༄༅།། སྡེ་དགེ་པར་ཁང་གི་པར་ཤིང་རི་མོ་བརྐོས་ཚུལ་དང་དེའི་ཁྱད་ཆོས།

ཚེ་རིང་འགྱུར་མེད་ཀྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-30



ཚེ་རིང་འགྱུར་མེད་ཀྱིས་བྲིས། བསྟན་འཛིན་ཉི་མས་པར་བླངས།
པར་ཁང་གི་པར་ཤིང་རི་མོ་བརྐོས་ཚུལ་དང་དེའི་ཁྱད་ཆོས།

        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་ཀུན་གྱི་ཐོག་མ་ནི་བརྒྱད་སྟོང་སུམ་ཕབ་ཀྱི་བར་བཅུག་རི་མོ་དང་བཀའ་འགྱུར་གྱི་བར་བཅུག་རི་མོ་སོགས་ཡིན་དགོས་ཏེ། བརྒྱད་སྟོང་སུམ་ཕབ་ཀྱི་པར་ཤིང་འདི་པར་ཕུད་ཀྱི་ཚུལ་དུ་པར་ཁང་མ་བཞེངས་པའི་སྔ་རོལ་ཁྲི་ཆེན་སངས་རྒྱས་བསྟན་པ་དང་ས་སྐྱོང་བསོད་ནམས་ཕུན་ཚོགས་ཁུ་དབོན་གྱི་སྐུ་རིང་ནས་པར་བརྐོས་གནང་བ་ཡིན་ཞིང་། བཀའ་འགྱུར་གྱི་པར་ཤིང་ནི་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་པའི་ཕྲིན་ལས་བརྩམས་པ་དང་དུས་གཅིག་ཏུ་པར་བརྐོས་མཛད་པ་ཡིན་པས་སོ། །བརྒྱད་སྟོང་སུམ་ཕབ་ཀྱི་དབུ་ལྷ་དང་བར་བཅུག་རི་མོ་འབྲི་མཁན་ནི་ཨ་ལྷ་ཡིན་ཞེས་བརྒྱད་སྟོང་སུམ་ཕབ་དཀར་ཆག་ཏུ་གསལ་པོ་བྲིས་ཡོད། སྡེ་དགེ་རྒྱལ་པོ་རང་ཉིད་ཐུན་མོང་དང་ཐུན་མིན་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་པས་རི་མོ་ལེགས་པོ་མེད་ན་ཐུགས་ཚིམ་པར་དཀའ་བ་དང་། སྡེ་དགེའི་ས་སྐྱོང་སྟོབས་འབྱོར་གྱི་མཐུན་རྐྱེན་བཟང་བས་བཟོ་རིག་སྨྲ་བའི་ཁྱུང་མཆོག་དུ་མ་གདན་དྲངས་པ་ལ་དཀའ་ཚེགས་ཀྱང་མེད་ཅིང་། སྡེ་དགེའི་ཆོས་རྒྱལ་གྱིས་པར་ཤིང་བརྐོ་བའི་སྤུས་ཚད་ལ་གཟིགས་སྐྱོང་བླ་ན་མཐོ་བ་མཛད་པས་ལྷ་བཟོ་མཁས་པ་ཞིག་གདན་འདྲེན་མཛད་ངེས་པ་ཤུགས་ཀྱིས་རྟོགས་ཐུབ་སྟེ། རི་མོ་རང་ལ་བལྟས་པས་ཀྱང་སྨན་ལུགས་ཀྱི་བྲིས་རྒྱུན་སྒྲོས་ལེགས་ཤིང་ཉམས་མཚར་ལྟ་ན་སྡུག་པ་ཆུ་བུར་མིག་གི་དགའ་སྟོན་དུ་མཇལ་རྒྱུ་ཡོད། སྡེ་དགེའི་པར་ཁང་གི་བཀའ་འགྱུར་གྱི་དབུ་ལྷ་སོགས་རི་མོའི་མ་ཕྱི་ནི་སི་ཏུ་ཆོས་འབྱུང་གི་ཕྱག་བྲིས་རྣལ་མ་ཡིན་པ་ཚད་ལྡན་གྱི་ལོ་རྒྱུས་ཡིག་ཆ་ན་གསལ་ལོ། །
        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ནང་དུ་སྤྱིར་རི་མོའི་རིགས་ཀྱི་པར་ཤིང་སྟོང་ཕྲག་ལྷག་ཡོད་མོད། ཐང་ག་དང་། དཀྱིལ་འཁོར། རླུང་རྟ་སོགས་རི་མོ་རྐྱང་པའི་པར་ཤིང་སུམ་བརྒྱར་ཉེ་ཙམ་ཡོད་པ་ནི་རི་མོའི་པར་ཤིང་གི་གྲུབ་ཆ་གཙོ་བོ་ཡིན། རི་མོའི་ནང་དུ་གངས་རིའི་ལྗོངས་འདིའི་བཟོ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་གསར་པའི་སྲོལ་འབྱེད་ཀྱི་ཤིང་རྟ་ཆེན་པོ་སྨན་བླ་དོན་འགྲུབ་ནས་བརྒྱུད་པའི་སྨན་རྙིང་གི་ཕྱག་བཟོ་དང་། སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་གསར་གཏོད་གནང་ཞིང་སྤྲུལ་པའི་བཟོ་བོ་གྲུ་པ་ཕུར་བུ་ཚེ་རིང་གིས་རྒྱུད་འཛིན་དང་ངོ་མཚར་ཁྱད་ཆོས་གསར་པ་དུ་མས་ཟུར་བརྒྱན་པའི་སྨན་གསར་གྱི་ཕྱག་བཟོ། ཡར་སྟོད་ནམ་མཁའ་བཀྲ་ཤིས་སོགས་བཀྲ་ཤིས་རྣམ་གསུམ་གྱིས་གསར་གཏོད་གནང་ཞིང་། གཙུག་ལག་སྣང་བའི་ཉིན་བྱེད་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སོར་མོའི་འདུ་བྱེད་ཀྱི་ཉམས་འགྱུར་གསར་པས་ཟུར་བརྒྱན་པའི་ཀརྨ་སྒར་བྲིས་ཀྱི་ཕྱག་བཟོ། སྒར་ལུགས་སྨན་ལུགས་གཉིས་ཀྱི་ལེགས་ཆའི་ཉིང་བཅུད་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པའི་ལུགས་བཟང་གི་སྲོལ་འབྱེད་ཉེ་དུས་བཟོ་རིག་སྨྲ་བའི་དེད་དཔོན་ཐང་བླ་ཚེ་དབང་གི་སྒར་སྨན་འདྲེས་མའི་ཕྱག་བཟོ་སོགས་བཟོ་རྒྱུན་དུ་མའི་བྲིས་སྐུ་དང་དཀྱིལ་འཁོར་ཅི་རིགས་པ་ཡོད། དེ་དག་ཀུན་ཕྱི་ནང་གི་བཟོ་རིག་པའི་གཞུང་ཐམས་ཅད་ལ་མཁས་ཤིང་བྲིས་འབུར་གཉིས་ཀྱི་ལག་རྩལ་ལ་བྱང་ཚད་ཟླ་བྲལ་བའི་སྤྲུལ་པའི་བཟོ་བོ་རུ་བསྔགས་པའི་གྲུ་པ་ཕུར་བུ་ཚེ་རིང་དང་། འཛིང་ལྷ་འཇམ་དབྱངས། ཐང་བླ་ཚེ་དབང་གསུམ་གྱིས་གཙོ་བོར་བྱས་ནས་མ་ཕྱི་བྲིས་གནང་བ་ཡིན། གཞན་དུ་རྒྱ་རོང་ལྷ་མཁན་དང་ཚེ་གསལ་བཀྲ་བསམ་དུ་འབོད་པའི་རི་མོའི་འདུ་བྱེད་ལ་དམིགས་བསལ་དུ་མཁས་པའི་འདས་ཟིན་གྱི་ལྷ་བཟོ་འགའི་ཕྱག་བྲིས་ཉུང་ཤས་ཤིག་ཀྱང་ཡོད།
        སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་ནང་གི་མཛད་བཅུའི་དགུ་ཐང་དང་། གུ་རུ་མཚན་བརྒྱད་ཀྱི་ཞལ་ཐང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ཞལ་ཐང་ལ་སོགས་པའི་རི་མོའི་མ་ཕྱི་ནི་གྲུ་པ་ཕུར་བུ་ཚེ་རིང་གིས་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོར་སྡེ་དགེའི་ས་སྐྱོང་ཚེ་དབང་བདུད་འདུལ་རྡོ་རྗེས་ཆབ་སྲིད་སྐྱོང་བའི་སྐབས་སུ་ཕྱག་བྲིས་གནང་བ་ཡིན་ཞིང་། དེ་བཞིན་ངོར་ལུགས་དཀྱིལ་འཁོར་བདུན་གྱི་ཞལ་ཐང་དང་། རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་ཀྱི་ཞལ་ཐང་། མཁའ་སྤྱོད་དམར་མོའི་ཞིང་བཀོད་ཀྱི་ཞལ་ཐང་ལ་སོགས་པའི་རི་མོའི་མ་ཕྱི་ཡང་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོར་ས་སྐྱོང་ཚེ་དབང་བདུད་འདུལ་རྡོ་རྗེས་ཆབ་སྲིད་སྐྱོང་བའི་སྐབས་སུ་འཛིང་ལྷ་འཇམ་དབྱངས་ཀྱིས་ཕྱག་བྲིས་གནང་བ་ཡིན། གནས་བརྟན་བཅུ་དྲུག་གི་ཞལ་ཐང་ཉེར་གསུམ་སོགས་སྤྱི་ལོའི་དུས་རབས་ཉི་ཤུ་པའི་དཀྱིལ་དུ་སྡེ་དགེ་དཔོན་མོ་འཇམ་དབྱངས་དཔལ་མོས་སྲིད་བཟུང་བའི་སྐབས་སུ་ཐང་བླ་ཚེ་དབང་གིས་པར་རྩ་བྲིས་ནས་པར་བརྐོས་མཛད་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཞལ་ཐང་དགུ་དང་། མཚན་བརྒྱད་དགུ་ཐང་སོགས་ཀྱི་རི་མོའི་པར་ཤིང་གི་མ་ཕྱི་ནི་སྤྱི་ལོའི་དུས་རབས་ཉི་ཤུ་པའི་སྨད་རྒྱལ་བསྟན་ཡང་དར་གྱི་སྐབས་སུ་བཟོ་རིག་སྨྲ་བའི་ཁྱུ་མཆོག་ཐང་བླ་ཚེ་དབང་གིས་ཕྱག་བྲིས་གནང་བ་ཡིན།

དབྱངས་ཅན་མ་དང་སྒྲོལ་མ་ཉེར་གཅིག་གི་རི་མོའི་པར་ཤིང་། 

        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་གི་མ་ཕྱི་འབྲི་མཁན་གཙོ་བོ་གསུམ་ལས་གྲུ་པ་ཕུར་བུ་ཚེ་རིང་མཆོག་ནི་བོད་གངས་རིའི་ལྗོངས་ཀྱི་ཤར་ཕྱོགས་ཆབ་མདོའི་མངའ་འོག་ཏུ་སྐུ་འཁྲུངས་པ་བཞེད་ཅིང་། མཚན་གཞན་ཆབ་མདོའི་ལྷ་བཟོ་གྲུ་པ་ཕུར་བུ་ཚེ་རིང་ཞེས་ཀྱང་འབོད། ཀུན་གྱིས་སྤྲུལ་པའི་བཟོ་བོ་རུ་བསྟོད་པའི་དམ་པ་འདིའི་ཡབ་ཡུམ་གྱི་མཚན་དང་འཁྲུངས་འདས་ཀྱི་དུས་སོགས་དཔྱད་གཞིའི་ཡིག་ཆ་ཚད་ལྡན་མ་རྙེད་པས་ཞིབ་མོ་ཁ་གསལ་བརྗོད་དཀའ་མོད། དམ་པ་ཉིད་ཀྱི་དངོས་སློབ་འཛིང་ལྷ་འཇམ་དབྱངས་དང་ཐང་བླ་ཚེ་དབང་སོགས་དུས་རབས་ཉི་ཤུ་པའི་ནང་སྐུ་ནར་སོན་ཞིང་གྲུ་པ་ཕུར་བུ་ཚེ་རིང་གི་མདུན་ནས་བཟོ་རིག་གི་རིག་གཞུང་དང་བྲིས་འབུར་གྱི་ལག་ལེན་ལ་སློབ་གཉེར་གནང་བའི་དངོས་བྱུང་ལོ་རྒྱུས་ལ་བལྟས་ན། སྤྱི་ལོའི་དུས་རབས་བཅུ་དགུ་པའི་སྨད་ཙམ་དུ་འཁྲུངས་ཤིང་དུས་རབས་ཉི་ཤུ་པའི་སྟོད་ཙམ་དུ་གཤེགས་པ་ཞིག་ཡིན་ངེས་ཏེ། བོད་རབ་བྱུང་བཅོ་ལྔ་པའི་ནང་སྟེ་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོ་ཡས་མས་སུ་འཁྲུངས་པའི་འཛིང་ལྷ་འཇམ་དབྱངས་དགུང་ལོ་བཅོ་བརྒྱད་བཞེས་པའི་རྗེས་ཤར་རྒྱལ་བ་ཀཿཐོག་དགོན་ནས་གྲུ་པ་ཕུར་བུ་སློབ་དཔོན་བསྟེན་ཏེ་བཟོ་རིག་པ་དང་བྲིས་འབུར་གྱི་ལག་རྩལ་སློབ་གཉེར་མཛད་པ་བཤད་ཅིང་། བོད་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ་1902ལོར་འཁྲུངས་པའི་ཐང་བླ་ཚེ་དབང་གི་རྣམ་ཐར་ནང་དུ་ཁོང་དགུང་ལོ་བཅོ་ལྔ་པ་མེ་འབྲུག་ལོ་སྟེ་སྤྱི་ལོ་1916ལོར་ཀཿཐོག་ཏུ་ཕེབས་ནས་རྒྱལ་བ་ཀཿཐོག་པའི་བླ་རབས་ཁ་བསྐང་གི་ཞལ་ཐང་འབྲི་བཞེངས་གནང་བའི་ཚེ་གྲུ་པ་ཕུར་བུ་ཚེ་རིང་དེར་བཞུགས་ནས་ལྷ་དཔོན་མཛད་བཞིན་ཡོད་པའི་གནས་ཚུལ་འཁོད་ཡོད། ཁོང་གི་རྒྱུད་འཛིན་སྡེ་དགེའི་མངའ་འོག་ཏུ་འཛིང་ལྷ་འཇམ་དབྱངས་དང་། ཐང་བླ་ཚེ་དབང་། དབུ་ཆེན་ལྷ་བཟོ་དབང་དགའ་སོགས་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད་ལ། གཞན་དུ་གྲུ་པ་ཕུར་བུ་ཚེ་རིང་གི་སློབ་རྒྱུད་དུ་གཏོགས་པ་གྲུ་པ་བསོད་ནམས་ཚེ་རིང་། ལྷ་བཟོ་བླ་མ་དབང་འདུས། ཚེ་དཔག་ལྷ་ཚོགས། ཀརྨ་ལྷ་སྟེང་གི་ཚད་མ་དགེ་ལེགས། སིབ་མདའ་ཀརྨ་རྡོ་རྗེ་སོགས་བྲིས་འབུར་གཉིས་ལ་བྱང་བའི་ལྷ་བཟོ་ཕུལ་དུ་བྱུང་བ་མང་། གྲུ་པ་ཕུར་བུ་ཚེ་རིང་སྡེ་དགེའི་ས་སྐྱོང་ཚེ་དབང་བདུད་འདུལ་རྡོ་རྗེས་སྡེ་དགེ་ལྷུན་གྲུབ་སྟེང་དུ་གདན་དྲངས་ནས་སྡེ་དགེའི་པར་ཁང་གི་མཛད་པ་དགུ་ཐང་དང་གུ་རུ་མཚན་བརྒྱད་སོགས་ཀྱི་རི་མོའི་པར་རྩའམ་མ་ཕྱི་བྲིས་ཡོད་དེ། ཁོང་གི་བཟོ་རྒྱུན་གཙོ་བོ་སྨན་གསར་གྱི་ལུགས་ཡིན་ཞིང་དེ་ལ་ཁྱད་ཆོས་གསར་པ་དུ་མས་ཟུར་བརྒྱན་ནས་སྨན་གསར་ཁམས་བྲིས་ཀྱི་ལུགས་སྲོལ་ཞེས་པ་འདི་གསར་གཏོད་གནང་བ་ཡིན། །

འཛིང་ལྷ་འཇམ་དབྱངས། 

གྲུ་པ་ཕུར་བུས་བྲིས་པའི་སྟོན་པའི་མཛད་པ།

        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་གི་མ་ཕྱི་འབྲི་མཁན་གཙོ་བོ་གསུམ་ལས་འཛིང་ལྷ་འཇམ་དབྱངས་ནི་བོད་རབ་བྱུང་བཅོ་ལྔ་པའི་ནང་གི་སྤྱི་ལོའི་དུས་རབས་ཉི་ཤུ་པའི་འགོ་ཡས་མས་སུ་ཁམས་དཔལ་ཡུལ་འཛིང་པའི་ཡུལ་དུ་སྐུ་བལྟམས་པ་ཏེ། ཁོང་གི་ཡབ་ཀྱི་མཚན་ལ་ཚེས་སྤྲུག་ཨ་བླ་དང་ཡུམ་གྱི་མཚན་ལ་མཚོ་སྒྲོན་དུ་འབོད་པ་བཤད། ཁོང་ཆུང་དུས་ནས་སྔོན་སྦྱངས་ཀྱི་བག་ཆགས་སད་པ་ལྟ་བུར་རི་མོ་འབྲི་བའི་རྩེད་མོ་ལ་རོལ་ཏེ་གྱང་དང་རྡོ་ལེབ་ཀྱི་ངོས་དག་ན་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་དང་སྲོག་ཆགས་སྣ་ཚོགས་པའི་འདྲ་གཟུགས་སོགས་བྲིས་པས་ཉེ་འཁོར་གྱི་མི་ཐམས་ཅད་ངོ་མཚར་བར་གྱུར། དགུང་ལོ་བརྒྱད་ཀྱི་ཐོག་ཁུ་བོ་ཚེས་ཁུ་ཞེས་འབོད་པའི་མདུན་ནས་བོད་ཡིག་འབྲི་ཀློག་སོགས་སྦྱངས་ནས་ཚེགས་མེད་དུ་མཁྱེན་ཐུབ་པར་བྱུང་། དགུང་ལོ་བཅུ་ཡས་མས་སུ་དཔལ་ལྡན་ས་སྐྱ་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་འདོན་ཆོག་འབུད་རྡུང་བཅའ་དཀྲོལ་དང་བཅས་པའི་གནས་ལ་སྦྱོང་པ་དཔྱིས་ཕྱིན་པ་གནང་ཡོད། དེ་ནས་ཁུ་བོས་ཞལ་བཀོད་མཛད་དེ་ཁྱིམ་ཚང་གི་ལྷ་བཟོའི་རྒྱུད་པ་མི་ཆད་པ་བྱ་བའི་ཕྱིར་བོད་བཟོའི་སྐུ་གཟུགས་འབྲི་བཞེངས་ཀྱི་ཐིག་ཚད་བྱང་ཆུབ་པར་སྦྱངས། དགུང་ལོ་བཅོ་བརྒྱད་ཀྱི་རྗེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཤར་རྒྱལ་བ་ཀཿཐོག་པའི་འདུ་ཁང་གི་ལྡེབས་རིས་འབྲི་བཞེངས་ཀྱི་ལྷ་བཟོ་མང་པོའི་གྲལ་དུ་གདན་དྲངས་པ་ལྟར་ཕེབས། ཆབ་མདོའི་གྲུ་པ་ཕུར་བུ་ཚེ་རིང་དང་དངོས་སུ་མཇལ་ཞིང་དམ་པ་ཉིད་སློབ་དཔོན་དུ་བསྟེན་ཏེ་སྨན་གསར་གྱི་རི་མོའི་ལུགས་དཔྱིས་ཕྱིན་པར་སྦྱངས་ནས་ཐུགས་སྲས་ཀྱི་སློབ་མ་གཙོ་བོར་གྱུར། ཀཿཐོག་གི་རྟེན་བཞེངས་མཇུག་རྫོགས་དུས་འཛིང་ལྷ་འཇམ་དབྱངས་ཀྱི་རི་མོ་རང་གི་སློབ་དཔོན་གྲུ་པ་ཕུར་བུ་དང་ཐ་མི་དད་པར་ཆགས་ནས་བཟོ་རིག་མཁས་པའི་གོ་འཕང་བདེ་བླག་ཏུ་རྙེད་ཅིང་བཟོ་རིག་སྨྲ་བ་ཀུན་གྱིས་གཙིགས་སུ་འཛིན་ཞིང་གཙུག་ཏུ་བཀུར་བའི་གནས་སུ་གྱུར། ཁོང་གིས་རྟག་ཏུ་སྨན་གསར་གྱི་བཟོ་རྒྱུན་ཁོ་ན་རང་རྐྱ་ཐུབ་པ་ལག་ལེན་དང་དར་སྤེལ་མཛད་དེ་འགྱུར་བ་གཏོང་མ་མྱོང་ཞེས་གྲགས། ཁོང་གིས་རྗེས་སུ་བཟུང་བའི་སློབ་མར་སྨན་གསར་གྱི་རི་མོ་ལ་བྱང་ཆུབ་པ་ཉི་མ་ལྟ་བུ་མཁན་ཆེན་ཀརྨ་རྡོ་རྗེ་དང་། ཟླ་བ་ལྟ་བུ་ཕུན་ཚོགས་ནོར་བུ། སྐར་ཆེན་ལྟ་བུ་ཟང་ཚེ་དོན་འགྲུབ་སོགས་གསེར་ལྡན་འབྲི་ཆུའི་ཤར་ནུབ་གཉིས་ན་ཤིན་ཏུ་མང་ངོ་། །འཛིང་ལྷ་འཇམ་དབྱངས་སྐུ་ཚེ་སྨད་ལ་གསང་སྔགས་རྫོགས་པ་ཆེན་པོའི་དོན་དམ་གྱི་རྣལ་འབྱོར་པ་ཆེན་པོ་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མདུན་ནས་ཀློང་ཆེན་སྙིང་ཐིག་གི་གདམས་ཟབ་ཡོངས་རྫོགས་བུམ་པ་གང་བྱོལ་གྱི་ཚུལ་དུ་གསན། ཨ་འཛོམས་ཆོས་སྒར་དུ་རྒྱུན་བཞུགས་ཀྱིས་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བས་གྲུབ་པའི་ས་མཐོར་གཤེགས། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་དྲི་མ་མེད་པ་གདོན་མའི་མགོན་པོའི་རང་ཞལ་མངོན་སུམ་དུ་གཟིགས་ནས་མཐར་རྙིང་པ་མཐའ་དག་གཙང་སེལ་གྱི་ལས་འགུལ་སྤེལ་བའི་མི་མང་གི་འཐབ་རྩོད་ལ་ཐུག་ཉེ་དུས། སྐྱེ་འཆི་ལ་རང་དབང་ཐོབ་པའི་རྟགས་དངོས་སུ་བསྟན་ཏེ་ཞལ་ནས་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འདི་འཐབ་རྩོད་དང་རྡུང་རྡེག་འོག་ཏུ་མི་བཏང་ཞེས་གསུངས་ནས་གཟིམ་མལ་དུ་སེམས་ཉིད་ངལ་གསོའི་ཕྱག་རྒྱ་མཛད་དེ་སྐུ་ཞི་བར་གཤེགས་པ་ཡིན། ཡུལ་མི་རྣམས་ཀྱི་ངག་རྒྱུན་ལ་དམ་པ་འདི་ཉིད་འཇིག་རྟེན་མི་ཡུལ་དུ་དགུང་གྲངས་དྲུག་ཅུ་རེ་གཅིག་བཞུགས་པར་བཤད་དོ། །

ཐང་བླ་ཚེ་དབང་། 

        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་གི་མ་ཕྱི་འབྲི་མཁན་གཙོ་བོ་གསུམ་ལས་ཐང་བླ་ཚེ་དབང་ནི་བོད་རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ་1902ལོར་ཤར་ཕྱོགས་འབྲི་ཀླུང་ཆེན་པོའི་ངོགས་ཀྱི་ཁམས་སྡེ་དགེའི་པེ་ཝར་ཨ་རབ་གྲོང་ཚོ་ཞེས་བྱ་བའི་ནང་དུ་སྐུ་བལྟམས་པ་ཡིན། དགུང་ལོ་དྲུག་གི་སྐབས་སུ་རང་ཡུལ་གྱི་ཨ་མཆོད་མགོན་པོ་ཞེས་བྱ་བའི་མདུན་ནས་ཡི་གེའི་ཀློག་ལ་བསླབས་པས་ཀློག་གི་བྱང་ཚད་དང་བློར་འཛིན་སོགས་མཁྱེན་རྩལ་ཤིན་ཏུ་བཟང་བས་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར། ཞོར་དུ་ཡི་གེའི་བྲིས་ལ་རང་སྦྱོང་མཛད་དེ་འབྲི་ཀློག་གཉིས་ལ་མཁས་པར་ཆགས། དགུང་ལོ་བཅུར་སོན་དུས་ཞང་པོ་བསོད་ནམས་ཀྱིས་མཐུན་པ་སྤུན་བཞི་དང་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་རི་མོ་གནང་སྟེ་ལྷ་བྲིས་སྦྱོང་བཅུག་པས་སྔོན་སྦྱངས་ཀྱི་བག་ཆགས་སད་པ་ལྟར་ཐུགས་ལ་དགའ་བ་ཚད་ལས་འདས་པ་འཁྲུངས། རང་ཁྱིམ་གྱི་ཁང་པའི་ནང་གི་སངས་རྒྱས་བྱང་སེམས་ཀྱི་ཤོག་པར་སོགས་དཔེར་བྱས་ཏེ་རི་མོ་མང་པོ་བྲིས་པས་སངས་རྒྱས་བྱང་སེམས་དང་། རྒྱལ་པོ་སྲུང་མ། མི། སྲོག་ཆགས་སྣ་ཚོགས་པའི་རི་མོ་མཛེས་ཆ་ཅན་འབྲི་ཐུབ་པར་བྱུང་། མ་ཡུམ་དང་ཞང་པོ་ཐང་བླ་ནོར་བུ་གཉིས་ཀྱིས་ཡོན་སྦྱོར་གཟིགས་སྐྱོང་འོག་ཝ་ཤུལ་བླ་མ་བློ་གྲོས་ཞེས་བྱ་བའི་མདུན་ནས་ལྷ་བྲིས་ལ་ལོ་གསུམ་ལྷག་བསླབས་པས་རི་མོ་ལ་མཁས་པར་གྱུར། ཞལ་ཐང་ཉི་ཤུ་ལྷག་ཕྱག་བྲིས་གནང་བ་ཞང་པོ་ཐང་བླ་ནོར་བུས་གོང་ཤམ་གྱིས་བརྒྱན་ནས་རང་ཁྱིམ་དུ་ཚོགས་ཞིང་གི་རྟེན་སྐལ་ཉར། དགུང་ལོ་བཅུ་བཞིའི་ཐོག་གྲོང་གཉིས་ཚེ་དབང་ངམ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་དུ་འབོད་པའི་རིག་པ་སྨྲ་བ་གང་གི་མདུན་ནས་སུམ་རྟགས་སྙན་ངག་སོགས་ཐུན་མོང་རིག་གནས་ཀྱི་སློབ་གཉེར་དཔྱིས་ཕྱིན་པར་མཛད། དགུང་ལོ་བཅོ་ལྔའི་ཐོག་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚན་ཁྱིམ་ཕེབས་གདན་དྲངས་ནས་ཐང་བླ་ཚེ་དབང་གི་རི་མོ་ལ་གཟིགས་ཏེ་ཀཿཐོག་ཏུ་གྲུ་པ་ཕུར་བུ་ཚེ་རིང་སོགས་བསྟེན་ནས་བཟོ་རིག་གི་རིག་གཞུང་དང་ལག་ལེན་ལ་སློབ་སྦྱོང་དུ་འབྱོན་དགོས་པའི་གསུང་ལུང་སྩལ། ཀཿཐོག་ཏུ་ལོ་གཉིས་བཞུགས་ནས་རི་མོ་འབྲི་སྦྱངས་ཅི་རིགས་པ་མཛད། མཁན་པོ་ག་ལུ་ཞེས་བྱ་བའི་སྐུ་མདུན་ནས་རིག་གཞུང་སྣ་ཚོགས་པའི་ཐོས་བསམ་ཡང་མཛད། མི་རིང་བར་དཔལ་སྤུངས་སི་ཏུས་དགོན་པའི་བཅའ་ཁྲིམས་ལེགས་བསྡམས་མཛད་པ་ལ་བརྟེན་ནས་དཔལ་སྤུངས་དགོན་དུ་ཕྱིར་ལོག་དགོས་པ་བྱུང་། དཔལ་སྤུངས་ཡང་ཁྲོད་ཀྱི་སྒྲུབ་སྡེའི་དབུ་མཛད་ལོ་གསུམ་གནང་ཞིང་མཁའ་སྤྱོད་དཀར་དམར་དང་ཤངས་ཆོས་ནི་གུ་ཆོས་དྲུག་སོགས་ཀྱི་བསྙེན་སྒྲུབ་ཚད་ཕེབས་པར་མཛད། ཞང་པོ་ཐང་བླ་ནོར་བུ་དོན་འགྲུབ་ཀྱི་མདུན་ནས་ཀམ་ཚང་རང་ལུགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་རྣམས་གཙང་མ་ཞུ་རྒྱུའི་སྐལ་བ་ཐོབ། དགུང་ལོ་ཉི་ཤུའི་ཐོག་མཚམས་གྲོལ་ནས་དཔལ་སྤུངས་སི་ཏུའི་ཞལ་བཀོད་ལྟར་ལྷ་བཟོ་སྒྲོན་སྐྱབས་དང་། འཛིང་ལྷ་འཇམ་དབྱངས་ལྷན་དུ་རྡོར་སེམས་སྟོང་སྐུའི་ཞལ་ཐང་འབྲི་བཞེངས་ཀྱི་ལས་གྲར་ཞུགས། དགུང་ལོ་ཉེར་ལྔའི་ཐོག་ཤར་དཔལ་སྤུངས་དགོན་པའི་འདུ་ཁང་རྒྱ་བསྐྱེད་པ་དང་བྱམས་ཆེན་ལྷ་ཁང་གསར་བཞེངས་མཛད་པ་ལས་སྒ་སྟོད་སྤྲུལ་པའི་ལྷ་བཟོ་དགེ་སློང་ཀར་འབྲུག་ཅེས་པ་གདན་དྲངས་པའི་ལྷ་དཔོན་འོག་ལྷ་བཟོའི་ཕྱག་ལས་གནང་། བྲིས་འབུར་བརྐོས་བླུགས་ཀྱི་ལག་རྩལ་སྣ་ཚོགས་ལ་སློབ་སྦྱོང་དཔྱིས་ཕྱིན་པར་བྱ་བའི་གོ་སྐབས་བཟང་པོ་རྙེད། བཟོ་རིག་པའི་མན་ངག་ཕྱག་ལེན་དང་བཅས་པའི་བརྒྱུད་པ་ཐུན་མོང་མ་ཡིན་པའི་ཁྲིད་རྒྱུན་གྱ་ནོམ་པ་ཐོབ།

འཛིང་ལྷ་འཇམ་དབྱངས་ཀྱིས་བྲིས་པའི་ཀྱེེ་རྡོར།

        ཐང་བླ་ཚེ་དབང་མཆོག་དུས་རྟག་པར་བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་པའི་གནས་ཀུན་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་ལ་འབད་པའི་མི་རིགས་རིག་གནས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་ཏེ། བྲིས་འབུར་གཉིས་ཀྱི་བཟོ་རིག་པའི་སློབ་རྒྱུད་ལ་དགེ་སློང་བསྟན་པ་འཛིན་མཁན་བསོད་རྒྱ་དང་བཀྲ་པ་སོགས་དང་།

        གཙུག་ལག་རིག་པ་སྨྲ་བ་ཐུབ་བསྟན་ཕུན་ཚོགས་དང་བདུད་འདུལ་སོགས། བཟོ་རིག་མཁས་པའི་ཁྱུ་མཆོག་སྨན་སྒང་པ་ཡོན་ཏན་ཚེ་རིང་དང་། དིས་ཆུང་བུ་རྒན། གསེར་རྟ་རྡོར་དྲིལ་དང་ཡ་མ་ཚེ་རིང་སོགས་ཤིན་ཏུ་མང་ངོ་། །ཁོང་ནི་སྙིགས་དུས་ཀརྨ་ཀཾ་ཚང་གི་སྒྲུབ་བརྒྱུད་བསྟན་པ་འཛིན་པའི་དེད་དཔོན་དང་། ཤར་དཔལ་སྤུངས་དགོན་པའི་མདོ་སྔགས་རིག་གཞུང་གི་དཔེ་ཁྲིད་མཁན་པོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བཟོ་རིག་དགེ་རྒན། རྒྱལ་ཁབ་རིམ་པའི་ཆེན་ལས་མཁས་དབང་སོགས་མཚན་ཐོབ་སྣ་ཚོགས་ཡོད་པའི་རིག་པ་སྨྲ་བའི་ཁྱུ་མཆོག་ཅིག་ཡིན། བོད་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ་1989ལོའི་དབྱར་ཁ་བོད་ཟླ་དྲུག་པའི་ཚེས་ཉེར་དྲུག་གི་ཉིན་མོར་ཐང་བླ་ཚེ་དབང་གི་སྐུ་ཡི་བཀོད་པ་བསྡུས་ཏེ་ཞི་བར་གཤེགས། དམ་པ་ཉིད་འཇིག་རྟེན་འདིར་དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་བཞུགས་པ་ཡིན།


ཁྱད་པར་རི་མོའི་པར་ཤིང་གི་ནང་དོན།
        བོད་ཁ་བ་ཅན་པའི་བྲིས་འབུར་གཉིས་ཀྱི་བཟོ་རིག་ལག་རྩལ་ལ་ཡ་ཐོག་ཞང་ཞུང་དུས་ཀྱི་བྲིས་ཤིང་བཀོད་པའི་བཟོ་རྩལ་རི་མོ་དང་། བོད་བཙན་པོའི་སྐབས་ཀྱི་ཆོས་རྒྱལ་ལི་མ་དང་སྔ་འགྱུར་སྐྱུ་ར་ལྷ་ཆེན་ལུགས་ཀྱི་རི་མོ། བསྟན་པ་ཕྱི་དར་འགོའི་རྒྱ་གར་ཁ་ཆེའི་བཟོ་རྒྱུན་ལས་མཆེད་པའི་བཀའ་གདམས་ལུགས་ཀྱི་རི་མོ། དེ་རྗེས་བལ་པོའི་བཟོ་རྒྱུན་ལས་མཆེད་པའི་བྱེའུ་སྒང་པའི་ལུགས་ཀྱི་རི་མོ། དེ་ནས་རིམ་བཞིན་བོད་རང་གི་ཁྱད་ཆོས་ཅན་གྱི་མཁྱེན་བརྩེ་ཆེན་མོའི་ལུགས་ཀྱི་རི་མོ། སྨན་ཐང་ལུགས་ཀྱི་རི་མོ། ཀརྨ་སྒར་བྲིས་ལུགས་ཀྱི་རི་མོ། སྨན་གསར་དང་སྒར་བྲིས་གསར་མའི་ལུགས་ཀྱི་རི་མོ་སོགས་བཟོ་རྒྱུན་རྨད་དུ་བྱུང་བ་མང་པོ་ཞིག་ཡོད་པ་ལས། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་གི་རི་མོའི་པར་ཤིང་མང་ཆེ་བ་བཟོ་རྒྱུན་སྨན་རྙིང་དང་། སྨན་གསར། ཀརྨ་སྒར་བྲིས། སྒར་སྨན་འདྲེས་མར་བཅས་ལུགས་བཞིའི་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པ་ལས་གྲུབ་ཅིང་། སྡེ་དགེའི་པར་ཁང་གིས་བོད་གངས་རིའི་ལྗོངས་འདིའི་བཟོ་རིག་བསྟན་པའི་རྒྱུན་བཟང་གཙོ་བོ་འགའ་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་ཕྱག་རྗེས་བླ་ན་མཐོ་བ་བཞག་ཡོད།

ཐང་ལྷ་ཚེ་དབང་གིས་བྲིས་པའི་གནས་བརྟན།

        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་རི་མོ་པར་ཤིང་གི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཕྱི་ནང་གསང་གསུམ་གྱི་མཛད་པ་རྣམས་ཚད་ལྡན་ཡིག་ཆར་ཞིབ་གསལ་འཁོད་པ་ལྟར་རི་མོར་ཕབ་པ་དང་། སྟོན་པའི་རྗེས་འཇུག་འཕགས་པའི་གནས་བརྟན་རྣམས་ཀྱི་རྟོགས་པར་བརྗོད་པ་རི་མོར་ཕབ་པ། བོད་བརྒྱུད་ནང་བསྟན་ལ་སངས་རྒྱས་གཉིས་པ་ལྟ་བུའི་བཀའ་དྲིན་ཆེ་བ་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཆེ་བ་མཚོན་པའི་གུ་རུ་མཚན་བརྒྱད་ཀྱི་སྣང་ཚུལ་རི་མོར་ཕབ་པ། བོད་གངས་རིའི་ལྗོངས་འདིའི་རྒྱལ་བའི་བསྟན་པ་ཡོངས་རྫོགས་ཀྱི་རྩ་བ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བྱུང་བའི་ཡོན་ཏན་མཚོན་པའི་རི་མོ། དཔལ་ལྡན་ས་སྐྱ་པའི་ངོར་ལུགས་དཀྱིལ་འཁོར་བདུན་གྱི་ལྷ་ཚོགས་གཙོ་བོ་རྣམས་འདུས་པའི་རི་མོ། ཚེ་དཔག་ལྷ་དགུ། ཀུན་རིག་རྩ་ལྷ་སོ་བདུན། སྨན་བླ་མཆེད་བརྒྱད། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། སེང་གདོང་རིགས་ལྔ། ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། འཕགས་མ་གདུགས་དཀར་མོ། འཕགས་པ་འཇམ་པའི་དབྱངས། ལྷ་མོ་རྣམ་རྒྱལ་མ་སོགས་ནང་པ་སངས་རྒྱས་པའི་ཐུགས་དམ་གྱི་རྟེན་ཅི་རིགས་པའི་སྐུ་བརྙན་གྱི་རི་མོ། རྗེ་འབངས་ཉེར་ལྔ། ཐང་སྟོང་རྒྱལ་པོ། གེ་སར་རྒྱལ་པོ། མི་ལ་རས་པ། ས་ཆེན་ཀུན་དཀའ་སྙིང་པོ། ས་པཎ་ཀུན་དགའ་རྒྱལ་མཚན། ངོར་ཀུན་དགའ་བཟང་པོ། ཐར་ཚེ་ནམ་མཁའ་འཆི་མེད། མཁས་གྲུབ་སངས་རྒྱས་ཕུན་ཚོགས། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེ་དབང་པོ། མཁན་ཆེན་བཟང་པོ་རྒྱལ་མཚན། མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་བོད་གངས་རིའི་ལྗོངས་འདིའི་སྔོན་བྱོན་མཁས་གྲུབ་དམ་པ་དུ་མའི་ཞལ་ཚབ་ཀྱི་འདྲ་རིས། གྲུབ་དབང་རྫོགས་ཆེན་པའི་བླ་བརྒྱུད་དང་མཁའ་སྐྱོད་མའི་ས་སྐྱའི་བླ་བརྒྱུད་སོགས་བླ་མའི་རྣལ་འབྱོར་སྒོམ་སའི་ཚོགས་ཞིང་གི་རི་མོ། ཐང་རྒྱལ་ས་གཡོ་སྲུང་འཁོར། སྲིད་པ་འཁོར་ལོ། སྲིད་པ་ཧོའི་དཔེ་རིས། ཁྱུང་ཆེན་གཏད་བཟློག་གི་སྲུང་འཁོར། ཕྱག་ཁྱུང་ནད་རིམས་བཟློག་པའི་འཁོར་ལོ། བྱད་དང་ལྟས་ངན་བཟློག་པའི་འཁོར་ལོ། རྒྱལ་པོ་དང་གྲི་མོ་སྲུང་བའི་འཁོར་ལོ། གཟའ་དང་རྒྱུ་སྐར་གྱི་གནོད་པ་སྲུང་བའི་འཁོར་ལོ། སྲོག་ལུས་དབང་ཐང་བསྐྱེད་པའི་རླུང་རྟའི་འཁོར་ལོ་སོགས་དད་ལྡན་རྣམས་ཀྱི་འཕྲལ་ཕུགས་རྐྱེན་ངན་བར་ཆད་སེལ་བྱེད་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་རི་མོ། མཆོད་རྟེན་ཆ་བརྒྱད། མནྜལ་སོ་བདུན་མ། ཆོས་སྐྱོང་སྐང་རྫས། རྩ་གསུམ་སྐང་རྫས། གཞི་བདག་སྐང་རྫས། སྙན་ཤལ་སོགས་ཡར་ལྷ་ལ་མཆོད་པའི་རྫས་སྣ་ཚོགས་པའི་འདྲ་རིས། ཚེ་རིང་རྣམ་དྲུག་དང་། མཐུན་པ་སྤུན་བཞི། མི་མཐུན་གཡུལ་རྒྱལ། སྟག་སེང་ཁྱུང་འབྲུག །རྒྱལ་སྲིད་སྣ་བདུན། ལོ་སྐོར་བཅུ་གཉིས་སོགས་བོད་ཁ་བ་ཅན་གྱི་མི་ཀུན་ནས་རྟེན་འབྲེལ་ལེགས་པ་མཚོན་བྱེད་དུ་བརྩི་བའི་སྲོལ་རྒྱུན་རི་མོ་སོགས་རིགས་མང་ལ། སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་རིག་གནས་ནང་དོན་གྱི་རོ་བཅུད་དཔག་ཏུ་མེད་པས་ལེགས་པར་བརྒྱན་ཡོད།

རི་མོའི་པར་ཤིང་གི་པར་ཁྲི། 

        མདོར་ན། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ནི་རིག་གནས་ཀྱི་བང་མཛོད་ཅིག་ཡིན་ལ་སྒྱུ་རྩལ་གྱི་ཕོ་བྲང་ཆེན་པོ་ཞིག་ཀྱང་ཡིན་ཏེ། པར་ཁང་གི་ཕྱི་ཡི་བཟོ་བཀོད་བོད་རང་གི་ཁང་བཟང་རྒྱ་མཐོངས་ཅན་གྱི་རྣམ་པ་བརྗིད་ཆགས་ཡིད་དུ་འོང་བ་དང་ནང་གི་ལྡེབས་རིས། ཞལ་ཐང་། འདག་སྐུ། བླུགས་སྐུ། མཆོད་རྟེན། གསུང་རབ་བྲིས་མ་དང་པར་མ་སོགས་སྲིད་ན་རྙེད་དཀའ་བའི་རིག་གནས་སྒྱུ་རྩལ་གྱི་གཅེས་ནོར་མང་པོ་ཕྱོགས་གཅིག་ཏུ་འདུས་པ་འཛམ་གླིང་ས་ཡི་གོ་ལའི་སྟེང་ན་རིན་པོ་ཆེ་སྣ་མང་གི་དབྱིག་མཛོད་གཅིག་ལྷམ་མེར་འགྱིང་བ་ལས་མ་འདས། སྡེ་དགེ་པར་ཁང་གི་རི་མོའི་པར་ཤིང་མང་ཆེ་བའི་མ་ཕྱིའམ་པར་རྩ་འབྲི་མཁན་སི་ཏུ་ཆོས་འབྱུང་དང་། གྲུ་པ་ཕུར་བུ་ཚེ་རིང་། འཛིང་ལྷ་འཇམ་དབྱངས། ཐང་བླ་ཚེ་དབང་སོགས་ཕྱི་ནང་གི་རིག་གཞུང་ཀུན་ལ་མཁས་ཤིང་བྲིས་འབུར་གཉིས་ཀྱི་བཟོ་རིག་ལག་རྩལ་ལ་བྱང་ཆུབ་པ་ཡོངས་ཀྱིས་སྤྲུལ་པའི་བཟོ་བོ་རུ་འབོད་པ་རྣམས་ཀྱི་སོར་མོའི་འདུ་བྱེད་ལས་འཁྲུངས་པ་དང་། འགའ་ཤས་རི་མོ་ལ་ལྷན་སྐྱེས་ཀྱི་གོམས་པ་བཟང་ཞིང་སྦྱངས་པའི་ཡོན་ཏན་ཚད་མཐོ་བ་རྒྱ་རོང་ལྷ་མཁན་དང་ཚེ་གསལ་བཀྲ་བསམ་དུ་འབོད་པའི་ཕྱག་ལས་འཁྲུངས་པ་སོགས་ཏེ། དེ་ཀུན་སྲིད་ན་འབྱུང་བ་དཀོན་པའི་བཟོ་རིག་སྒྱུ་རྩལ་གྱི་ཁྱུ་མཆོག་དག་གི་ཕྱག་བཟོ་ཤ་སྟག་ཡིན་པས་རིག་གནས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་། རིག་རྫས་ཀྱི་རིག་ཐང་སོགས་གཞལ་བར་དཀའ་བ་སྨྲས་མི་དགོས། འདི་དག་རང་རེའི་མིག་གི་དགའ་སྟོན་དུ་ལྷགས་པ་ཡང་བསྐལ་པ་གྲངས་མེད་པར་བསོད་ནམས་བསགས་པའི་འབྲས་བཟང་ད་ལྟ་ཉིད་དུ་སྨིན་པ་ཡིན་ངེས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1