གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༤ཉིན།

༄༅།། བྱ་ཚེ་རིང་གི་གཏམ་རྒྱུད།

        བོད་ཀྱི་དགོན་སྡེ་ཁང་དང་། ཁྱིམ་ཚང་ཆེན་མོ་དག་གི་ལྡེབས་རིས་སུ《ཚེ་རིང་རྣམ་དྲུག》ཅེས་འཆི་མེད་ཚེའི་དངོས་གྲུབ་སྟེར་བའི་བཀྲ་ཤིས་རི་མོ་ཞིག་མཇལ་རྒྱུ་ཡོད། རི་མོ་དེའི་འབྱུང་ཁུངས་རྒྱ་ནག་ནས་ཡིན་པ་མཁས་པ་མང་པོས་གསུངས། བཤད་ཚུལ་དེ་བདེན་ཤས་ཆེ་སྙམ། ཁྱད་པར་དུ་ཤྭ་བ་དང་ཁྲུང་ཁྲུང་གཉིས་ཚེ་རིང་གི་གྲལ་དུ་བཀོད་པ་ནི་ཙི་ནའི་ལུགས་རེད་འདོད། དེར་བརྟེན་འོག་ཏུ་རྒྱ་ནག་ལུགས་ཀྱི་བྱ་ཚེ་རིང་སྐོར་གྱི་ངོ་སྤྲོད་བྱེད་ལུགས་ལ་འགྲེལ་བཤད་ཏོག་ཙམ་བརྒྱབ་ན།
        བྱ་ཚེ་རིང་ཞེས་འབོད་པའི་བྱ་ལ་ཁྲུང་ཁྲུང་སྐེ་རིང་ཟེར། ཁུང་ཙེའི《སྙན་དངགས་བསྟན་བཅོས》ལས། ཁྲུང་ཁྲུང་སྐད་དེ་མཚེའུ་ཡི་འགྲམ། ། སྐད་གདངས་གོ་ས་ནམ་མཁའི་དབྱིངས། །ཞེས་པ་ལྟར་ན། རྒྱ་ནག་རྙིང་མའི་སྐབས་ནས་ཁྲུང་ཁྲུང་གི་ཐ་སྙད་ཆགས་ཡོད་པ་གསལ་པོ་རེད། དེས་མི་ཚད། རྒྱ་ནག་གི་གཞུང་མང་པོའི་ནང་ཁྲུང་ཁྲུང་འདི་བྱ་ཐམས་ཅད་ཀྱི་རྒྱལ་པོ་རུ་བརྩིས་ཏེ། ལྷ་བྱ་དང་ཡང་ཐེག་མཆོག་ལྷ་ཡི་ཀ་ཅ་ཞེས་གོང་དུ་བཀུར། ཆུ་འཛིན་ལང་ལོང་གསེང་དུ་འཕུར་བའི་ཁྲུང་ཁྲུང་གི་རི་མོ་དེའང་གོང་མའི་ཞིང་བའི་བློན་ཆེན་རིམ་པ་དང་པོའི་བྲང་ངོས་སུ་བརྒྱན་ཡོད། དེ་བས་རིམ་པ་དང་པོའི་བྱ་ཞེས་ཀྱང་གྲགས།
        བྱ་ཁྲུང་ཁྲུང་ལ་ཀྲུང་ཀྲུང་ཞེས་ཀྱང་འབོད། རིགས་མང་པོ19ཡོད་པ་ལས་བྱ་ཚེ་རིང་མཚོན་བྱེད་ནི་ཁྲུང་ཁྲུང་གཙུག་དམར་ཅན་དེ་ཡིན། བྱ་འདིའི་སྤྱི་གཙུག་དམར་པོ། སྒྲོ་དཀར་པོ། མཇུག་མ་ནག་པོ། སྐེ་དང་རྐང་པ་རིང་བ། སྐད་འགྱུར་སྙན་པོ་ཅན་ཞིག བྱ་ཐམས་ཅད་ལས་གཟུགས་མཛེས་ཤོས་ཤིག་ཡིན་པར་ངོས་འཛིན། མིང་ལ་ཁྲུང་ཁྲུང་དཀར་མོ་ཞེས་གསོལ། རྒྱ་གཞུང《མེ་ལོང་མེ་ཏོག་རྒྱན》 ཞེས་པ་ལས། ཁྲུང་ཁྲུང་ཕོ་མོ་ཁ་སྤྲོད་གར་ལ་རོལ། ཕོ་སྐད་སྟོད་དང་མོ་སྐད་སྨད། སྐད་གཉིས་འཕྲད་དང་སྦྲུམ་པར་གྱུར་སོགས་གསུངས། འདི་བཞིན་དེ་གནའ་བོའི་རྒྱ་ནག་གི་རིག་གཞུང་དུ་ཡ་རབས་སྤྱོད་བཟང་གི་ཚུལ་དུ་མཐོང་། ཁྲུང་ཁྲུང་གི་སྐད་སྒྲ་ཡང་ཕུལ་བྱུང་སྐྱེ་བོ་མཛངས་པའི་ངག་ལ་བཀོད་དེ། མཁས་པ་ཐམས་ཅད་གཅིག་ཏུ་བསྡུ་ཐུབ་པར་མཚོན།
        ནམ་རྒྱུན་རྟེན་འབྲེལ་མཚོན་པའི་གོམས་སྲོལ་དུ། བྱ་ཁྲུང་ཁྲུང་དང་རུས་སྦལ། ཐང་ཤིང་། ཉི་མ་དམར་པོ། བྲག་རི་བརྟན་པོ་སོགས་དང་མཉམ་གཅིག་ཏུ་བསྡེབས་སྲོལ་ཡོད། དེ་ནི་ཚེ་རིང་དང་འགྱུར་བ་མེད་པ་དང་། དབང་ཐང་དར་བ་སོགས་ཀྱི་དོན་དུ་འཇུག
        བྱ་ཁྲུང་ཁྲུང་ནི་དུས་ཚིགས་ལ་བལྟས་ནས་ལྷོ་བྱང(ཤར་དུ)ཆུ་དང་མཚེའུ་ཡི་འགྲམ་དུ་ཁྱུ་བྱས་ནས་འདུག ནམ་མཁར་བང་རིམ་བསྒྲིགས་ཏེ་འཕུར་བ། ཁ་ཟས་སུ་ཆུ་རྩྭ་དང་འབུ་ཡི་རིགས་ཟ་བ། ཁྲུང་ཁྲུང་གི་ཚེ་ཚད་ཕལ་ཆེར་ལོ་ལྔ་བཅུ་ཡིན། དེའི་ནང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཏུ་ཡོད་པའི(ཁྲུང་ཁྲུང་ཅོད་པན་ཅན)གྱི་ཚེ་ཚད་ལོ་ངོ་བརྒྱ་དང་ཉི་ཤུ་ཡིན་པ་དང་། འདི་ནི་འདབ་ཆགས་རིགས་ཀྱི་ཚེ་ཚད་རིང་ཤོས་དེའང་རེད།
        《མེ་ལོང་མེ་ཏོག་རྒྱན》ལས་ལྷ་བྱ་ཁྲུང་ཁྲུང་གི་ཚེ་ཚད་བཤད་ཡོད་པ་དེ་ཧ་ལས་དགོས་པ་ཞིག་ཏུ་མཐོང་། ཁྲུང་ཁྲུང་ལོ་གསུམ་གྱི་སྟེང་གཙུག་དམར་པོར་འགྱུར། ལོ་བདུན་ལ་སྒྲོག་གཤོག་རྒྱས། ལོ་བཅུ་གཉིས་ཐོག་སྒྲ་གྲགས། ལོ་ངོ་སུམ་ཅུའི་ཐོག་སྐད་གདངས་སྙོམས་ཤིང་གར་ལ་རོལ། ཡང་ལོ་ངོ་བདུན་གྱི་ཐོག་སྤུ་བརྗེས། སྤུ་མདོག་དཀར་སར་ཇེ་དཀར། ནག་སར་ཇེ་ནག ལོ་ངོ་བརྒྱ་དང་དྲུག་ཅུའི་ཐོག་སྤུ་བརྗེས་མཚམས་འཇོག ལོ་ངོ་ཆིག་སྟོང་དྲུག་བརྒྱའི་ཐོག་གཞི་ནས་གཟུགས་ཕུང་བརྟན་པོར་ཆགས། ཟས་སུ་བཏུང་བ་ཁོ་ནའོ།། ཞེས་གསུངས། འདི་ནས་ལྷ་བྱ་ཁྲུང་ཁྲུང་གི་ཚེ་ཚད་ལོ་ངོ་ཆིག་སྟོང་དྲུག་བརྒྱ་ལས་བརྒལ་ཐུབ་པ་སྨོས། དེའི་ཕྱིར། རྟག་ཏུ་གྲུབ་ཐོབ་ཆེན་མོ་རྣམས་ཀྱི་ཆིབས་པ་རུ་འཇོག་སྲོལ་ཡོད། དགེའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1