༄༅།། གཅིག་ལས་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་སུམ་ཕབ།

ཀརྨ་རྒྱལ་མཚན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-24



ཀརྨ་རྒྱལ་མཚན་གྱིས་བྲིས། དཀོན་རྡོས་པར་བླངས།
        བོད་ཆེན་པོའི་ཤར་ཕྱོགས་ཀྱི་སའི་ཆ་སྦས་ཡུལ་སྡེ་བཞི་དགེ་བཅུའི་དཔལ་འབྱོང་ཡོངས་སུ་དུད་པའི་སྨན་ལྗོངས་སུ་སྟོབས་ཀྱི་དབང་སྒྱུར་བ་སྡེ་དགེ་བླ་མ་ཁྲི་ཆེན་སངས་རྒྱས་བསྟན་པས་ཆོས་སྦྱིན་འཛད་མི་ཤེས་པའི་པར་དུ་བསྒྲུབས་པ་དང་། ཤཱཀྱའི་དགེ་སློང་བྱམས་པ་སངས་རྒྱས་ཕུན་ཚོགས་ཀྱིས་རང་ལོ་ང་དྲུག་ལོན་པ་ཤིང་ཕོ་སྤྲེལ་གྱི་ལོར་གཞུང་ཉིད་ཀྱི་དཀར་ཆག་ངོ་མཚར་དཔལ་གྱི་ཕྲེང་བ་མཛད།
        འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པའི་པུསྟ་ཀ་བིཝརྟ་སུམ་ཕབ་ཅན་འདི་ནི། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཡུམ། ཆོས་ཐམས་ཅད་ཀྱི་རྒྱ་མཚོ། ཆོས་རིན་པོ་ཆེའི་འབྱུང་ཁུངས། དུས་གསུམ་གྱི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད། བསྐྱེད་པ་དང་། གསོ་བར་མཛད་པའི་ཡུམ་ཆེན་མོ་འདི་ཉིད། རྒྱལ་བ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བྱང་ནས་བྱང་གི་ཕྱོགས་སུ་རྒྱས་པར་ལུང་བསྟན་པ་ལྟར། ཁ་ཆེ་ནས་མ་ཧཱ་ཙི་ནའི་བར་དུ་རྒྱས་པར་གྱུར་པ་ཡིན་ལ། ཁྱད་པར་ཁ་བ་ཅན་གྱི་ལྗོངས་འདིར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་ད་ལྟའི་བར་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་བསྡུས་པ་རྣམས་བཞུགས་ལ། ཁྱད་པར་འཕགས་པ་བརྒྱད་སྟོང་པ་འདི་ཉིད་དུ། ཤེར་ཕྱིན་རྒྱས་པར་འབྱུང་བའི་འགྲེས་རྩ་སུམ་བརྒྱ་དྲུག་ཅུའམ་འགྲེས་རྐང་བརྒྱ་རྩ་ལ་སོགས་པ་བརྗོད་བྱ་ཐམས་ཅད་འདུས་ཤིང་གཞུང་མང་ཉུང་འཚམས་པས་གདུལ་བྱ་ལ་ཕན་ཐོགས་ཤིན་ཏུ་རྒྱ་ཆེ་བ་ཡིན་ལ། འདི་ཉིད་གངས་ཅན་གྱི་ཡུལ་ལྗོངས་སུ་ཇི་ལྟར་བསྒྱུར་བའི་ཚུལ་ནི་མང་དུ་བྱུང་མོད། འདི་ཡི་གེ་མང་བ་ལ་དོགས་ནས་མ་བྲིས།
        སྐབས་བབས་ཀྱི་བརྒྱད་སྟོང་སུམ་ཕབ་འདི་ཉིད་སྔོན་གྱི་ལེགས་སྨོན་དང་བསོད་ནམས་ཀྱི་མཐུ་ལས་ས་ཆོས་བཞིན་དུ་སྐྱོང་བ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པའི་ཕྱག་ཏུ་ཨེ་ཝཾ་སྒྲུབ་ཁང་ནས་སྐུ་དབོན་དཀོན་མཆོག་དཔལ་ལྡན་གྱིས་ཕུལ་ཏེ་བཞུགས་པ་ལས། སླར་འདི་ཉིད་ཆོས་སྦྱིན་ཟད་མི་ཤེས་པའི་རྒྱུན་ཞིག་བྱུང་ན་སྙམ་པ་ཡིད་དུ་བརྣག་པས་རྒྱུ་མཚན་དང་བཅས་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་གོང་དེ་དང་སྐུའི་དབོན་མཁྱེན་སྟོབས་ཀྱི་དབང་ཕྱུག་དམ་པ་བསོད་ནམས་ཕུན་ཚོགས་བཀའ་བགྲོས་ནས། སྤྱིར་བསྟན་པ་རིན་པོ་ཆེ་དང་ལྷག་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བི་ཝརྟ་ཅན་འདི་ཉིད་ཕྱོགས་ཐམས་ཅད་དུ་དར་རྒྱས་ཁྱབ་ཆེ་ཞིང་། གོང་མ་ཞི་བར་གཤེགས་པའི་དགོངས་པ་ཟབ་མོ་ཆོས་ཀྱི་དབྱིངས་སུ་རྫོགས་པ་དང་ཞལ་བཞུགས་པ་ཁུ་དབོན་ཉིད་རྣམས་ཀྱང་སྐུ་ཚེ་རིགས་བརྒྱུད་ཆབ་སྲིད་བཅས་ཉི་ཟླ་ཆུ་བོ་དབྱར་མཚོའི་དཔེ་ཟླར་འོས་པ་འབྱུང་བའི་ཕྱིར་དུ། ཆོས་སྦྱིན་མི་ཟད་པ་གངྒའི་རྒྱུན་གྱི་མ་མ་པར་དུ་བསྒྲུབས་པར་མཛད་པའི་རྩ་བའི་སྦྱིན་བདག་ཁྲི་ཆེན་རིན་པོ་ཆེ་ཉིད་ཀྱིས་འགན་བཞེས།
        དེ་ནས་པར་ཤིང་ཡིག་མཁན་རི་མོ་བ་པར་མཁན་རྣམས་བཅས་ལ་འབྲུ་ཁལ་ཁྲི་ཕྲག་བརྒལ་བ་མཐུན་རྐྱེན་སྦྱར་བའི་ལར་རྒྱའི་དོ་དམ་བློན་ཆེན་དགེ་སློང་དཀོན་མཆོག་ཕྲིན་ལས། ནང་ཚག་གི་དོ་དམ་བསམ་རྩེ་རྫོང་དཔོན་སངས་རྒྱས་ཀུན་དགའ་དང་བརྟན་སྐྱོང་སེར་སྐྱ། འབྲི་རྐོས་རི་མོ་སོགས་ཀྱི་དོ་དམ་ནང་བློན་མཁྱེན་པའི་ནོར་ལྡན་ཀུན་དགའ་ལྷུན་གྲུབ་དང་སྨྱུག་འཛིན་པ་ཕུན་ཚོགས་ཆོས་གྲགས། ལཉྫའི་ཡིག་མཁན་ཕྱི་རིག་པའི་གནས་ལ་རྣམ་པར་དཔྱོད་པའི་བཞིན་རས་གསལ་ཞིང་། ནང་ཟབ་མོ་རིམ་པ་གཉིས་ལ་བློ་གཞོལ་བའི་དགེ་སློང་ཨོ་རྒྱན་ཡེ་ཤེས་དང་། བཀྲ་ཤིས་དབང་ཕྱུག་ཟུང་། ཐོན་མའི་རིང་ལུགས་འཛིན་པའི་བོད་ཡིག་འབྲི་བ་པོ། བཀྲ་ལུ། སྲུང་མ་བཀྲ་ཤིས། ཨུ་རྒྱན་མགོན་ཏེ་གསུམ། དབུ་ལྷའི་རི་མོ་བ་ཨ་ལྷ། རྐོས་ཀྱི་དབུ་མཛད་ལྷ་སྐྱབས། ཨ་འཕེལ་ལྷ་རྒྱལ། ལི་རྒྱལ། འབྲུག་དགེ་ལྔས་གཙོས་པའི་རྐོས་པ་ལྔ་བཅུ་སྐོར་གྱིས། བོད་རབ་བྱུང་བཅུ་གཉིས་པའི་ཉི་སྒྲོལ་བྱེད་པ་ཤིང་ཕོ་སྤྲེལ་སྤྱི་ལོ་1704གྱི་ལོ་ས་ག་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་དུས་ཆེན་ལ་དབུ་བཙུགས་ཏེ། ལོ་དེའི་སྨལ་པོ་ཟླ་བའི་དུས་ཚེས་འགྲུབ་སྦྱོར་བཟང་པོའི་ཉིན་ལྕགས་ར་ཐུབ་བསྟན་ནོར་བུ་གླིང་གི་རྫོང་ཆེན་བསམ་འགྲུབ་རྩེར་གྲུབ་པར་བགྱིས་པ་འདི་ལ་འབྲེལ་ཐོགས་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མཆོག་གི་ས་བོན་ཐེབ་ངེས་པའོ། །ཞེས་དཀར་ཆག་ཏུ་གསལ།
        དེ་ལྟ་བུའི་པར་གཞི་འདི་ལ་ཁ་ཞེང་སོགས་པར་གཞི་མདའ་ཚད་མ་གཞན་ལས་ཅུང་ཆེ་བ་དང་། པར་ངོས་རེ་ལ་ཡིག་ཕྲེང་བཅུ་གཉིས་ཁྱོན་པར་ཤར་ལྔ་བརྒྱ་ལྔ་བཅུ་ང་ལྔ་ལ། ཟུར་གཉིས་སམ་དཀྱིལ་སོགས་སུ་པར་རིས་དྲུག་ཅུ་རེ་དགུ་དང་། དབུ་མཇུག་གཉིས་སུ་ཐུབ་པའི་མཛད་པ་བཅུ་གཉིས་བཅས་ཟུར་བཀོད་པར་ཤར་ལྔ་ཡོད། ཤེར་ཕྱིན་བརྒྱད་སྟོང་སུམ་ཕབ་ཅན་པར་མ་འདི་ལྟ་བུ་ནི་འཛམ་གླིང་ཧྲིལ་པོ་ལ་འདི་གཅིག་ལས་གཉིས་པ་མེད་ཅིང་། འདིའི་ནང་དོན་ཡོངས་རྫོགས་སྐད་གཉིས་ཤན་སྦྱར་གྱི་བརྡ་དག་དང་། ལཉྫའི་ཡིག་གཟུགས་ཀྱི་ཁྱད་ཆོས། པར་རིས་ཀྱི་མཛེས་ཆ། པར་བརྐོས་ཀྱི་ལག་རྩལ་སོགས་ཡོན་ཏན་དུ་མ་གཅིག་ཏུ་འདུས་པའི་འཛམ་གླིང་ཡང་རྩེར་སོན་པའི་རིག་དངོས་ཤུལ་བཞག་གི་རིན་ཐང་དང་། སམ་བོད་སྐད་ཡིག་གཉིས་ཞིབ་འཇུག་ལ་རིན་ཐང་བརྗོད་ལས་འདས་པའོ། །  

        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1