་ཕྱོགས་སྣ་མང་ནས་རྒྱ་ཆེར་འཕེལ་བར་གྱུར། རྒྱ་ནག་ལ་མཚོན་ན། ད་ལྟ་དཔེ་རྒྱུན་ཆད་པར་གྱུར་བའི་མདོ་འདིའི་རྒྱ་འགྱུར་ཐོག་མ་དེ་སྤྱི་ལོ་188ཡས་མས་སུ་བྱུང་བས། མདོ་འདི་སྤྱི་ལོའི་དུས་རབས་དང་པོ་ནས་བྱུང་བར་འདོད་པ་དང་། (23) སྔ་རྗེས་སུ་ཐེངས་བདུན་ལ་བསྒྱུར་བའི་ཁྲོད་དུ་ད་ལྟ་ང་ཚོས་མཐོང་དུ་ཡོད་པ་ནི། དགེ་བསྙེན་ཀྲི་ཆན་གྱི་འགྱུར་དང་། ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར། ཐང་ཟིང་བླ་མའི་འགྱུར་གསུམ་ཡིན་ལ། དེ་དག་ལས་འགྱུར་ལེགས་པའི་ཚད་དུ་བྱེད་པ་ནི་ལོ་ཆེན་གཞོན་ནུའི་སྲོག་དང་ཐང་ཟིང་བླ་མའི་འགྱུར་གཉིས་ཡིན། དེ་གཉིས་ལས་ཀྱང་འཕྲིན་ལས་ཆེས་ཆེར་རྒྱས་པ་ནི་ལོ་ཆེན་གཞོན་ནུའི་སྲོག་གི་འགྱུར་རོ།།རྒྱ་ནག་གི་བསམ་གཏན་པའི་ཤིང་རྟའི་སྲོལ་འབྱེད་དུ་བསྔགས་པའི་དྷརྨོཏྟ་རས་ཆོས་སྤྱོད་ཐུན་བཞིའི་འགྲེལ་བའི་སྐབས་སུ་དྲི་མེད་གྲགས་པའི་མདོ་ལས་ལུང་འདྲེན་མཛད་ཡོད་པ་དང་། (24)  རྗེས་ཀྱི་བསམ་གཏན་མཁན་པོ་རྣམས་ཀྱིས་ཀྱང་མདོ་འདི་ལས་ལུང་འདྲེན་མང་དུ་གནང་ཞིང་། བསམ་གཏན་པའི་མདོ་གསུམ་གྱི་ཡ་གྱལ་དུ་གྱུར་བས། བསམ་གཏན་པའི་ལྟ་བའི་ཕྱོགས་ལ་ཤན་ཤུགས་ཆེན་པོ་ཐེབས།ལྷག་པར་སེ་ཐང་རྒྱལ་རབས་གཉིས་ཀྱི་སྐབས་སུ་མདོ་འདིའི་འཆད་ཉན་ཤིན་ཏུ་རྒྱས་པར་གྱུར་པ་དང་། “ཐང་ཟིང་བླ་མས་ཀྱང་དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པས་བསྟན་པ་དང་། དམ་ཆོས་པད་དཀར་གཉིས་ལ་རྒྱུན་གྱི་ཞལ་འདོན་གནང་ཞིང་།” (25) མདོའི་འགྲེལ་བའང་སྐོར་ཞིག་བྱུང་། སྐབས་དེའི་རྒྱ་ནག་གི་རི་མོ་བ་དང་སྙན་ངག་པའི་སྡེ་ཡིས་ཀྱང་མདོ་འདི་གཙིགས་སུ་བཟུང་བས། མདོ་འདི་དང་འབྲེལ་བའི་རི་མོ་དང་སྙན་ངག་མང་པོ་ཞིག་བྱུང་ལ། མདོ་འདིས་རྒྱ་ནག་གི་རིག་གནས་དང་བསམ་བློ། སྒྱུ་རྩལ་སོགས་ལ་ཤན་ཆེན་པོ་ཐེབས་མྱོང་བ་མ་ཟད། རྒྱ་ནག་བརྒྱུད་ནས་ཉི་ཧོང་དང་ཀོ་རི་ཡའི་གླིང་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་སོ།།
              སེ་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་ཏུན་ཧོང་གི་བྲག་ཕུག་ཨང་420པར་དྲི་མེད་གྲགས་པའི་མདོ་དང་འབྲེལ་བའི་ལྡེབས་རིས་བྱུང་ཡོད་པ་དང་། སྔ་རྗེས་སུ་མདོ་འདི་དང་འབྲེལ་བའི་ལྡེབས་རིས་30ལྷག་བྱུང་ཡོད། དེ་དག་ལས་སྐོར་ཞིག་བོད་ཀྱིས་ཏུན་ཧོང་བཟུང་རྗེས་བཞེངས་པ་དང་། བྲག་ཕུག་ཨང་103 དང་133། 138 159 186 213 237 359360སོགས་སུ་དྲི་མེད་གྲགས་པར་ནད་འདྲིར་འགྲོ་བའི་རྗེ་བོའི་ཁྲོད་དུ་བོད་ཀྱི་བཙན་པོའི་སྐུ་གཟུགས་བྲིས་ཡོད་པར་མ་ཟད། རྗེ་བོ་རྣམས་ཀྱི་ཁྲོད་དུ་བཙན་པོ་ནི་ཀུན་གྱི་གྲལ་མགོར་འཁོར་གཡོག་དང་བཅས་ཏེ་ཕེབས་བཞིན་པའི་རྣམ་པ་ཡང་བྲིས་ཡོད། དེ་བས། བོད་བཙན་པོའི་དུས་སྐབས་སུ་ཡང་དྲི་མ་མེད་པར་གྲགས་པའི་སྐུ་གཟུགས་འབྲི་བའི་སྲོལ་སྔར་ལས་དར་ཡོད་པ་རྟོགས་ཐུབ། དེ་བཞིན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བསམ་ཡས་དབུ་རྩེའི་གཙུག་ལག་ཁང་གི་འོག་ཁང་བོད་ལུགས་སུ་བཞེངས་པའི་བྱང་ངོས་“གཡོན་གྲལ་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྒྲིབ་པ་རྣམ་སེལ་དང་། དགེ་བསྙེན་ཆེན་པོ་དྲི་མ་མེད་པར་གྲགས་པ་དང་། ཁྲོ་བོ་མི་གཡོ་བ་དམར་པོ་དང་གཙོ་འཁོར་བཅུ་གསུམ་” (26) བཞེངས་ཡོད་པ་དང་། “རྒྱ་ནག་པོའི་ལུགས་སུ་བཞེངས་པའི་བར་ཁང་དུ་སྟོན་པའི་སྐུའི་གཡས་གཡོན་ན་བྱང་ཆུབ་སེམས་དཔའ་འཁོར་ཉེ་བའི་སྲས་བརྒྱད། དགེ་བསྙེན་ཆེན་པོ་དྲི་མ་མེད་པར་གྲགས་པ། བྱང་ཆུབ་སེམས་དཔའ་དགའ་བའི་དཔལ་” (27) སོགས་ཀྱི་སྐུ་བརྙན་བཞེངས་ཡོད་པ་དང་། མདོ་སྨད་ཕྱོགས་ཀྱི་རྒྱ་ནག་དང་ཡུལ་འབྲེལ་བའི་གནས་བྱམས་པ་འབུམ་གླིང་གི་བྲག་ཕུག་གི་ལྡེབས་རིས་སུ་ཡང་ཐང་རྒྱལ་རབས་སྐབས་ཀྱི་དྲི་མ་མེད་པར་གྲགས་པའི་ལྡེབས་རིས་ཡོད་པ་དང་། དུས་ཚོད་ཡང་བོད་ཀྱིས་ཏུན་ཧོང་བཟུང་བའི་སྐབས་ཡས་མས་ལ་འཁེལ་འདུག་པས་བཞེངས་མཁན་སུ་ཡིན་ཐད་ནས་ཀྱང་བརྟག་པར་བྱ།
              ཡིག་ཚང་གི་སྐོར་ནས་“ཏུན་ཧོང་ནས་ཐོན་པའི་རྒྱ་ཡིག་གི་ནང་བསྟན་དཔེ་རྙིང་དུ་མདོ་འདིའི་པར་གཞི་མི་འདྲ་བ་ཚར་821ལྷག་” (28) དང་བོད་ཡིག་གི་མདོ་འདིའི་པར་གཞི་མི་འདྲ་བ་ཚར་དགུ་རྙེད་སོན་བྱུང་ཡོད། རང་རེའི་བཀའ་འགྱུར་གྱི་མ་དུམ་པར་《འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་》ཞེས་བཞུགས་པ་དང་། བཀའ་འགྱུར་གྱི་པར་གཞི་མི་འདྲ་བ་ཚང་མའི་འགྱུར་བྱང་ཡོངས་སུ་མཐུན་པར་ལོ་ཙཱ་བ་བན་དེ་ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞེས་བཀོད་ཡོད་པས། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ནས་བོད་དུ་འགྱུར་ཡོད་པ་དང་དཀར་ཆག་འཕང་ཐང་མ་རུའང་“འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་” (29)ཞེས་བྱུང་། མདོ་འདིའི་ལེགས་སྦྱར་གྱི་དཔེ་རྙིང་ཞིག་ཕོ་བྲང་པོ་ཏ་ལར་ཉར་ཡོད་པ་དང་། སྤྱི་ལོ་2014ལོ་ཡས་མས་སུ་ཉི་ཧོང་ནས་པར་སྐྲུན་བྱས་འདུགགཞན་ཡང་བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བའི་གྲུབ་མཐའ་སོ་སོའི་ལྟ་བ་དང་འབྲེལ་བའི་གཞུང་མང་པོ་ཞིག་ཏུ་མདོ་འདི་ལས་ལུང་འདྲེན་མང་དུ་མཛད་ཡོད་པ་དང་། གྲུབ་མཐའ་ཚང་མས་སོ་སོའི་ལྟ་བའི་ཁུངས་སྟོན་བྱེད་ཀྱི་མདོ་གལ་ཆེན་ཞིག་ལ་བརྩིས་ཡོད། གྲུབ་མཐའ་སོ་སོའི་སྐྱེས་ཆེན་མང་པོ་ཞིག་བྱང་ཆུབ་སེམས་དཔའ་དྲི་མ་མེད་པར་གྲགས་པའི་སྤྲུལ་པ་ཡིན་པར་གསུངས་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཁྲུངས་རབས་གསོལ་འདེབས་སུ་ཡང་“རྒྱལ་བའི་མདུན་ན་རྒྱལ་སྲས་དྲི་མེད་གྲགས།། རྒྱ་གར་ཡུལ་ན་ཟླ་བ་གྲགས་པ་སོགས།། ལྗོངས་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཞེས།། འཁྲུངས་རབས་རིམ་བྱོན་རྣམས་ལ་གསོལ་བ་འདེབས།།” (30) ཞེས་ཡོད་པ་དང་། དབལ་མང་པཎྡིཏ་དཀོན་མཆོག་རྒྱལ་མཚན་གྱིས་མདོ་འདི་ལ་གཞི་བྱས་ཏེ་མཛད་པའི་《བྱང་ཆུབ་སེམས་དཔའ་ཆེན་པོ་དྲི་མ་མེད་པར་གྲགས་པའི་རྟོགས་པ་བརྗོད་པ་ཛཱ་ཏཱིའི་འཁྲི་ཤིང་》 (31)  ཞེས་བྱ་བ་ཡལ་འདབ་བཅུ་དྲུག་གི་བདག་ཉིད་ཅན་ཞིག་ཡོད་པ་སོགས་མདོ་འདི་དང་འབྲེལ་བའི་ཡིག་ཆ་ཤིན་ཏུ་མང་། རེ་རེ་བཞིན་བགྲང་ན་མང་དོགས་ཏེ་འདི་ཙམ་གྱིས་འཐུས་པར་བྱ།
              དེང་གི་དུས་སུ་ཡང་མདོ་འདིའི་འཕྲིན་ལས་ཀྱི་རྒྱུན་མ་ཉམས་པར་འཛམ་གླིང་གི་ཤར་ནུབ་རྒྱལ་ཁབ་ཀུན་ལ་དར་བཞིན་ཡོད་དེ། དེ་ཡང་སྤྱི་ལོ་1962ལོར་ཧྥ་རན་སིའི་མཁས་པ་ཨེ་ཐིན་ནེ་ལ་མོ་ཏེ་(Etienne Lamotte) ཡིས་བཀའ་འགྱུར་དུ་བཞུགས་པའི་བོད་འགྱུར་ལ་གཞི་བྱས་ཏེ་ཧྥ་རན་སིའི་སྐད་དུ་བསྒྱུར་བ་ནས་སྤྱི་ལོ་2004ལོའི་བར་དུ་དབྱིན་ཇིའི་སྐད་དུ་འགྱུར་མི་འདྲ་བ་ལྔ་བྱུང་ཡོད། སྤྱི་ལོ་1976ལོར་སཱ་རཱ་བཱིན་(Sara Boin) གྱིས་ཧྥ་རན་སིའི་སྐད་ནས་དབྱིན་ཡིག་ཏུ་བསྒྱུར་བ་དང་། སྤྱི་ལོ་1972ལོར་ཆཱར་ལེས་སི ལོ་ཁུ་ (Charles Luk)ཡིས་ལོ་ཆེན་གཞོན་ནུའི་སྲོག་གི་རྒྱ་འགྱུར་ལ་གཞི་བྱས་ཏེ་དབྱིན་ཡིག་ཏུ་བསྒྱུར། ཡང་སྤྱི་ལོ་1976རྗེས་སུ་ཨ་མེ་རི་ཀའི་བོད་བརྒྱུད་ནང་བསྟན་ཆེད་མཁས་པ་རོ་པིར་ཐྲི་སིར་མན་(Robert Thurman)ལགས་ཀྱིས་བོད་འགྱུར་ནས་ཐད་ཀར་དབྱིན་ཇིའི་སྐད་དུ་བསྒྱུར་བ་དང་། སྤྱི་ལོ་1997ལོར་(Burton Watson) ལགས་ཀྱིས་ལོ་ཆེན་གཞོན་ནུའི་སྲོག་གི་རྒྱ་འགྱུར་དང་དབྱིན་འགྱུར་གཞན་དག་ལ་གཞི་བྱས་ཏེ་ཡང་བསྐྱར་དབྱིན་ཡིག་ཏུ་བསྒྱུར། སྤྱི་ལོ་2004ལོར་ཇོན་མ་ཁུ་རེ་(John R. McRae) ལགས་ཀྱིས་སྔར་གྱི་དབྱིན་འགྱུར་དང་ཉི་ཧོང་གི་འགྱུར་རྣམས་ལ་གཞི་བྱས་ཏེ་ཡང་བསྐྱར་དབྱིན་ཡིག་ཏུ་བསྒྱུར་བས་བསྡོམས་པས་དབྱིན་འགྱུར་མི་འདྲ་བ་ལྔ་ཙམ་བྱུང་ཡོད་པ་དང་། དེ་བཞིན་ཉི་ཧོང་གི་མཁས་པ་ཆེན་པོ་གྲགས་པ་ན་རྒ་ཨོས་བོད་འགྱུར་ནས་ཉི་ཧོང་གི་སྐད་དུ་བསྒྱུར་ཡོད་པས། འཛམ་གླིང་གི་ཡུལ་གྲུ་སོ་སོར་མདོ་འདིའི་འཆད་ཉན་ཀྱང་ཆེས་ཆེར་རྒྱས་བཞིན་ཡོད། ཕོ་བྲང་པོ་ཏ་ལར་ཉར་བའི་ལེགས་སྦྱར་དཔེ་རྙིང་དེ་ཉི་ཧོང་ནས་པར་སྐྲུན་བྱས་པས། ཉི་ཧོང་གི་མིས་མདོ་འདིའི་ལེགས་སྦྱར་གྱི་ཕྱི་མོར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ཉེ་ལམ་དྲ་ངོས་ནས་རྫོང་གསར་རིན་པོ་ཆེས་མདོ་འདི་དང་འབྲེལ་བའི་འཆད་ཁྲིད་ཅིག་སྤེལ་བཞིན་པ་ཞིག་མཐོང་བས། ཆེད་དུ་འདྲི་རྩད་བྱས་པར་ཁོང་གི་མདུན་ནས་མདོ་འདིའི་ལུང་རྒྱུན་ཐོབ་མཁན་ཡང་འདུག བཙན་པོའི་དུས་སྐབས་ཀྱི་ཆོས་དང་རིག་གནས་ཀྱི་རྒྱུན་དེ་མ་ཉམས་པར་ད་ལྟའང་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་དར་བཞིན་པ་འདིས་མེས་པོའི་གཅེས་ནོར་གྱི་རིན་ཐང་ཡང་མངོན་ཡོང་།
མཇུག་བསྡུ་བའི་གཏམ།
              ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ཡིག་ཆས་ཏུན་ཧོང་ཡིག་རྙིང་གི་སྤྱིའི་བསྡོམས་འབོར་གྱི་ཨང་གཉིས་པ་ཙམ་ཟིན་པ་དང་། གཞན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཉར་བའི་བོད་ཡིག་གི་ཡིག་ཆ་རྣམས་ལས་ཆེས་མང་བ་ཡང་ཆོས་ལུགས་ཡིག་ཆ་ཡིན། དེ་དག་ལས་ལོ་རྒྱུས་དང་སྤྱི་ཚོགས་ལ་འབྲེལ་བའི་ཡིག་ཆར་རྒྱལ་ཁབ་ཕྱི་ནང་གཉིས་ནས་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས་ཡོད་མོད།  ཆོས་ལུགས་ཡིག་ཆར་ཞིབ་འཇུག་བྱེད་མཁན་ཅུང་ཉུང་བའི་ཚུལ་དུ་སྣང་། ཆོས་ལུགས་ཡིག་ཆར་ཞིབ་འཇུག་བྱས་ན་བཙན་པོའི་དུས་སྐབས་ཀྱི་ཆོས་ལུགས་དད་མོས་དང་། ལོ་ཙཱའི་གནས་ཚུལ། ཆོས་ལུགས་ཁྱབ་སྤེལ་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་ཡག་པོ་བྱ་ཐུབ་པ་དང་། ཡིག་ཆ་རིག་པའི་ངོས་ཐད་ནས་སྐབས་དེའི་ཆོས་ལུགས་ཡིག་ཆ་ནི་བོད་ཀྱི་གཙུག་ལག་རིག་གནས་ཀུན་གྱི་རྨང་རྡོ་ལྟ་བུར་གྱུར་ཡོད་པས།བོད་ཀྱི་ཆོས་ལུགས་དང་རྩོམ་རིག སྐད་བརྡ། བརྡ་སྤྲོད་སོགས་ཀྱི་བྱུང་འཕེལ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གལ་ཆེའི་རྒྱུ་ཆ་འབའ་ཞིག་ཏུ་མཐོང་། སྔོན་ཆད་ཐམས་ཅད་ཀྱིས་ལོ་རྒྱུས་དང་སྤྱི་ཚོགས་ལ་འབྲེལ་བའི་ཡིག་ཆར་དོ་སྣང་མང་ཙམ་བྱས་པས། ཆོས་ལུགས་ཡིག་ཆའི་དག་སྒྲིག་དང་ཞིབ་འཇུག་གི་ཐད་ནས་ད་དུང་མི་འདང་ས་མང་པོ་ཡོད། དཔེར་ན། རྒྱལ་སྤྱིའི་ཏུན་ཧོང་གི་ཞིབ་འཇུག་གི་དྲ་ངོས་སུ་ཡོད་པའི་དྲི་མེད་གྲགས་པའི་མདོ་ལྟ་བུར་མཚོན་ན།དཔྱད་རྩོམ་འདིར་ཞུས་པ་ནང་བཞིན་དབྱིན་ཇི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཡིག་ཆའི་ལྡེབ་ཀྱི་གོ་རིམ་འཁྲུགས་ཡོད་པ་དང་། ལྡེབ་ཀྱི་མདུན་རྒྱབ་ནོར་ཏེ་པར་བླངས་པ་ཡང་མང་པོ་འདུག་པས། ཞིབ་འཇུག་པ་རྣམས་ཀྱིས་ཐོག་མར་ཡིག་ཆའི་ལྡེབ་གྲངས་དང་གོ་རིམ་ལ་ཞིབ་ཏུ་བརྟག་དགོས་པ་དང་། དེ་ནས་ཡུལ་གྲུ་སོ་སོར་ཉར་བའི་འབྲེལ་ཡོད་ཡིག་ཆ་ཚང་མའི་འབྲེལ་བར་ཡང་ཡག་པོ་བརྟག་དགོས། ལོ་རྒྱུས་ཀྱི་རྐྱེན་དབང་གིས་ཉར་ཚགས་ཀྱི་ཐད་ནས་པར་གཞི་གཅིག་གི་ལྡེབ་མ་ཡང་ཡུལ་གྲུ་སོ་སོར་ཉར་བའི་གནས་ཚུལ་ཡོད་པས། ཡུལ་གྲུ་སོ་སོར་ཉར་བའི་འབྲེལ་ཡོད་ཡིག་ཆའི་འབྲེལ་བར་ལེགས་པར་བརྟག་ན་ཞིབ་འཇུག་གི་དཔྱད་གཞི་སྔར་ལས་འཐུས་ཚང་ཅན་དང་འབྲས་བུ་སྔར་ལས་རིན་ཐང་ཅན་དུ་འགྱུར།
              མདོར་ན་དྲི་མེད་གྲགས་པའི་མདོ་ཡིས་ཡུལ་ལུང་དང་མི་རིགས་མི་འདྲ་བ་མང་པོའི་ཆོས་ལུགས་དང་རིག་གནས།སྒྱུ་རྩལ། རྩོམ་རིག བསམ་བློ་སོགས་ལ་ཕྱོགས་སྣ་མང་ནས་ཤན་ཤུགས་རྒྱ་ཆེར་ཐེབས་དང་ཐེབས་བཞིན་ཡོད་པ་དང་།བོད་ལ་མཚོན་ན་བཙན་པོའི་དུས་སྐབས་ནས་ད་ལྟའི་བར་མདོ་འདིའི་འཕྲིན་ལས་ཀྱི་རྒྱུན་ཆད་མ་མྱོང་བ་དང་། གྲུབ་མཐའ་སོ་སོའི་ལྟ་གྲུབ་ཀྱི་ཁུངས་སུ་གྱུར་པའི་ཐེག་ཆེན་གྱི་མདོ་ཡི་གྲས་སུ་གྱུར་ཡོད། མདོ་འདིའི་ལུང་རྒྱུན་ཟམ་མ་ཆད་པར་གནས་པ་ཡང་བོད་ཁོ་ན་ཙམ་དུ་འདུག་པས།མེས་པོའི་ཤུལ་བཞག་གི་རིན་ཐང་ལེགས་པར་རྟོགས་ནས་དེ་ལ་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུ་ནི་བདག་ཅག་གི་གཞོལ་དུ་མེད་པའི་འོས་འགན་དང་། ཡིག་ཆ་རིག་པའི་ངོས་ཐད་ནས་སྔོན་གྱི་པར་གཞི་རྙིང་པར་དཔྱད་ཞིབ་དང་དག་སྒྲིག་བྱ་རྒྱུ་ནི་ཞིབ་འཇུག་གི་ལམ་ཁ་ཀུན་ལ་འཇུག་པའི་སྔོན་འགྲོ་ལྟ་བུར་གྲུབ་པས། ཆེད་དུ་ཏུན་ཧོང་ནས་ཐོན་པའི་བཙན་པོའི་དུས་སྐབས་ཀྱི་མདོ་འདིའི་པར་གཞི་ཀུན་ལ་དཔྱད་ཞིབ་རགས་ཙམ་བགྱིས་པའོ།།
              མཆན་འགྲེལ།
              ①本文属于国家民委创新团队计划资助项目成果,项目编号:[2016]57号。
              ②གཤམ་དུ་བརྗོད་བདེའི་དབང་གིས་མདོ་འདི་ལ་ཡོངས་གྲགས་ལྟར་དྲི་མེད་གྲགས་པའི་མདོ་ཞེས་འབྲི་རྒྱུ་ཡིན།
              ③པད་མ་དཀར་པོ། 《མདོ་སྡེ་སྤྱིའི་རྣམ་བཞག》[M] པེ་ཅིན། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་239དུ་གསལ།
              ④ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་བསྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ》[M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་136དུ་གསལ།
              ⑤ Boin, Sara, trans. The Teaching of Vimalakīrti. London: Pali Text Society, 1976 p.8
              ⑥བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ངོས་སུ་མདོ་འདི་ལས་ལུང་འདྲེན་བྱས་པའི་ཡིག་ཆ་97ལྷག་ཡོད།
              ⑦ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། 《ཁང་དཀར་ཚུལ་ཁྲིམས་བསྐལ་བཟང་མཆོག་གི་གསུང་འབུམ་པོད་ལྔ་པ་བཞུགས་སོ》[M] ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་136དུ་གསལ།
              ⑧ Fung Kei Cheng, Samson Tse Thematic Research on the Vimalakīrti Nirdeśa Sūtra: An Integrative Review -Vol 31, No 1 (2014) – Buddhist Studies Review 2014 p.1
              ⑨⑿སྡེ་དགེའི་བཀའ་འགྱུར་ལས་མདོ་སྡེ་མ་དུམ་པ། ཤིང་དཔར། ལྡེབ་185དང་ལྡེབ་170དུ་གསལ།
              ⑩⑾བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས། 《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ།   ཤོག་ངོས་70དང་ཤོག་ངོས་71དུ་གསལ།
              ⒀སྡེ་དགེའི་བཀའ་འགྱུར་ལས་བརྒྱད་སྟོང་པའི་ཀ་དུམ་པ། ཤིང་དཔར། ལྡེབ་286དུ་གསལ།
              ⒁སྡེ་དགེའི་བཀའ་འགྱུར་ལས་དཀོན་བརྩེགས་ཀ་དུམ་པ། ཤིང་དཔར། ལྡེབ་203དུ་གསལ།
              ⒂སྡེ་དགེའི་བཀའ་འགྱུར་ལས་དཀོན་བརྩེགས་ཆ་དུམ་པ། ཤིང་དཔར། ལྡེབ་254དུ་གསལ།
              ⒃སྡེ་དགེའི་བཀའ་འགྱུར་ལས་དཀོན་བརྩེགས་ཁ་དུམ་པ། ཤིང་དཔར། ལྡེབ་294དུ་གསལ།
              ⒄སྡེ་དགེའི་བཀའ་འགྱུར་ལས་དཀོན་བརྩེགས་ཆ་དུམ་པ། ཤིང་དཔར། ལྡེབ་182དུ་གསལ།
              ⒅སྡེ་དགེའི་བཀའ་འགྱུར་ལས་མདོ་སྡེ་ད་འ་དུམ་པ། ཤིང་དཔར། ལྡེབ་391དུ་གསལ།
              ⒆སྡེ་དགེའི་བཀའ་འགྱུར་ལས་མདོ་སྡེ་བ་དུམ་པ། ཤིང་དཔར། ལྡེབ་100དུ་གསལ།
              ⒇སྡེ་དགེའི་བཀའ་འགྱུར་ལས་མདོ་སྡེ་ཚ་དུམ་པ། ཤིང་དཔར། ལྡེབ་206དུ་གསལ།
              (21)སྡེ་དགེའི་བཀའ་འགྱུར་ལས་མདོ་སྡེ་མ་དུམ་པ། ཤིང་དཔར། ལྡེབ་185དུ་གསལ།
              (22)ཡུལ་ལྷ་ཐར། 《བོད་ཀྱི་ཡིག་རྙིང་རིག་པའི་རྣམ་བཞག་རབ་གསལ་བཙན་པོའི་ལམ་ཡིག》 [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་148དུ་གསལ།
              (23)Watson, Burton, trans. The Vimalakīrti Sutra. New York: Columbia University Press, 1997.p.1
              (24)何剑平著:《中国中古维摩诘信仰研究 》,四川出版集团巴蜀书社,2009年,第188页。
              (25)མགོན་པོ་སྐྱབས་ཀྱིས་བརྩམས། བློ་བཟང་བསྟན་འཛིན་གྱིས་བསྒྱུར། 《རྒྱ་ནག་ཆོས་འབྱུང》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས270 དུ་གསལ།
              (26)(27)དབའ་གསལ་སྣང་། 《 དབའ་བཞེད་བཞུགས་སོ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་110དང་ཤོག་ངོས་111དུ་གསལ།
              (28)何剑平著:《中国中古维摩诘信仰研究》, 成都: 四川出版集团巴蜀书社, 2009年,第20页。
              (29)བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས། 《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》 མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་8དུ་གསལ།
              (30)(31)གུང་ཐང་བསྟན་པའི་སྒྲོན་མེ། 《གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ》 པོད་བཅུ་གཅིག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་204དང་ཤོག་ངོས་203དུ་གསལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1