རྒྱལ་ཡོངས་གེ་སར་ཞིབ་འཇུག་ལྷོ་ནུབ་རྟེན་གཞིའི་རིག་གཞུང་བགྲོ་གླེང་སྐབས་གསུམ་པ་དང་གེ་སར་རིག་པའི་ཡིག་ཚགས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་སྤེལ།

དོན་གྲུབ་ཆོས་སྒྲོན་དང་ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-28


        སྤྱི་ཟླ་10པའི་ཚེས་26ཉིན།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གཙོ་གཉེར་དང་།  རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་དང་ལྷོ་ནུབ་མི་རིགས་ཞིབ་འཇུག་ཁང་གིས་འགན་གཉེར་བྱས་པའི་རྒྱལ་ཡོངས་གེ་སར་ཞིབ་འཇུག་ལྷོ་ནུབ་རྟེན་གཞིའི་རིག་གཞུང་བགྲོ་གླེང་སྐབས་གསུམ་པ་དེ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་རྙིང་པ་རུ་འཚོགས།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་སྒྲིག་ཨུའི་ཧྲུའུ་ཅི།  སོའུ་ཀྲང་གཞོན་པ་ཡན་ཀུའོ་ཧྥེ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཀྲང་མིང་ཧྲན་གྱིས་འགོ་བཙུགས་མཛད་སྒོ་ལ་ཤིས་ཤིག་ཕུལ་བ་དང་།  རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་འགོ་བཙུགས་མཛད་སྒོར་གཙོ་སྐྱོང་གནང་།
རྒྱལ་ཡོངས་གེ་སར་ཞིབ་འཇུག་ལྷོ་ནུབ་རྟེན་གཞིའི་རིག་གཞུང་བགྲོ་གླེང་སྐབས་གསུམ་པའི་འགོ་བཙུགས་མཛད་སྒོའི་ཡུལ་དངོས།

        ཐེངས་འདིར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མཐོ་སྙེག་འཐབ་ཇུས་རིག་ཚན་ལེགས་ཆའི་“ཀྲུང་གོའི་ལོ་རྒྱུས་སྙན་རྩོམ་རིག་པའི་”ལས་གཞི་ལས་“གེ་སར་རྒྱལ་པོའི་གཟུགས་རིས་ཚད་ལྡན་ཅན་”ཞེས་པ་བགྲོ་གླེང་གི་བརྗོད་དོན་བྱས་ཤིང་།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་དབྱང་མི་རིགས་སློབ་ཆེན།  ཀྲུང་དབྱང་མཛེས་རྩལ་སློབ་ཆེན།  མཚོ་སྔོན་མི་རིགས་སློབ་ཆེན།  བོད་རང་སྐྱོང་ལྗོངས།  ནང་སོག་རང་སྐྱོང་ལྗོངས།  སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཆེད་མཁས་པ།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་དགེ་སློབ་སོགས་མི་སྣ་60ལྷག་ཚོགས་འདུར་ཞུགས་པ་དང་།  དཔྱད་རྩོམ་30ལྷག་འབྱོར་ཡོད།  ཚོགས་ཐོག་ཏུ་རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་སྔོན་མའི་འགོ་གཙོ་གཞོན་པ་ཚེ་པོ།  སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན།  རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ་ལེགས་སྨོན་དང་ཚེ་སྒྲུབ་སོགས་ཀྱིས་གསུང་གླེང་གནང་ནས།  གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་སུམ་ཅུ་སོགས་ཀྱི་གཟུགས་རིས་འབྲི་སྐབས་ཚད་ལྡན་དུ་གཏོང་དགོས་པའི་སྐོར་ལ་གྲོས་འཆམ་བྱུང་ཞིང་།  སྲོལ་རྒྱུན་གྱི་རི་མོའི་ལུགས་དང་དེང་རབས་ལག་རྩལ་མཉམ་དུ་འདུས་ལ།  བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གྱོན་གོས་དང་གོ་ཁྲབ།  རྟའི་སྒ་ཆས་སོགས་ཚད་ལྡན་དུ་གཏང་བར་ནུས་པ་གལ་ཆེན་ཐོན།



ཆེད་མཁས་པ་རྣམས་ཀྱིས་གསུང་གླེང་གནང་བཞིན་པ།
       སྤྱི་ཟླ་10པའི་ཚེས་27ཉིན་གྱི་སྔ་དྲོར།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པ་རུ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་མཉམ་དུ་བཙུགས་པའི་གེ་སར་རིག་པའི་ཡིག་ཚགས་ཁང་གི་སྒོ་བྱང་འགེལ་བ་དང་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ།  མཛད་སྒོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དོན་གྲུབ་དབང་འབུམ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཏང་ཨུ་ཧྲུའུ་ཅི་དབྱང་མིན།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་ལིའུ་ཡུས་ལིན།  གཞན་ཡང་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་ཆེད་མཁས་པ།  སློབ་གྲྭའི་དགེ་རྒན་དང་སློབ་མ་སོགས་འཐུས་ཚབ་མི་སྣ་70ལྷག་ཞུགས་ཡོད།
གེ་སར་རིག་པའི་ཡིག་ཚགས་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོའི་ཡུལ་དངོས།
        རྒྱུས་ལོན་བྱུང་བ་ལྟར་ན།  “རྒྱལ་ཡོངས་གེ་སར་ཞིབ་འཇུག་ལྷོ་ནུབ་རྟེན་གཞིའི་”ལས་དོན་ཁག་སྔར་ལས་སྐུལ་འདེད་གང་ལེགས་གཏོང་བ་དང་།  ལྷག་པར་དུ་གླིང་སྒྲུང་གི་དཔྱད་གཞིའི་ཡིག་ཆ་བལྟོས་བཅས་ཀྱི་ཁ་ཐོར་ཡིན་པའི་གནད་དོན་ཐག་གཅོད་བྱ་ཆེད།  ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་དང་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་མཉམ་འབྲེལ་སྒོས།  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་གྲངས་ཉུང་མི་རིགས་དཔེ་རྙིང་ཚད་ལྡན་ཡིག་ཚགས་ཞིབ་འཇུག་ལྟེ་གནས་སུ་“གེ་སར་རིག་པའི་ཡིག་ཚགས་ཁང་”ཞེས་པ་བཙུགས།  རྟེན་རྫས་བཤམས་མཛོད་ཁང་དུ་རྒྱ་རིགས་དང་བོད་རིགས།  སོག་རིགས།  དབྱིན་ཇི་བཅས་ཀྱི་ཡི་གེ་རུ་ཕབ་པའི་གེ་སར་རིག་པའི་ཚད་ལྡན་ཡིག་ཆ་དང་ངག་རྒྱུན་ཚད་ལྡན་ཡིག་ཆ་ཉར་ཚགས་བྱས་ཡོད་པ་མ་ཟད།  ཕུན་སུམ་ཚོགས་པའི་གེ་སར་རིག་གནས་ཤུལ་བཞག་ཀྱང་འགྲེམས་སྟོན་བྱས་ཡོད།  གེ་སར་རིག་པའི་ཚད་ལྡན་ཡིག་ཚགས་ཁང་བཙུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་“གནའ་གཞུང་ནང་བྲིས་པའི་ཡི་གེ་གསོན་དུ་འཇུག་དགོས་”ཞེས་པའི་དགོངས་དོན་གལ་ཆེན་གྱི་ཞིབ་ཕྲའི་གཞི་རྟེན་དང་གསར་གཏོད་བྱ་ཐབས་ཤིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1