གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྩོམ་སྒྲིག་པ།ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས་ལས་དྲངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༣༠ཉིན།

༄༅།། བོད་མིའི་ཆང་དང་འབྲེལ་བའི་རིག་གནས།


          ཆང་ནི་བོད་ཀྱི་ཡུལ་གྲུ་འདིར་དར་སྔ་བའི་མྱོས་བྱེད་ཀྱི་བཏུང་བ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཆང་དང་འབྲེལ་བའི་རིག་གནས་དུ་མ་ཞིག་མདོ་དབུས་ཁམས་གསུམ་སོགས་བོད་ཀྱི་དམངས་ཁྲོད་དུ་དར་ནས་ཡོད། དེ་བཞིན་ཆང་དང་འབྲེལ་བའི་རིག་གནས་ཀྱང་ཧ་ཅང་མང་པོ་ཞིག་ཡོད་པ་ནི་སྨོས་མ་དགོས་པའོ། །

          ཆང་ཞེས་བྱ་བའི་བཏུང་བྱ་དེ་དུས་ནམ་ཙམ་ལ་ཇི་ལྟར་དར་བ་རེད་ཅེ་ན། དེའི་སྐོར་གྱི་ཁུངས་བཙུན་ཡིག་ཆ་ཧ་ཅང་དཀོན་ན་ཡང་། བོད་བཙན་པོའི་དུས་ནས་ཆང་གི་བཟོ་རྩལ་དང་། ཆང་འཐུང་པའི་ལུགས་སྲོལ་དར་ནས་ཡོད་ཚུལ་སྐོར་ལོ་རྒྱུས་ཀྱི་ཡིག་ལམ་ནང་འཁོད་པ་མང་། དེའི་ཕྱིར་མེ་མེད་ན་དུ་བ་ཡོང་དོན་མེད་པ་དང་། གཟུགས་མེད་ན་གྲིབ་མ་ཡོང་དོན་མེད་པའི་དཔེ་ལྟར། མི་དམངས་ཀྱི་འཚོ་བའི་ནང་དུ་ཆང་བཏུང་བ་དང་ཆང་གི་བཟོ་རྩལ་དར་མེད་ན་ཡིག་ཆ་དེ་དག་གི་ནང་ལ་ཡོད་མི་སྲིད་པ་གཅིག་ཡིན་དུས། སྐབས་དེ་དུས་ནས་བཟུང་བོད་ཀྱི་དམངས་ཁྲོད་དུ་ཆང་དར་ནས་ཡོད་པ་མཚོན་ཐུབ།

          ལྷག་དོན་དུ་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་གཏན་ལ་ཕབ་པའི་ཁྲིམས་སྲོལ་གྱི་ནང་ཁྲིམས་ཆེན་བདུན་གྱི་ཡ་གྱལ་ཆང་ལ་ཚོད་ཟིན་རྒྱུའི་དོན་ཚན་གསལ་པོར་བཀོད་ཡོད་པ་དེས་ཀྱང་ཆང་བག་མེད་སྤྱོད་མི་རུང་བ་བསྟན་ཡོད། དེ་ནས་མྱོས་བྱེད་ཀྱི་བཏུང་བ་ཆང་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་སྔ་རོལ་ནས་དར་ཁྱབ་ཡོད་པ་མ་ཟད། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ནང་སྐྱིད་སྡུག་གང་ལའང་མེད་ཐབས་མེད་པའི་བཏུང་བ་ཞིག་ཏུ་གྱུར་ཡོད་དེ། དམངས་གཞས་ལས་ཀྱང་ཆང་ནི་དགའ་བའི་དགའ་རོགས། །ཆང་ནི་སྐྱོ་བའི་སྐྱོ་རོགས། །དགའ་སྐྱོ་གང་འདྲ་བྱུང་ཡང་། །ཆང་གིས་རོགས་པ་ཞུས་ཡོད། །ཞེས་བྱུང་བ་ལྟར་རེད། ང་ཚོས་ཆང་གི་བེད་སྤྱོད་བྱ་ཡུལ་ལ་ཞིབ་ལྟ་ཞིག་བྱས་ན། ཆང་ལ་སྐོམ་ཞེས་པའི་མིང་དང་མཚུངས་པར་རྒྱུན་ལྡན་སྐོམ་གྱི་ངལ་བ་སེལ་ཆེད་དུ་བེད་སྤྱོད་པ་ཙམ་དུ་མ་ཟད། འཇིག་རྟེན་པའི་མཛད་སྒོ་མཐའ་དག་ལ་སྤྲོ་བ་འཕེལ་བའམ་གུས་ལུགས་མཚོན་ཆེད་ཆང་བེད་སྤྱོད་ལ། ཐ་ན་མཛད་སྒོ་མང་པོ་ཞིག་གི་མིང་ཡང་ཆང་དང་འབྲེལ་ནས་ཡོད་པ་ཚང་མས་ཤེས་གསལ་ལྟར་རེད། 

          དེས་ན་ཆང་དང་འབྲེལ་བའི་རིག་གནས་འདི་དག་ལ་དགེ་བའི་ཆ་ག་འདྲ་ཡོད་ཟེར་ན། དང་པོ་ཆང་ཞེས་བྱ་བའི་བཏུང་བྱ་འདི་ནི་བོད་མི་རིགས་ཀྱི་ཟས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ལ་སྐོམ་གྱི་ངལ་བ་སེལ་བའི་ནུས་པ་ལྡན་ཡོད་པ་དང་། དེ་ནི་ཕྱི་ལས་ཏེ་ཁྱིམ་གཞིས་དང་ཐག་རིང་ཙམ་གྱི་སར་ངལ་རྩོལ་འགྲོ་སྐབས་དང་ཞིང་འབྲོག་ལས་བྲེལ་ཆེ་བའི་སྐབས་ཀྱི་སྟབས་བདེ་བའི་བཏུང་བྱ་ཞིག་ཡིན། གཉིས་ན་ཆང་ཞེས་པ་འདི་བོད་རིགས་ཀྱི་མྱོས་བྱེད་ཀུན་གྱི་སྤྱི་མིང་ཞིག་ཡིན་ཞིང་། ཆང་བསྙལ་བཟོ་བྱེད་པའི་ལག་རྩལ་སྣ་ཚོགས་བོད་ཁམས་སུ་དར་ནས་ཡོད་ལ། དེ་ནི་བོད་ཀྱི་བཟའ་བཏུང་ལས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་རིགས་ཀྱི་ཆང་བསྙལ་བཟོ་བྱེད་པའི་ལག་རྩལ་ནི་མི་རབས་མང་པོའི་རིང་འཛིན་སྐྱོང་སྤེལ་གསུམ་གྱིས་ཆུ་ཐིགས་བསགས་པ་ལས་བྱུང་བ་ཞིག་ཡིན་གཤིས། ལག་རྩལ་དང་རྣམ་གྲངས་གང་གི་ཆ་ནས་ཀྱང་་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན། ཆང་གི་རིགས་ལ་རྒྱུ་ཆའི་སྒོ་ནས་དབྱེ་ན་ནས་ལས་བཙོས་པའི་ནས་ཆང་དང་། གྲོ་ལས་བཙོས་པའི་གྲོ་ཆང་། འབྲས་ལས་བཙོས་པའི་འབྲས་ཆང་དང་། བཟོ་སྟངས་ལག་རྩལ་གྱི་་སྒོ་ནས་དབྱེ་ན་ལོ་ལ་བཙོས་པའི་ལོ་ཆང་ཡོད། །ལོ་ཆང་ལོ་ཡག་ཁམ་པ་ཡོད། ཟླ་ལ་བཙོས་པའི་ཟླ་ཆང་ཡོད། །ཟླ་ཆང་ཟིལ་མངར་ལྡན་པ་ཡོད། །ཞག་ལ་བཙོས་པའི་ཞགས་ཆང་ཡོད། །ཞག་ཆང་ཞག་པོ་མེ་འབར་ཡོད་ཅེས་པ་ལྟར་ལོ་ཆང་དང་ཟླ་ཆང་། ཞག་ཆང་། དེ་བཞིན་བོད་རག་དང་། དེ་སློག  རློན་རྩམ། བུ་ཆང་། རུས་ཆང་། ཟན་ཆང་། ཆང་བསྐོལ་སོགས་ཆང་རིགས་དང་ཆང་ལས་བཟོས་པའི་ཟས་རིགས་མང་པོ་ཞིག་བསྙལ་བཟོ་་བྱེད་པའི་ལག་རྩལ་ཡོད།

          གསུམ་པ་གོང་སྨོས་ལྟར་ཆང་དེ་བོད་ཀྱི་ཡུལ་དུ་དར་ནས་བགྲང་བྱ་སྟོང་ཡན་འདས་ཟིན་པ་དང་། བོད་རིགས་ཀྱི་འཇིག་རྟེན་མཛད་སྒོ་དུ་མའི་སྤྲོ་བ་འཕེལ་བྱེད་ལ་མཁོ་བ་ཞིག་ཡིན་པས་ཆང་དང་འབྲེལ་བའི་རིག་རྩེད་བྱེད་སྒོ་མང་པོ་ཞིག་བོད་ཡུལ་དུ་དར་ནས་ཡོད། དེ་ཡང་ཀ་བཞི་ར་བའི་ནང་དུ། །ཕྱོགས་བཞིའི་གྲོགས་པོ་འཛོམས་སོང་། །དགའ་བའི་མཆོད་ཆང་མཆོད་སོང་། །སྙན་པའི་གླུ་དབྱངས་ལེན་སོང་། །ཞེས་པའི་ཆང་གཞས་དང་། རྔ་དང་བསྟུན་ནས་བྲོ་འཁྲབ། གཞས་དང་བསྟུན་ནས་ཆང་ཐུངས་ཞེས་པའི་གཏམ་དཔེ་ལྟར་ཆང་དང་གཞས་གཉིས་ཁ་འབྲལ་མི་ཐུབ་པ་ཞིག་ཆགས་ནས་ཆང་ལ་རོལ་སྐབས་གླུ་གཞས་ལེན་པ་ནི་རང་རེ་ཁ་བ་རི་བའི་རྟེན་འབྲེལ་བྱེད་སྒོའི་ཁྱད་ཆོས་ཆེ་ཤོས་སུ་ངེས་སོ། །
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1