༄༅།། གཞོན་ནུ་ཞིག་ལ་བཏོན་པའི་རེ་བ།

ཀན་ལྷོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-28



མྱུག་ཆར།ཀན་ལྷོ།
དང་པོ། རང་ལ་དམིགས་འབེན་གསལ་པོ་ཞིག་གཏན་འཁེལ་བྱོས།
        རིང་ཡང་རིང་རྒྱུ་མེད་ལ་ཐུང་ཡང་ཐུང་རྒྱུ་མེད་པའི་སློབ་ཆེན་གྱི་ལོ་ངོ་བཞི་ནི་རང་གི་མི་ཚེའི་སྟེང་གི་དམིགས་འབེན་གཅིག་གཏན་འཁེལ་བྱ་དགོས་པའི་དུས་རིམ་ཞིག་ཡིན་ལ།དུས་རིམ་འདིའི་ནང་རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ཞིབ་འཇུག་སློབ་མ།རང་བདག་གིས་བྱ་ལས་གསར་སྤེལ་སོགས་བྱ་ཆོག་པ་ཡིན།ཁྱོད་ཀྱིས་མ་འོངས་པར་བྱ་བ་གང་འདྲ་ཞིག་བསྒྲུབ་རྒྱུ་ནི་ཐོག་མར་ཁྱོད་ཀྱིས་གདམ་གསེས་ཡང་དག་ཅིག་འདེམ་པར་རག་ལས་པས།རང་གི་དམིགས་ཡུལ་གང་ཡིན་པ་དང་ཅིའི་ཕྱིར་སློབ་གྲྭར་འགྲོ་དགོས་པ་སོགས་ཤེས་ན་སློབ་སྦྱོང་དང་དངོས་སུ་ལག་ལེན་ལ་གཞོལ་བའི་སྐབས་གང་ཡིན་རུང་ང་ཚོ་དཀྱོགས་ལམ་མང་པོ་ཞིག་ལ་འགྲོ་མི་དགོས་པར་མ་ཟད་མཐར་ཐུག་གི་རེ་བའང་བདེ་ལེགས་ངང་འགྲུབ་ཐུབ།

གཉིས་པ། དམིགས་འབེན་མཐོན་པོར་འཛིན་དགོས།
        དགེ་རྒན་ཚོས་ང་ཚོ་ལ་མིག་རྒྱང་རིང་དགོས་ཟེར་དོན་ནི་མི་ཞིག་གིས་བླངས་པའི་གྲུབ་འབྲས་ནི་ཁོའི་ཕུགས་བསམ་ལས་ཆུང་བས་ཡིན་ལ།ང་ཚོས་དམིགས་འབེན་ཆེན་པོར་བཟུང་ན་འབྲས་བུ་འབྲིང་ཙམ་དང་དམིགས་འབེན་འབྲིང་ཙམ་བཟུང་ན་འབྲས་བུ་ཉི་ཚེ་བ་ཞིག་ལས་མི་ཐོབ་པ་རེད།དེ་བས་སློབ་སྦྱོང་དང་འཚོ་བར་ཟབ་ཞུགས་བྱེད་དུས་སུ་དམིགས་འབེན་མཐོན་པོར་འཛིན་རྒྱུ་ནི་འབྲས་བུའི་འབྲས་བུ་ཡིན་ལ།འབྲས་བུ་གང་འདྲ་ཞིག་ཐོབ་མིན་ནི་དམིགས་འབེན་མཐོན་པོར་འཛིན་པའི་ཆོད་སེམས་ཡོད་པ་ཙམ་གྱིས་མི་ཆོག་པར་དམིགས་འབེན་གང་དེའི་ཆེད་དུ་འབད་པ་བྱེད་མིན་ལ་རག་ལས་སོ། །

གསུམ་པ།དམིགས་ཡུལ་ཡོད་པའི་སྒོ་ནས་དཔེ་ཆ་ཀློག་དགོས།
        སློབ་ཆེན་དུ་སླེབས་པ་ནས་སློབ་དེབ་གཅིག་པུར་བལྟས་པ་ཙམ་གྱིས་ཅི་ཡང་མི་ཡོང་བས་དཔེ་ཆ་མང་པོ་ཞིག་ཀློག་དགོས།ཡིན་ཡང་དཔེ་ཆ་ཀློག་སྐབས་དམིགས་ཡུལ་ངེས་ཅན་ཞིག་ཡོད་དགོས་པ་ཡིན།དཔེ་ཆའི་གདམ་གསེས་ཡང་དག་པ་ཞིག་དགོས།རང་གི་བློ་ཁ་དང་འཚམ་པ།རང་གི་དགའ་ཕྱོགས་དང་མཐུན་པ།རང་ལ་ཤེས་བྱ་སྩོལ་ཐུབ་པ།རང་ལ་ཡར་སྐུལ་གྱི་བསམ་བློ་སྟེར་ཐུབ་པ་ཞིག་ཡིན་དགོས།རང་གིས་མ་འོངས་པར་བྱ་བ་གང་ཞིག་བསྒྲུབ་དགོས་པ་དེ་ལ་ཕན་ཐོགས་ཡོང་བ་ཞིག་ཡིན་དགོས།དེ་ལྟར་མིན་ན་དེ་རིང་འདི་སློབ།སང་ཉིན་གན་སློབ།གནངས་ཉིན་ཡང་གཞན་ཞིག་སློབ་དགོས་པ་ཡིན་ན་དཔེ་མང་ཀློག་པ་ཤེས་རབ་འཆལ་བའི་རྒྱུ་ལས་མ་འདས་པ་རེད།

བཞི་པ།རང་བརྟག་བྱས་ཏེ་རང་ངོ་ཟིན་དགོས།
        རང་བརྟག་བྱེད་པ་ནི་དོན་ལ་རང་ཉིད་ངོས་ཟིན་པའི་ཆེད་དང་རང་གིས་སྒྲུབ་བཞིན་པའི་བྱ་བ་ཡང་དག་ཡིན་མིན།རང་སྟེང་ནས་ཀུན་སྤྱོད་ལ་བརྟག་དཔྱད་དང་རང་གི་མི་འདང་སའི་ཆ་ལ་མནོ་བསམ་གཏོང་བའི་བརྒྱུད་རིམ་ཞིག་ཡིན།རང་གི་འཚོ་བའི་ཁྲོད་ན་གནས་པའི་གནད་དོན་ལ་བསམ་གཞིག་དང་གནད་དོན་རེ་རེ་ཐག་གཅོད་བྱེད་པའི་ཐབས་ལམ་རྙེད་དགོས་ན།ངེས་པར་དུ་རང་བརྟག་གི་འདུ་ཤེས་མཁོ།ང་ཚོའི་སློབ་མ་མང་པོ་ཞིག་ལ་རང་བརྟག་གི་འདུ་ཤེས་མེད་པས་སྤྱི་ཚོགས་སྟེང་ཞུགས་དུས་རང་གིས་སློབ་གྲྭ་ནས་བསླབས་པ་དང་སྤྱི་ཚོགས་ཀྱི་དགོས་མཁོའི་བར་ན་འབྲེལ་བ་མེད་པ་ཤེས་རྗེས་འགྱོད་པ་སྐྱེ་བཞིན་ཡོད་པ་རེད།དེ་ནི་རང་བརྟག་གི་འདུ་ཤེས་མེད་པས་རེད།དེ་བས་ནམ་རྒྱུན་རང་བརྟག་བྱ་རྒྱུ་ནི་གལ་ཆེན་ཞིག་ཡིན་ནོ།།

ལྔ་པ།བསམ་པ་ལས་སྒྲུབ་པ་གནད་དུ་ཟུངས།
        བཤད་རྒྱུན་ལ་བསམ་ཚུལ་བཟང་པོ་བརྒྱ་ལག་ལེན་གཅིག་ལ་མི་དོ་ཟེར་བ་བཞིན་སློབ་སྦྱོང་གི་སྐབས་དང་བྱ་བར་འཇུག་པའི་སྐབས་གང་ཡིན་རུང་ལག་ལེན་རྩ་བར་འཛིན་རྒྱུ་ནི་གནད་ཀྱི་དོན་པོ་ཡིན།ལག་ལེན་དུ་མ་བསྟར་ན་བསམ་ཚུལ་བཟང་པོ་ཅི་འདྲ་ཞིག་ཡོད་རུང་སྟོང་བ་ཡིན་ལ།སློབ་སྦྱོང་གི་དུས་སུ་ཤེས་བྱ་མཐའ་དག་བློ་ངོར་ངེས་པ་ཙམ་གྱིས་མི་ཆོག་པར་ཤེས་བྱ་དེ་དག་རང་གི་བློ་གྲོས་སུ་བསྒྱུར་ནས་དངོས་ཡོད་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱ་དགོས།བྱ་བར་ཞུགས་དུས་རང་གི་དྲན་སྣང་ཁྲོད་ཀྱི་བསམ་ཚུལ་བཟང་པོ་དེ་དག་ཉམས་ལེན་བྱ་དགོས།དེ་དག་ལག་ལེན་དུ་མ་བསྟར་ན་བསམ་ཚུལ་ཅི་འདྲའི་ཡག་པོ་ཞིག་ཡོད་རུང་ལོ་ཟླ་རིམ་གྱིས་འདས་ན་དལ་གྱིས་བརྗེད་ངེས་རྐུན་པོས་འཁྱེར་སྲིད་པས་ལག་ལེན་ལ་གཞོལ་རྒྱུ་ནི་སློབ་སྦྱོང་ཡག་པོ་ཞིག་དང་བྱ་བ་ལེགས་པོ་ཞིག་འགྲུབ་མིན་གྱི་གནད་གཙོ་བོ་ཡིན་ནོ། །

དྲུག་པ།རང་དགར་བསྡད་ནས་འབྱུང་འགྱུར་ལ་མ་སྒུག
        ང་ཚོའི་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་གིས་རང་གི་ཕྲག་གི་འགན་ཁུར་ཙམ་གྱིས་ཉི་མ་འཁྱོལ་ཐབས་བྱེད་པ་ནི་གྱོང་གུད་ཆེན་པོ་ཞིག་རེད།ལྷག་པར་དུ་དཔེ་ཆ་དང་རྦད་དེ་ཁ་བྲལ་ནས་དགའ་རོགས་འཚོལ་བ།རོལ་རྩེད་ལ་གཡེང་བ།ཆང་ཁང་དུ་ཉུལ་བ་སོགས་ཀྱིས་མཚོན་པའི་སྣང་ཚུལ་དེ་དག་གིས་ཉི་མ་མང་པོ་ཞིག་ཆུད་ཟོས་སུ་གཏོང་བཞིན་ཡོད་ལ།སློབ་སྦྱོང་ལ་ཡར་སྐྱེད་མེད་པར་སྔར་གྱི་གནས་ན་ལུས་ཡོད།དེ་དག་རང་དགར་བསྡད་ཡོད་པས་ཤེས་རིག་གི་གཏིང་ཟབ་ས་དང་དུས་རབས་ཀྱི་འཕེལ་ཕྱོགས་སོགས་ཅི་ཡང་ཤེས་མི་སྲིད།སློབ་ཆེན་གྱི་ཁོར་ཡུག་དང་སློབ་ཁྲིད་སོགས་གུ་ཡངས་པོ་ཡིན་པས་གནས་སྐབས་སུ་དགའ་སྣང་སྟེར་མོད།མཛེས་སྡུག་གི་འཚོ་བ་ཅི་འདྲའི་ཡུན་རིང་ན་ང་ཚོ་གཞན་གྱི་རྗེས་སུ་ལུས་པ་དེ་བཞིན་ཚབས་ཆེ་བས་ཉིན་ཞག་རེ་རེར་ཁོམ་ནས་བག་མི་ལྷོད་པར་ཐུབ་ཚོད་ཀྱིས་མདུན་སྐྱོད་བྱ་དགོས།

བདུན་པ།ཞིབ་ཚགས་ནི་བྱ་བ་རླབས་ཆེན་འགྲུབ་པའི་རྨང་གཞི་ཡིན།
        མི་ཞིག་ཇི་ལྟར་ཞིབ་ཚགས་ཡིན་ན་བྱ་བ་དང་སློབ་སྦྱོང་ལ་ཡང་དེ་ལྟར་སེམས་ཤུགས་བཏོན་ནས་གྲུབ་འབྲས་སྔ་ན་མེད་པ་ལེན་ཐུབ་པ་ཡིན།ཞིབ་ཚགས་ནི་སྤྱོད་སྟངས་ཤིག་ཡིན་ལ་དེ་ལས་མི་ཞིག་གི་སྤྱོད་ལམ་མཚོན་ཐུབ།ཞིབ་ཚགས་ཡིན་པས་གཞན་གྱི་ཡིད་རྟོན་རྙེད་ལ།ཞིབ་ཚགས་ཡིན་པས་གཞན་ལས་རྣམ་པར་རྒྱལ་ཐུབ་པ་ཡིན།ཞིབ་ཚགས་ཅན་ཞིག་ལ་གནས་སྐབས་སུ་འབྲས་བུ་ཆེན་པོ་མེད་ཀྱང་།རྒྱུན་རིང་གི་ཤེས་བྱ་དང་ཉམས་མྱོང་གསོག་འཇོག་བྱས་ནས་རྒྱལ་ཁ་ཆེན་པོ་ལེན་ཐུབ།དེ་བས་ང་ཚོས་རྒྱུན་པར་དཔེ་ཆར་ལྟ་བ་དང་ཟིན་བྲིས་འབྲི་བ་སོགས་ལ་ཞིབ་ཚགས་ཀྱི་རྣམ་འགྱུར་འཛིན་དགོས།བྱ་བ་ཕྲན་ཚེགས་ཤིག་ཡིན་ན་ཡང་ཞིབ་ཚགས་ངང་བསྒྲུབ་རྒྱུ་བརྗེད་མི་རུང་།

བརྒྱད་པ།གཞན་ལ་ཁས་བླངས་ཟིན་པའི་བྱ་བར་ངེས་པར་དུ་ཤུགས་རྒྱོབས།
        ཁས་ལེན་དང་དམ་བཅའ་ནི་སྤྱོད་སྟངས་ཀྱི་གནད་དོན་ཞིག་རེད།དེས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་པ་རེད།གལ་སྲིད་ཁྱོད་ཀྱིས་གཞན་ལ་དོན་དག་ཅིག་བསྒྲུབ་རྒྱུ་ཁས་ལེན་བྱས་ཡོད་ཚེ་ངེས་པར་དུ་འགྲུབ་དགོས།ང་ཚོའི་ལེགས་བཤད་ཅིག་ཏུ།དམ་པས་མང་པོ་ཁས་འཆེས་མི་བྱ་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པ་བཞིན་གཞན་ལ་ཁས་བླངས་ཟིན་པའི་དོན་དག་དེ་ཉིད་ལེགས་པོ་ཞིག་མ་བསྒྲུབ་ན་ཕན་ཚུན་བར་གྱི་ཡིད་རྟོན་ཤོར་འགྲོ་བ་རེད།ང་ཚོར་མཚོན་ན་སྤྱི་ཚོགས་སྟེང་དུ་གོམ་པ་གསར་དུ་སྤོ་དགོས་པས་གཞན་གྱི་ཡིད་རྟོན་ཐོབ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།དེ་བས་གཞན་ལ་ཁས་བླངས་ཟིན་པའི་དོན་དག་ཕྲན་ཚེགས་ཤིག་ཡིན་ན་ཡང་ངེས་པར་དུ་ཡོངས་འགྲུབ་བྱ་རྒྱུ་ནི་གལ་ཆེ་བ་ཞིག་རེད།

དགུ་པ། རང་རྟོན་ཡོད་པའི་ཁར་རང་འགུལ་བྱ་ཤེས་དགོས།
        རང་རྟོན་ནི་མི་ཞིག་ལ་མེད་དུ་མི་རུང་བའི་ནང་སེམས་ཀྱི་རིན་པོ་ཆེ་ཞིག་ཡིན།རང་རྟོན་མེད་པའི་མིས་བྱ་བ་རླབས་ཆེན་ཞིག་སྒྲུབ་མི་ཐུབ།ལྷག་པར་དུ་མི་མང་ས་ནས་མགོ་བོ་ཡར་འགྱོགས་མི་ཐུབ་ལ་དོན་དག་ཅི་ཞིག་བསྒྲུབས་ཀྱང་སོམ་ཉིའི་གནས་ན་ཡོད།རང་འགུལ་བྱ་ཤེས་པ་ཡང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།སློབ་ཆེན་གྱི་སྐབས་སུ་བྱ་འགུལ་དང་སློབ་སྦྱོང་སོགས་ལ་རང་འགུལ་ངང་མ་ཞུགས་ན་ཁྱོད་ཀྱི་མིག་མདུན་ནས་གོ་སྐབས་མང་པོ་ཞིག་ཤོར་འགྲོ་བ་ཡིན།དེ་བས་དོན་གང་དང་གང་ལ་འཕྲད་རུང་རང་རྟོན་ཡོད་དགོས་ལ་རང་འགུལ་ཡང་ངེས་པར་དུ་བྱ་དགོས་པ་ཡིན་ནོ། །

བཅུ་པ། རང་ཉིད་ཀྱི་འཇོན་ནུས་གཞན་ལ་ཤེས་སུ་འཇུག་དགོས།
        མ་འོངས་པའི་རང་གི་འཚོ་ཐབས་ཟེར་ནའང་ཆོག ཡང་མིན་ན་རང་ལ་འགྲོ་ལམ་ཡག་པོ་ཞིག་ཡོད་ཆེད་དུ་རང་ཉིད་ངོ་སྤྲོད་དང་རང་གི་ལྟ་ཚུལ་སོགས་ངོམ་སོ་བྱ་དགོས།དེ་ནི་ཡིན་མདོག་གི་ངོམ་སོ་མ་ཡིན་པར་རང་ཉིད་མི་གང་འདྲ་ཞིག་ཡིན་མིན་ཇི་མ་ཇི་བཞིན་གཞན་ལ་ཤེས་སུ་འཇུག་དགོས།དེས་རང་གི་མི་ཚེ་དང་ལས་དོན་ལ་ཕན་ཁེ་ཆེན་པོ་བསྐྲུན་ཐུབ་ལ།ཤིན་ཏུ་དཀོན་པའི་གོ་སྐབས་རེ་རེ་རང་རྟོགས་ཀྱིས་འཚོལ་ཐུབ་པ་ཡིན།

བཅུ་གཅིག་པ།གཞན་ལ་བཟུང་བའི་ལྟ་སྟངས་ནི་རང་ལ་བཟུང་བའི་ལྟ་སྟངས་ཡིན།

        གཞན་ལ་ལྟ་སྟངས་ཡག་པོ་ཞིག་འཛིན་རྒྱུ་ནི་གལ་ཆེ་ལ།རང་ཉིད་གཞན་དང་སྤྱི་ཚོགས་ལས་ལོགས་སུ་བྲལ་ནས་འཚོ་མི་ཐུབ་པས་ངེས་པར་དུ་གཞན་ལ་འབྲེལ་འདྲིས་བྱ་དགོས།རྒྱུན་པར་ཀུན་ལ་བསྟུན་ཅིང་གཡས་གཡོན་མཐུན་པོར་བྱས་པ་ཡིན་ན་གྲོགས་པོ་མང་ན་འགྲོ་ལམ་བདེ་བ་དང་འབྲེལ་བ་ཇི་ལྟར་ཆེ་ན་བགྲོད་ལམ་དེ་ལྟར་ཡངས་ཟེར་བའི་དཔེ་དེ་ཡོང་བ་རེད།གལ་སྲིད་ཁྱོད་ཀྱིས་གཞན་དེའི་འདོད་པ་སྐོང་ཐུབ་ན་གཞན་གྱིས་ཀྱང་ངེས་པར་དུ་ཧུར་བརྩོན་གྱིས་ཁྱོད་ཀྱི་འདོད་པ་སྐོང་ངེས་ཤིང་འདི་ལྟར་ཕན་ཚུན་ལ་རོགས་རམ་དང་གཞོགས་འདེགས་ཀྱི་ཁྲོད་ནས་འཕེལ་རྒྱས་འབྱུང་བ་ཡིན།རྒྱུ་མཚན་ནི་དངོས་ཡོད་འཚོ་བ་ཡང་མེ་ལོང་ནང་གི་གཟུགས་བརྙན་ཇི་བཞིན་ཏེ།ཁྱོད་རང་བགད་ན་མེ་ལོང་ནང་གི་གཟུགས་བརྙན་དེ་ཡང་དགོད་པར་འགྱུར་རོ། །

བཅུ་གཉིས་པ།སྐབས་ཐོག་གི་སྙན་གྲགས་དང་ཁེ་ཕན་ལ་ཆགས་མི་རུང་།
        སློབ་སྦྱོང་ནི་མི་ཚེ་གང་པོའི་བྱ་བ་ཡིན།སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ང་ཚོ་དོན་དག་མང་པོ་ཞིག་ལ་འཕྲད་སྲིད།ང་ཚོས་ངེས་དོན་གྱིས་སློབ་སྦྱོང་ཞིག་བྱེད་འདོད་པ་ཡིན་ན་སྐབས་ཐོག་གི་དགའ་སྡུག་སོགས་ལ་དོ་སྣང་ཆེན་པོ་བྱ་མི་རུང་།ལྷག་པར་དུ་གནས་སྐབས་ཀྱི་ཁེ་ཕན་ཉི་ཚེ་བ་དང་སྙན་གྲགས་ཆུང་ཆུང་ཞིག་ལ་ཆགས་ནས་སློབ་སྦྱོང་ཕྱི་བཤོལ་བྱ་མི་རུང་།ཚོང་ཞིག་ཡིན་ན་ཡང་སྐབས་ཐོག་གི་ཚོང་ལས་པས་ས་ཆོད་མི་ཟིན་པས།མིག་རྒྱང་རིང་པོ་དང་རྒྱུན་འཁྱོངས་བྱ་རྒྱུ་ནི་གལ་ཆེ་བ་ཡིན།

བཅུ་གསུམ་པ།འགྲན་རྩོད་ལས་རྣམ་པར་རྒྱལ་ཐུབ་པའི་སྤོབས་པ་ཡོད་དགོས།
        ང་ཚོའི་མི་ཚེ་ནི་འགྲན་རྩོད་ཀྱི་རང་བཞིན་ཅན་ཞིག་ཡིན་ལ།སྤྱི་ཚོགས་དང་སློབ་གྲྭ་སོགས་གང་ཡིན་ཡང་འགྲན་རྩོད་ཀྱིས་ཁེངས་ནས་ཡོད།ང་ཚོས་འགྲན་རྩོད་རེ་རེར་གདོང་གཏོད་དུས་ངེས་པར་དུ་ཞུམ་མེད་ཀྱི་སྤོབས་པ་ཞིག་ཡོད་དགོས།སྤོབས་པ་དེ་ནི་ནང་སེམས་ཀྱི་སྟོབས་ཤུགས་ཤིག་ཡིན།སྟོབས་ཤུགས་དེ་རང་གི་སྒུལ་ཤུགས་སུ་བསྒྱུར་ཐུབ་ན་འགྲན་རྩོད་ལས་རྣམ་པར་རྒྱལ་ཐུབ་པ་ཡིན།འགྲན་རྩོད་ལས་རྒྱལ་བ་ནི་རང་ལ་གོ་སྐབས་མང་པོ་ཞིག་བསྐྲུན་པ་དང་འདྲ།གོ་སྐབས་རེ་རེ་ནི་ཁྱོད་ཀྱི་འབྱུང་འགྱུར་གྱི་བྱ་བཞག་ལེགས་ལམ་དུ་འགྲོ་བའི་མཐུན་རྐྱེན་ཡིན་པས། དུས་གང་ཞིག་ནས་འགྲན་རྩོད་ཅི་ཞིག་བྱ་དགོས་ཀྱང་དེ་ལས་རྒྱལ་དགོས་པའི་ཆོད་སེམས་དང་རྒྱལ་ཐུབ་པའི་སྤོབས་པའང་ངེས་པར་དུ་ཡོད་དགོས་པ་ཡིན་ནོ། །

བཅུ་བཞི་པ། རང་གི་ནོར་འཁྲུལ་ངེས་ལེན་དང་གཞན་གྱི་བསམ་ཚུལ་བཟང་པོར་སློབ་སྦྱོང་བྱ་དགོས།
        རང་གི་ནོར་འཁྲུལ་ངོས་ལེན་བྱེད་པ་ནི་མི་ཞིག་གིས་རང་གི་ལམ་ཁ་ཇེ་ཡག་ཏུ་བཏང་བ་དང་འདྲ།ང་ཚོའི་མི་སུ་ཞིག་ཡིན་རུང་ནོར་འཁྲུལ་མི་བཟོ་མཁན་གཅིག་ཀྱང་མེད་མོད།ཁྱད་པར་གཙོ་བོ་ནི་རང་གི་ནོར་འཁྲུལ་ངོས་ཟིན་ཡོད་མེད་ལ་རག་ལས་པ་རེད།《རྒྱུད་བརྟག་གཉིས》ལས།སེམས་ཅན་རྣམས་ནི་སངས་རྒྱས་དངོས། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གསུངས་པ་ལྟར།ང་ཚོར་ཐོབ་པའི་ལས་སྐལ་ནི་གཅིག་འདྲ་ཡིན་ཡང་སོ་སོའི་བྱས་ཉེས་ཀྱིས་ནོར་འཁྲུལ་མང་པོ་བཟོ་བཞིན་ཡོད།གཞན་གྱི་བསམ་ཚུལ་ལ་མཉན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།ང་ཚོའི་ཕྱི་ཡི་རྣམ་པ་ཅི་འདྲ་ཞིག་ཡིན་པ་ང་ཚོ་རང་གིས་མཐོང་མི་ཐུབ་པས་མེ་ལོང་ནང་དུ་བལྟ་དགོས་པ་ལྟ་བུ་རེད།ང་ཚོའི་མི་སུ་ཞིག་ཡིན་ཡང་རང་སྟེང་གི་ནོར་འཁྲུལ་དང་སྐྱོན་ཆ་མང་པོ་ཞིག་ཚོར་མི་ཐུབ་པ་ཡིན།མི་གཞན་གྱིས་མཐོང་བའི་ཁྱོད་ནི་ད་གཟོད་དོན་གྱི་ཁྱེད་རང་ཡིན།དེ་བས་མི་གཞན་གྱི་བསམ་ཚུལ་ལ་མཉན་ན་ཡར་སྐྱེད་འབྱུང་ཐུབ།གལ་སྲིད་ཁྱོད་རང་མི་བག་ཡོད།ཚུལ་ལྡན།སྤྱོད་བཟང་ཞིག་ཏུ་འགྱུར་དགོས་ན་གྲོགས་པོའི་བསམ་ཚུལ་དང་ཕ་མའི་བསམ་ཚུལ།དགེ་རྒན་གྱི་བསམ་ཚུལ་སོགས་ལ་ངེས་པར་དུ་མཉན་དགོས་པ་ཡིན།

བཅོ་ལྔ་པ།ཤེས་བྱ་དེ་བློ་གྲོས་སུ་བསྒྱུར་ཤེས་དགོས།
        ཤེས་བྱ་ནི་ཡོ་བྱད་ཅིག་ཡིན།མི་ཞིག་ལ་ཤེས་བྱ་གང་འདྲ་ཞིག་ཡོད་ཀྱང་དེ་ཉིད་བཀོལ་སྤྱོད་མ་བྱས་ན་བཙའ་ཆགས་འགྲོ་བའི་ལྕགས་རིགས་དེ་དག་ལས་མ་འདས།ང་ཚོས་བསླབས་ཟིན་པའི་ཤེས་བྱ་དེ་དག་རང་གི་བློ་གྲོས་སུ་བསྒྱུར་ནས་བཀོལ་སྤྱོད་བྱ་ཤེས་དགོས།དེ་ལྟར་མིན་པར་དཔེ་ཆའི་ཡར་རྒྱུགས་ཟེར་ན་ཡར་རྒྱུག་པ་དང་།ཚུར་རྒྱུགས་ཟེར་ན་ཚུར་རྒྱུག་རྒྱུ་ཡོད་པ་ལས་རང་སྟོབས་ཀྱིས་གོམ་ཁ་བརྟན་པོ་ཞིག་སྤོ་མ་ཐུབ་ན།ང་ཚོ་དཔེ་ཆའི་བྲན་གཡོག་ཏུ་གྱུར་པ་རེད།ང་ཚོས་བསླབས་ཟིན་པའི་ཤེས་བྱ་དག་དངོས་ཡོད་འཚོ་བ་དང་རང་གི་མི་གཞི་སོགས་ཀྱི་སྟེང་དུ་ཕན་པའི་སྨན་བཞིན་དུ་བཀོལ་སྤྱོད་བྱ་ཤེས་དགོས།དེ་ལྟར་མིན་ན་ཤེས་བྱ་ཇི་སྙེད་ཅིག་བློ་ཁོག་ན་ཡོད་ཀྱང་སྟོང་བ་ཡིན།

བཅུ་དྲུག་པ། གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་།
        ཐང་ཅོན་གྱིས་གོ་སྐབས་ནི་འདྲ་མཉམ་ཞིག་མིན་པར་འབད་བརྩོན་བྱེད་མཁན་གྱི་མི་ལ་ཐོབ་པ་རེད་ཅེས་བཤད་མྱོང་།བརྩོན་ལེན་བྱེད་ཕོད་པའི་མི་དང་མདུན་ཕྱོགས་སུ་བསྐྱོད་པའི་གོམ་གང་གིས་སྔ་ན་ད་གཟོད་རྒྱལ་ཁ་ལེན་པའི་གོ་སྐབས་ཡོད་པ་རེད།ཁྱོད་ལ་ཆེད་དུ་བསྐྱུར་བའི་གོ་སྐབས་ཤིག་མི་འདུག་པས་ཁྱོད་ཀྱིས་ཀྱང་གོ་སྐབས་བཙལ་ཤེས་དགོས་པ་ཤིན་ཏུ་གལ་ཆེ།ནམ་རྒྱུན་དོན་བྱ་གང་ཞིག་ཡིན་རུང་འབད་བརྩོན་དང་རྒྱུན་འཁྱོངས་བྱས་ན་ད་གཟོད་རྒྱལ་ཁ་ཐོབ་ཐུབ་པ་རེད།

བཅུ་བདུན་པ། རྣམ་འགྱུར་གྱིས་རྒྱལ་ཕམ་ཐག་གཅོད་བྱེད།
    རྣམ་འགྱུར་ནི་མི་ཞིག་གི་སྤྱོད་སྟངས་ཀྱི་མཚོན་བྱེད་ཅིག་རེད།ང་ཚོས་གདོང་གཏོད་བཞིན་པའི་བྱ་བ་དང་དོན་དག་གང་ཡིན་རུང་རྣམ་འགྱུར་གྱིས་དེའི་མཇུག་འབྲས་ཐག་གཅོད་བཞིན་ཡོད།དཔེར་ན་ང་ཚོས་འགྲན་སྡུར་གང་རུང་ལ་རྣམ་འགྱུར་ཡག་པོ་བཟུང་ན་རྒྱལ་ཐུབ་པ་ལྟ་བུ་རེད།ཁྱོད་རང་བག་ཡོད་ཚུལ་མཐུན།དཔེ་ཆ་དང་ལག་ལེན་ལ་དགའ་མཁན་ཞིག་ཡིན་ན་ཁྱོད་ལ་དེ་དང་མཚུངས་པའི་གྲུབ་འབྲས་ཐོབ་ལ།ཁྱོད་ངོ་ཚ་ཁྲེལ་མེད་དང་དོན་དག་གང་ལའང་རྣམ་འགྱུར་མི་ལེགས་པ་འཛིན་མཁན་ཞིག་ཡིན་ན་འབྲས་བུའང་དེ་ཙམ་མ་གཏོགས་ཐོབ་མི་ཐུབ།དེ་བས་དོན་དག་གང་འདྲ་ཞིག་ལ་འཕྲད་རུང་རྣམ་འགྱུར་དྲང་མོ་འཛིན་རྒྱུ་ནི་གལ་ཆེན་ཞིག་ཡིན།

བཅོ་བརྒྱད་པ། གཞན་གྱིས་བསྒྲུབ་མི་འདོད་པ་བསྒྲུབ་དགོས།
        རྒྱལ་ཁ་ལོན་མཁན་ངོ་མ་ཞིག་གི་མིག་ལམ་དུ་བསྒྲུབ་མི་འདོད་པའི་བྱ་བ་གཅིག་ཀྱང་མེད།དེ་དག་གིས་གཞན་གྱིས་བསྒྲུབ་མི་འདོད་པའི་བྱ་བ་དེ་དག་ལ་ལྷག་ཏུ་གཙིགས་ཆེན་དང་མཐོང་ཆེན་བྱས་པས་ཁོ་ཚོར་རྟག་ཏུ་རྒྱལ་ཁ་ཐོབ་པ་རེད།རྒྱལ་ཁའི་ལས་ཆོད་མང་པོ་ཞིག་འཕར་བ་རེད།ང་ཚོས་སློབ་ཆེན་ནས་གཞུང་ཞབས་པའི་སྡོང་རྐང་གཅིག་པོར་འཚང་རུབ་བྱེད་པ་ལས་གཞན་གྱིས་བསྒྲུབ་མ་མྱོང་ལ་བསྒྲུབ་ན་མི་འདོད་པའི་ལས་ཀ་དེ་དག་བསྒྲུབས་ན་ང་ཚོར་རྒྱལ་ཁ་ཐོབ་སླ་ལ་འབྲས་བུའང་མང་པོ་འབྱུང་སྲིད།

བཅུ་དགུ་པ། རང་གི་དགེ་མཚན་རྟོགས་པར་བྱ་དགོས།
        ང་རང་ཤིན་ཏུ་དགའ་བའི་སྐད་ཆ་ཞིག་སྟེ་རང་སྟེང་གི་དགེ་མཚན་ནི་རྒྱལ་ཁའི་རྟེན་གཞི་ཡིན་ཞེས་པ་འདི་ཡིན།ང་ཚོའི་མི་སུ་ཞིག་ཡིན་ཡང་རང་སྟེང་ན་དགེ་མཚན་རེ་ཡོད།དེ་ནི་གཞན་དང་མི་འདྲ་བའི་སྔོན་ཐོན་གྱི་ཆ་དེ་ཡིན།ངལ་རྩོལ་ལ་མཁས་པ།སློབ་སྦྱོང་ལ་དགའ་བ།བསམ་བློ་གཏོང་བར་མཁས་པ།གསར་གཏོད་ལ་མཁས་པ།ཚོང་རྒྱག་པར་མཁས་པ།གླུ་ལེན་པར་མཁས་པ་སོགས་ཀྱིས་མཚོན་པའི་དགེ་མཚན་དེ་དག་རང་གི་མི་ཚེའི་དཀྱོགས་མཚམས་ཀྱི་གོ་སྐབས་བཟང་པོ་ཞིག་ཏུ་འགྱུར་ཡང་སྲིད།

ཉི་ཤུ་པ། དོན་ཆུང་བསྒྲུབས་ན་དོན་ཆེན་འགྲུབ།
        ང་ཚོའི་མི་མང་པོ་ཞིག་ལ་ཡོད་པའི་ནོར་འཁྲུལ་ཞིག་ནི་ཧམ་པ་ཆེ་ཞིང་ལག་ལེན་ཉུང་བ་དེ་རེད།བསམ་བློའི་ངོར་དོན་ཆེན་བསྒྲུབས་ན་འདོད་རུང་།དོན་གྱིས་བྱ་བ་ཕྲན་ཚེགས་དེ་དག་ཡང་ཡག་པོ་ཞིག་བསྒྲུབས་མ་མྱོང་བ་རེད།ང་ཚོས་དོན་ཆུང་རེ་རེ་ལ་ཡང་གཡོ་སྒྱུ་མེད་པར་གཙིགས་ཆེར་བཟུང་ནས་བསྒྲུབས་ན།དོན་ཆེན་ཡུན་གྱིས་འགྲུབ་སྲིད་པས།སློབ་གཉེར་དང་བྱ་བ་གང་གི་སྐབས་ཡིན་རུང་དོན་དག་ཆུང་ངུ་ཞིག་ཡིན་ཡང་ཞིབ་ཚགས་ངང་བསྒྲུབ་རྒྱུ་ནི་གལ་ཆེའོ། །

ཉེར་གཅིག་པ། ཁེར་རྐྱང་དང་འཕྱ་སྨོད།ཕམ་ཁ་བྱུང་བ་སོགས་ལ་གོམས་དགོས།
        ཇི་ལྟར་ཁེར་རྐྱང་ཡིན་ན་མི་ཚེའི་བགྲོད་ལམ་སྟེང་དུ་སོང་བ་དེ་ལྟར་མགྱོགས་པས་ཁེར་རྐྱང་ལ་གོམས་དགོས།སྤྱིར་རང་ཉིད་ལ་གྲོགས་པོ་མང་ན་བཟང་ཐག་ཆོད་ཡིན་མོད།གྲོགས་པོའི་ཁྲོད་དུའང་མི་རྣམ་པ་སྣ་ཚོགས་ཡོད་པས་སློབ་སྦྱོང་གི་དུས་སུ་ཁེར་རྐྱང་ལ་གོམས་དགོས།ཁེར་རྐྱང་གི་ཁྲོད་ནས་རང་གི་བསམ་གཞིག་གཏན་ཚིགས་ལྟར་དུ་མ་སོང་ན་ཆོག་པས་མིའི་བསམ་བློ་རྒྱང་རིང་པོ་དང་གཏིང་ཟབ་པའི་ཕྱོགས་ལ་རྒྱ་བསྐྱེད་ཐུབ།འཕྱ་སྨོད་ནི་སྟོབས་ཤུགས་རིགས་ཤིག་དང་དེ་བསྲོན་མ་ཐུབ་ན་བག་འཁུམ་གྱི་སྤྱོད་སྟངས་ཤིག་ཡིན།གཞན་གྱིས་འཕྱ་སྨོད་ལ་གདོང་གཏོད་ཐུབ་དགོས།ང་ཚོས་ཁྲེལ་དགོད་གཅིག་ཀྱང་དང་ལེན་བྱེད་མ་ཐུབ་ན་གཞན་གྱི་སྐྱོན་བརྗོད་དང་རྡུང་རྡེག་མང་པོ་ཐེབས་སྲིད།ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཟེར་དོན་ནི་ཕམ་ཁའི་ཁྲོད་ནས་ང་ཚོས་རང་གི་ཞན་ཆ་ངོ་མ་གང་ན་ཡོད་པ་དང་ཕྱོགས་གང་ནས་འབད་བརྩོན་བྱ་དགོས་པ་རྟོགས་ཐུབ་པས་ཡིན།ཆ་རྐྱེན་འདི་གསུམ་ནི་རྒྱལ་ཁ་ཐོབ་པའི་རྟེན་གཞི་ལྟ་བུ་ཡིན་ནོ། །

ཉེར་གཉིས་པ། དྲན་མི་ཐུབ་པ་ལས་བསྒྲུབ་མི་ཐུབ་པ་མེད།
        ང་ཚོའི་མི་མང་པོ་ཞིག་གི་བསམ་བློ་བག་འཁུམ་ཡོད་དེ།དོན་དག་འདི་སྒྲུབ་མི་ཐུབ་རབས།གན་མི་འཁྱོངས་རབས།དེ་ལ་ཆ་རྒྱུས་མེད་རབས་སོགས་ལ་ཁ་གཡར་ནས་དོན་ཆེན་ཞིག་ཀླད་པའི་ནང་དུ་དྲན་ཡང་ཐུབ་ཀྱིན་ཡོད་པ་མ་རེད།ང་ཚོའི་བསམ་བློ་ཇི་ལྟར་རྒྱང་རིང་ན་འགྲོ་ལམའང་རིང་ལ་དེ་བཞིན་རྒྱང་རིང་ལའང་དེ་ལྟར་འགྲོ་ཐུབ་པས་ང་ཚོའི་བསམ་བློ་རྒྱང་རིང་པོར་ཕྱོགས་རྒྱུ་ནི་དོན་བྱ་ཆེ་ཆུང་གང་ཞིག་འགྲུབ་པའི་རྩ་བ་ཡིན་ནོ། །

ཉེར་གསུམ་པ། གཞན་ལ་རོགས་རམ་དང་མཉམ་འབྲེལ་བྱ་ཤེས་དགོས།
        མི་ཞིག་གི་ནུས་ཤུགས་ལ་ཚད་ཡོད་པས་ཕན་ཚུན་རོགས་རམ་དང་མཉམ་འབྲེལ་ནི་བྱ་བ་བདེ་བླག་ངང་འགྲུབ་ཐུབ་པའི་ཆ་རྐྱེན་གཙོ་བོ་ཡིན།རོགས་རམ་དང་མཉམ་འབྲེལ་ནི་ཕན་ཚུན་གྱི་ཡིན་པས་རྒྱུན་དུ་གཞན་ལ་རོགས་རམ་དང་མཉམ་འབྲེལ་བྱ་རྒྱུ་གལ་ཆེན་ཞིག་ཡིན་ནོ། །

ཉེར་བཞི་པ།སོམ་ཉི་མེད་པའི་མི་ཞིག་བྱ་དགོས།
        མི་ཆེས་འཇིགས་པའི་དགྲ་བོ་ནི་རང་ཉིད་ཡིན་ལ།རང་ཉིད་རྨེག་མེད་དུ་གཏོང་མཁན་ནི་རང་གི་བསམ་བློ་རེད།བསམ་བློའི་ནང་དུ་སོམ་ཉིས་ཁེངས་ཡོད་པ་ནི་རང་གི་དོན་དེ་མི་འགྲུབ་པའི་རྩ་བ་ཡིན།སྐབས་མང་པོར་ང་ཚོའི་མདུན་སྐྱོད་ཀྱི་ལམ་ཁ་འགོག་མཁན་ནི་གཞན་ཞིག་མིན་པར་ང་ཚོའི་བསམ་བློ་རེད།བསམ་བློའི་ཁྲོད་དུ་དོགས་གཞི་ཡོད་པས།གང་གི་ཕྱོགས་སུའང་གོམ་པ་སྤོ་མ་ཐུབ་པ་རེད།དེ་བས་སོམ་ཉི་མེད་པའི་མི་ཞིག་བྱ་རྒྱུ་ནི་གལ་ཆེ་བ་ཞིག་ཡིན་ནོ། །

ཉེར་ལྔ་པ། དུས་ཚོད་དམ་འཛིན་དང་གཅེས་སྤྲས་བྱ་དགོས།
        དུས་ཚོད་ནི་འདྲ་མཉམ་ཡིན་ལ།དམ་འཛིན་བྱེད་མིན་དང་གཅེས་སྤྲས་བྱ་ཤེས་མིན་གྱི་བར་ནས་མི་དང་མིའི་ཁྱད་པར་ཤོར་སོང་བ་རེད།ང་ཚོའི་འཚོ་བའི་བར་གསེང་ནས་བསམ་དབང་དྲན་དབང་མེད་པར་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་འགྲོ་བཞིན་ཡོད།ཁྱོད་ཀྱིས་གཞན་ལས་ལྷག་པའི་སྐར་མ་གཅིག་དམ་འཛིན་བྱས་ན་ཁྱོད་ལ་གཞན་ལས་ལྷག་པའི་གྲུབ་འབྲས་ཐོབ་ལ།སྐར་མ་རེ་རེ་དམ་འཛིན་བྱ་ཤེས་ན་མཐར་ཐུག་གི་བསམ་དོན་འགྲུབ་པར་རྒྱལ་ཁ་ཡང་ཐོབ་པར་གདོན་མི་ཟའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1