གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

དངོས་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་སློབ་གསོ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༥ཉིན།

༄༅།། རྣམ་དབྱེ་ངོ་བོ་དང་འབྲེལ་བའི་གནད་དོན་ཐད་རང་གི་ལྟ་ཚུལ་རགས་ཙམ་གླེང་བ།


ཚེ་དཔལ། དངོས་གྲུབ།
ནང་དོན་གནང་བསྡུས། དཔྱད་རྩོམ་འདིར་དེང་རབས་སྐད་བརྡ་རིག་པའི་རིགས་ལམ་དང་མཐུན་པའི་སྒོ་ནས། བོད་ཀྱི་བརྡ་སྤྲོད་པའི་གཞུང་དུ་ཉེ་བར་འབྱུང་བའི་རྣམ་དབྱེ་ཞེས་པའི་ཚིག་སྤྱོར་འདིའི་ངོ་བོ་དང་གྲུབ་ལུགས། དེ་དག་གི་མཚན་ཉིད། རྣམ་དབྱེ་བརྒྱད་པོའི་གོ་རིམ་སྒྲིག་སྟངས་བཅས་ལ་རང་ནུས་ཀྱིས་དཔྱད་པ་ཙམ་བྱས་ཡོད་ལ། དེ་ལས་འཕྲོས་ཏེ་རྣམ་དབྱེ་དང་པོ་དང་དྲུག་པ་གཉིས་ཀྱང་བྱེད་ལྡན་གྱི་རྣམ་དབྱེ་ཡིན་ཚུལ་སྐོར་རང་གི་ལྟ་བ་གླེང་འདུག
བརྡ་ཆད་གཙོ་བོ། བོད་ཀྱི་བརྡ་སྤྲོད། ཚིག  རྣམ་དབྱེ། ཚིག་ཕྲད།
[ཀྲུང་རྒོའི་དཔེ་དེབ་ངབྱེ་རྟགས།། ]H14[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1004-5899(2018)01 -82-12   
              སྐད་དང་ཡིག་རིགས་གང་ཞིག་ཡིན་རུང་། དེའི་བརྡ་སྤྲོད་པའི་གཞུང་གི་བསྟན་བྱ་གཙོ་བོ་ནི། སྒྲ་དོན་གཉིས་ཀྱི་ཆུང་མཐའ་སྟེ་ཐ་སྙད་དག་ཇི་ལྟར་བསགས་ནས་ཡང་དག་པའི་ཚིག་སྦྱོར་སྤེལ་པའི་རྣམ་གཞག་དེ་ཡིན་ལས་ཆེའོ། ། ཡིན་ཡང་། རང་ཅག་བོད་པའི་བརྡ་སྤྲོད་བསྟན་བཅོས་རྣམས་སུ། རྗོད་བྱེད་སྒྲའི་གྲུབ་ལུགས་ཀྱི་ཐད་ལ་ཐུགས་གནང་མ་མཛད་པར། བརྗོད་བྱ་དོན་གྱི་ཆ་ཕྲ་མོ་དག་ལ་རབ་ཏུ་འཇུག་སྤྲོ་བ་ཡིན་པས་ན། མིང་དང་། ཚིག་དང་། རྗོད་པ་སོགས་བརྡ་སྤྲོད་ཀྱི་སྡེ་མི་འདྲ་བ་དག་གི་གྲུབ་ལུགས་ལ་སྤྱི་མཐུན་གྱི་རྣམ་གཞག་ཅིག་གྲུབ་མ་ཐུབ་པ་དང་། སྒོས་སུ། རྩ་བ་སུམ་ཅུ་པའི་འགྲེལ་བ་རྒྱས་འབྲིང་བསྡུས་གསུམ་ཀུན་ཏུའང་། རྣམ་དབྱེའི་རྣམ་གཞག་འདི་ཉིད་ཉེ་བར་གསུངས་ཡོད་ཀྱང་། དེ་ཉིད་ལ་སྒྲ་དོན་གཉིས་ཀའི་སྒོ་ནས་མཚན་ཉིད་རྨ་མེད་པ་ཞིག་སུས་ཀྱང་མ་མཛད་པས། ཞིང་ལ་ཆུ་འདྲེན། ལྟ་བུའི་ལ་སྒྲ་ཁོ་ནར་ཡང་མཁས་པ་མང་པོའི་བཞེད་པ་མི་མཐུན་པ་མ་ཟད་མཁས་པ་ལ་ལའི་གསུང་དུ།   རྣམ་དབྱེ་ནི་རྒྱ་གར་གྱི་ལུགས་ལ་དཔེར་མཛད་པ་ཡིན་པས་བོད་རང་གི་སྐད་ཡིག་ལ་དེ་ཙམ་མི་འཚམ་མོ་ཞེས་བཏང་སྙོམས་སུའང་འཇོག་པ་ཡོད་པས། རྣམ་དབྱེ་བྱ་བ་འདིའི་གོ་དོན་གསལ་ཆ་ལྡན་པ་ཞིག་དང་ལྷག་པར་དུ་དེས་བོད་ཀྱི་བརྡ་སྤྲོད་ལ་ཐོགས་པའི་ནུས་པ་ཅི་ཡིན་པ་སོགས་ཤིན་ཏུ་རྟོགས་དཀའ་བའི་གནས་སུ་གྱུར་ཡོད་དོ། །   
              ཕྱི་ལོ1966ལོ་ལ། ཨ་རིའི་སྐད་བརྡ་རིག་པའི་མཁས་དབང་ཆེན་མོ“ C. J. Fi11more”ཡིས། “ the   CaseGrammar”བྱ་བའི་བརྡ་སྤྲོད་པའི་གཞུང་ལུགས་གསར་པ་ཞིག་གི་སྲོལ་ཕྱེས་པ་དང་། གཞུང་ལུགས་དེས་འགྲོ་བ་མིའི་སྐད་རིགས་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའི་བརྡ་སྤྲོད་ཀྱི་རྩ་བའི་ཆོས་ཉིད་དེ་ཡང་དག་པར་བསྟན་ནོ་ཞེས་ཀུན་ཀྱིས་བསྔགས་བརྗོད་ཚད་མེད་པ་བྱས་དང་བྱེད་བཞིན་ཡོད་དོ། །  ཁོ་བོར་དེབ་དེའི་རྒྱ་འགྱུར་མ་ཞིག་བཀླགས་པའི་བསྐལ་བ་ཡག་པོ་བྱུང་ལ། བཀླགས་པ་ཙམ་གྱིས་འདི་དང་རྩ་བ་སུམ་ཅུ་པའི་དགོངས་པ་གཉིས་ཇི་འདྲས་གཅིག་པ་ལ་སྙམ་པའི་མཚར་སྣང་ཞིག་སྐྱེས་ཤིང་། གཞུང་དེ་གཉིས་ཕན་ཚུན་བསྡུར་བ་ཙམ་བྱས་པ་ཡིན་ནོ། ། གལ་ཏེ་མཁས་པ་དེས་རྗོད་བྱེད་ཚིག་གི་གྲུབ་ལུགས་ཀྱི་ཐད་ལ་གསུངས་པའི་ལེགས་བཤད་ཀྱི་ཆ་དུ་མ་བླངས་ཏེ་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལ་སྦྱར་ན་ཤིན་ཏུ་འབྱོར་བ་ལྟར་སྣང་བ་མ་ཟད། བོད་ཀྱི་བརྡ་སྤྲོད་པའི་ཚུལ་དེ་ཡང་ཆུང་བ་ཐ་སྙད་ནས་འབྲིང་བ་ཆིག་གི་སྡེབ་སྦྱོར། དེ་ནས་ཆེན་པོ་རྗོད་པ་ངག་ཏུ་བསྒྲུབ་པའི་འདུས་བྱས་ཀྱི་བྱེད་པ་འདི་སྔར་ལས་གོ་སླ་བ་དང་། ཟོར་ཡངས་པ། འཇུག་བདེ་བ་ཞིག་ཏུ་སྣང་ལ། ལྷག་པར་དུ།  རྣམ་དབྱེའི་རྣམ་གཞག་འདིའི་ངོ་བོ་དང་། དེས་བོད་སྐད་ཡིག་གི་བརྡ་སྤྲོད་ལ་ཐོན་པའི་བྱེད་ནུས་ཐུན་མོང་མ་ཡིན་པ་དེ་ཡང་ཤིན་ཏུ་གསལ་བར་ལྷང་ངེར་འགྱུར་རོ། །   
              བརྗོད་བདེ་བའི་ཆེད་དུ།   ཐོག་མར་བོད་ཀྱི་བརྡ་སྤྲོད་དུ་ཉེ་བར་འབྱུང་བའི་བརྡ་ཆད་འགའ་ལ་བསྐྱར་ཞིབ་ཏོག་ཙམ་བྱ་བ་ལ། ཤིང་མཁན་གྱིས་སྟ་རེས་ནགས་ཚལ་དུ་སྡོང་པོ་གཅོད། ལྟ་བུའི་ངག་གམ་རྗོད་པ་ལས། ཤིང་མཁན་ནི་བྱེད་པ་པོ་དང་། སྟ་རེ་ནི་བྱེད་པ། ནགས་ཚལ་ནི་ཡུལ། སྡོང་པོ་ནི་ལས། གཅོད་ནི་བྱ་བ། ལས་དང་བྱེད་པ་པོ་གཉིས་སོ་སོར་འབྱེད་དུ་ཡོད་པས་བྱ་བྱེད་ཐ་དད་པའི་ལས་ཚིག་གོ ། གོང་གི་རྗོད་པ་དེ་དང་། ཞིང་པས་ལྕགས་ཁེམ་གྱིས་ཞིང་ཁར་ས་དོང་བརྐོ། ཞེས་པའི་རྗོད་པ་འདི་གཉིས་ཀྱི་གྲུབ་ལུགས་ལ་ཁྱད་ཅི་ཡང་མེད་ཀྱང་། ལས་གཉིས་པོར་ཁྱད་པར་ཅུང་ཙམ་ཡོད་དེ། སྡོང་པོ་ནི་གཅོད་པའི་བྱ་བ་དེ་མ་བྱས་པའི་གོང་དུ་གནས་དེར་ཡོད་པ་ཞིག་དང་།  ས་དོང་ནི་བརྐོ་བའི་བྱ་བ་བྱས་པ་ན་གཞི་ནས་གནས་དེར་མངོན་པར་འགྱུར་བ་ལས་སྔ་ན་མེད་པའོ། ། སློབ་མས་སློབ་ཁང་དུ་དཔེ་ཁྲིད་ཉན། ལྟ་བུའི་རྗོད་པ་ལས། སློབ་མ་ནི་བྱེད་པ་པོ། སློབ་ཁང་ནི་ཡུལ། དཔེ་ཁྲིད་ནི་བྱ་བའི་ཡུལ། ཉན་ནི་བྱ་བྱེད་ཐ་དད་པའི་ལས་ཚིག་གོ ། ཡུལ་དང་བྱ་བའི་ཡུལ་གཉིས་ལ་ཁྱད་པར་ཡོད་དེ། སྔ་མས་བྱ་བ་གང་ཞིག་དེ་འབྱུང་སའི་གནས་སྟོན་པ་དང་། ཕྱི་མས་བྱ་བ་གང་ཞིག་དེ་འཇུག་སའི་ཡུལ་སྟོན་པའོ། ། བྱ་བའི་ཡུལ་དང་ལས་གཉིས་ཀ་བྱ་བ་འཇུག་སའི་ཡུལ་ཡིན་པའི་ཆ་ནས་འདྲ་ཡང་།  བྱ་བ་བྱས་པའི་མཇུག་འབྲས་མི་འདྲ་སྟེ། བྱ་བ་གང་ཞིག་བྱས་པ་ན། གཞི་དེའི་ངོ་བོའམ། གནས་སྐབས་སམ། རྣམ་པ་སོགས་ལ་འགྱུར་བ་སྐྱེད་ཐུབ་ན་དེར་ལས་ཞེས་བརྗོད་པ་དང་། དེ་མིན་ན། བྱ་བའི་ཡུལ་ཞེས་བརྗོད་པར་བྱའོ། །   
              འདིར་དཔེ་ཁྲིད་ནི་ཉན་པར་བྱ་བའི་ཡུལ་ཡིན་ལ་ཉན་བྱའི་ལས་སུའང་འདོད་ཀྱང་ཆོག་མོད། ཉན་པའི་བྱ་བ་དེས་དཔེ་ཁྲིད་རང་ལ་འགྱུར་བ་ཅི་ཡང་མི་སྐྱེད་པས། དཔེ་ཁྲིད་ནི་བྱ་བའི་ཡུལ་དུ་ངོས་འཛིན་པར་བྱའོ། ། བླ་མ་ཕེབས། ལྟ་བུར་མཚོན་ན། བླ་མ་ནི་ཕེབས་པའི་བྱ་བ་དེ་བྱེད་མཁན་ཡིན་པ་དང་ཆབས་ཅིག་ཏུ་ཕེབས་བའི་ལས་ཀྱང་ཡིན་པས། དབུས་གཙང་བས། བླ་མས་ཕེབས། ཞེས་བྱེད་པོའི་སྦྱོར་བ་མཛད་ཅིང་། མདོ་ཁམས་པས། བླ་མ་ཕེབས། ཞེས་ལས་ཀྱི་སྦྱོར་བ་དམིགས་སུ་འཛིན་པ་ཡིན་ནོ། ། དེ་གཉིས་ཀ་སྒྲའི་སྦྱོར་བ་གང་ལ་བསྟུན་ཡང་། དོན་ལ་འཛོལ་བ་མི་འབྱུང་མོད། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ལ་རྣམ་དབྱེ་མི་སྦྱོར་བ་ནི་མཁས་པ་སྤྱིའི་ལུགས་སུ་སྣང་ངོ་། ། སྤྲང་པོ་ལ་ཟས་སྦྱིན། ལྟ་བུ་ལས། སྤྲང་པོ་ནི་བྱ་བའི་ཡུལ་དུ་འདོད་མཁན་ཡོད་ལ། སྦྱིན་པའི་བྱ་བ་དེས་ཕན་གདག་སའི་ཡུལ་དུ་བཞེད་མཁན་ཡང་དེ་བས་མང་ངོ་། ། འོན་ཀྱང་། སྤྲང་པོ་ལ་དུག་སྦྱིན། ཞེས་བརྗོད་པའི་སྐབས་སུ། ལ་སྒྲ་འདི་རྣམ་དབྱེ་བཞི་བའི་ཕྲད་དུ་འདོད་མཁན་ཧ་ཅང་གིས་ཉུང་སྟེ། དུག་གིས་སྤྲང་བོ་ལ་མི་ཕན་ནོ། ཞེས་བསྒྲུབ་པར་བྱེད་ཀྱང་། དོན་དུ་ལ་སྒྲ་དེ་གཉིས་ཀ་རྣམ་དབྱེ་གཅིག་ཏུ་ངེས་ཏེ། སྤྲང་པོ་ལ་སྦྱིན། ཞེས་པའི་དོན་ཁོ་ནའོ། །ཟས་དང་དུག་གི་ཁྱད་པར་གྱིས། ལ་སྒྲ་གཉིས་པོ་དོན་གཉིས་ལ་འཇུག་པ་ཡིན་ན། སྤྲང་པོ་ལ་ཅི་ཡང་མ་སྦྱིན། ཞེས་པའི་སྐབས་ཀྱི་ལ་སྒྲ་འདི་ཉིད་རྣམ་དབྱེ་ལ་འཇུག་པའི་གླགས་མེད་དོ། །   
              འདི་ལྟར། བོད་ཀྱི་རྣམ་དབྱེ་ཞེས་པ་ལ་སྤྱི་མཐུན་གྱི་མཚན་གཞི་དང་མཚན་ཉིད་མེད་པའང་། རྣམ་དབྱེ་ཞེས་པའི་སྡེ་འདི་ཉིད་ལ་ངེས་རྟོགས་མེད་པའི་རྟགས་སུ་གྲུབ་བོ། །དེ་བས། རྩ་བ་སུམ་ཅུ་པ་དང་མ་འགལ་བར། སྒྲ་དོན་གཉིས་ཀའི་སྒོ་ནས་བོད་ཀྱི་རྣམ་དབྱེ་ལ་ངོས་འཛིན་རྨ་མེད་པ་ཞིག་བྱེད་ཐུབ་ན། བོད་པ་སྤྱི་ལ་འཚམ་པའི་ཐུན་མོང་གི་སྐད་རིགས་ཤིག་འབྱུང་བ་ལའང་ཤིན་ཏུ་ཕན་ཐོགས་པར་འགྱུར་རོ། །   
དང་པོ། རྣམ་དབྱེའི་ངོ་བོ།   
              སུམ་ཅུ་པའི་རྩ་འགྲེལ་ཆེན་མོ་ཐོན་མིའི་ཞལ་ལུང་དུ།“ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་པའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ”①ཞེས་གསུངས་པ་འདི་ནི་བརྡ་སྤྲོད་བསྟན་བཅོས་ཕལ་མོ་ཆེའི་དགོངས་པ་དང་དབྱེར་དུ་མེད་པའི་རྣམ་དབྱེའི་མཚན་ཉིད་ཡིན་ནོ། ། དེ་ལྟར་ན། རྣམ་དབྱེ་ཞེས་པ་ནི་ཕྲད་ཡིན་དགོས་ལ། ཕྲད་ཀྱང་རྣམ་དབྱེ་ཡིན་དགོས་ཏེ། མཚན་ཉིད་དེ་ཡིས་རྣམ་དབྱེའི་ཕྲད་དང་ཚིག་ཕྲད་གཉིས་ཀྱི་ཁྱད་པར་འབྱེད་མི་ཐུབ་པས་སོ། ། ཡིན་ཏེ། རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དག་གིས་ཀྱང་སྦྱར་བའི་མིང་ཚིག་དག་གཞན་དང་མ་འདྲེས་པར་སོ་སོར་རྣམ་པར་དབྱེ་ཞིང་འབྱེད་ནུས་པའི་ཕྱིར་ཏེ། དཔེར་ན། ཚེ་རིང་དང་དཔལ་སྒྲོན། ལྟ་བུའི་དང་སྒྲས་ཀྱང་འབྱེད་བྱ་ཚེ་རིང་དང་དཔལ་སྒྲོན་གཉིས་མ་འདྲེས་པར་སོ་སོར་དབྱེ་བ་ཡིན་ལ། དང་སྒྲ་མ་སྦྱར་ན། ཚེ་རིང་དཔལ་སྒྲོན། ཞེས་གཞི་གཅིག་ཏུ་གྱུར་འགྲོ་བ་ལྟ་བུའོ། ། ཚིག་ཕྲད་དང་རྣམ་དབྱེ་གཉིས་ལ་ཁྱད་པར་ཡོད་ལས་ཆེ་སྟེ། སུམ་ཅུ་པའི་གཞུང་ན་སོ་སོར་གསུངས་ཡོད་པའི་ཕྱིར་རོ། །  
              དོན་དུ་ན། བཀྲ་ཤིས་ཀྱིས་བཤད། བཀྲ་ཤིས་ལ་བཤད། བཀྲ་ཤིས་དང་ཚེ་རིང་། བསམས་ཏེ་བཤད། ལྟ་བུའི་ཚིག་སྦྱོར་དག་ལས། སྔ་མ་གཉིས་ནི་རྣམ་དབྱེའི་ཕྲད་དང་། ཕྱི་མ་གཉིས་ཚིག་ཕྲད་ལས་རྣམ་དབྱེ་མ་ཡིན་པའི་རྒྱུ་མཚན། ཚིག་སྦྱོར་དེ་དག་གི་ཕྱིའི་གྲུབ་ལུགས་ཀྱི་ཆ་ནས་བཤད་ན་རྟོགས་སླ་བ་ཡིན་ཏེ། བཀྲ་ཤིས་ཀྱིས་བཤད། ལྟ་བུའི་ཀྱིས་སྒྲ་ཡིས་ངོ་བོ་མི་གཅིག་པའི་ཐ་སྙད་གཉིས་རྣམ་པར་འབྱེད་པས་ན་རྣམ་དབྱེའི་ཕྲད་དང་། བཀྲ་ཤིས་དང་ཚེ་རིང་། ལྟ་བུའི་དང་སྒྲས་ནི་ངོ་བོ་གཅིག་པའི་ཐ་སྙད་གཉིས་སམ་ཆོས་དུ་མ་འཕྲད་པར་བྱེད་པས་ན་ཚིག་ཕྲད་ཅེས་བྱ་བ་ཡིན་ནོ། །   
              འདི་ལྟར། རྣམ་དབྱེ་ཞེས་པ་ནི་མིང་དང་བྱ་ཚིག་གཉིས་མཉམ་དུ་སྡེབ་པའི་སྦྱོར་བ་ཁྱད་པར་བ་ཞིག་དང་། རྣམ་དབྱེའི་ཕྲད་ནི་སྦྱར་གཞི་དེ་གཉིས་ཀྱི་དོན་མ་འདྲེས་པར་སོ་སོར་འབྱེད་པའི་ཚིག་ཕྲད་དུ་ངོས་བཟུང་ན་ནི། རྣམ་དབྱེ་སྤྱིའི་ངོ་བོ་རྟོགས་ཐུབ་ལ། སོ་སོའི་དོན་གྱི་ཁྱད་པར་ཡང་ངེས་སླ་བ་ཡིན་ཏེ། དཔེར་ན། ཤིང་མཁན་གྱིས་སྟ་རེས་སྡོང་པོ་གཅོད། ཅེས་པ་རུ།   གྱིས་སྒྲ་ནི་ཤིང་མཁན་དང་གཅོད་གཉིས་ཀྱི་བར་དུ་སྦྱར་ཏེ། སྦྱར་གཞི་དེ་གཉིས་ཀྱི་འབྲེལ་བ་སྟོན་པ་དང་། འིས་ནི་སྟ་རེ་དང་གཅོད་ཀྱི་འབྲེལ་བ་སྟོན་བྱེད་དུ་སྦྱར་བ་དང་། སྡོང་པོ་དང་གཅོད་གཉིས་ཀྱི་བར་དུ་དོན་ཐོབ་ཀྱི་རྣམ་དབྱེའི་ཕྲད་ཞུགས་པ་ཡིན་ནོ། ། ཤིང་མཁན་གྱིས་གཅོད། ཅེས་པ་ནི་བྱ་བའི་བྱེད་པོ་སྟོན་པའི་རྣམ་དབྱེ་གསུམ་པ་དང་། སྟ་རེས་གཅོད། ཅེས་པ་ནི་བྱ་བའི་བྱེད་པ་སྟོན་པ་སྟེ་རྣམ་དབྱེ་གསུམ་པའི་ནང་གསེས་དང་། སྡོང་པོ་གཅོད། ཅེས་པ་ནི་བྱ་བའི་ལས་སམ་ཆོས་དངོས་བརྗོད་པའི་རྣམ་དབྱེ་དང་པོའོ། ། རྣམ་དབྱེ་དེ་གསུམ་པོ་སྤྱི་མཐུན་གྱི་བྱ་ཚིག་སྟེ་གཅོད་ཅེས་པ་རུ་བརྗོད་འདོད་ཀྱི་རྗེས་སུ་འབྲངས་ཏེ་སྦྱར་བ་ན། ཤིང་མཁན་གྱིས་སྟ་རེས་སྡོང་པོ་གཅོད། སྡོང་པོ་ཤིང་མཁན་གྱིས་སྟ་རེས་གཅོད། ལ་སོགས་པའི་ངག་གི་རྗོད་པ་དུ་མ་ལྷུན་གྱིས་འགྲུབ་པ་ཡིན་ནོ ། དེ་བས། རྣམ་དབྱེ་ཞེས་པ་ནི་ངག་གམ་རྗོད་པ་འགྲུབ་པར་བྱེད་པའི་ཉེར་ལེན་གྱི་རྒྱུ་དམ་པ་ཡིན་ལ། ངག་གམ་རྗོད་པ་ལས་ཆུང་བའི་སྡེབ་སྦྱོར་གྱི་སྡེ་ཁྱད་པར་བ་ཞིག་ཏུ་ངོས་འཛིན་པར་བྱའོ། །   
              དེ་ཡང་། ཚིག་ངོས་ཙམ་གྱིས་བལྟས་ན། གྱིས་སྒྲ་འདི་བྱེད་པོ་ཤིང་མཁན་དང་བྱེད་པ་སྟ་རེ་གཉིས་ཀྱི་བར་དུ་སྦྱར་བ་ལྟར་སྣང་ཡང་། དོན་གྱི་དབང་དུ་བྱས་ན། ཤིང་མཁན་དང་གཅོད་གཉིས་ཀྱི་འབྲེལ་བ་སྟོན་བྱེད་དུ་སྦྱར་བ་སུས་ཀྱང་བསྙོན་དུ་མེད་དོ། ། བྱེད་པོ་དང་བྱེད་པ་གཉིས་ཀྱི་འབྲེལ་བ་བརྗོད་པ་ལ་གྱི་སྒྲ་ལས་གྱིས་སྒྲ་མི་སྦྱོར་པས་ན། དཀར་ལེབས་སུམ་རྟགས་སུ། “ཤིང་མཁན་གྱི་སྟ་རེས་ལྕང་ར་རུ་ཤིང་བཅད”②ཞེས་གསུངས་པ་ཡིན་ནོ། །   
              གཅོད་པའི་བྱ་བ་དེ་ལ་བལྟོས་པས། ཤིང་མཁན་འདི་ད་གཟོད་བྱེད་པོར་གྱུར་བ་ཡིན་ལ། བྱ་བ་དང་བྱེད་པོ་གཉིས་ཀྱི་འབྲེལ་བ་ཡང་དག་པར་སྟོན་པའི་དོན་དུ། ཤིང་མཁན་གྱིས་གཅོད། ཅེས་རྗོད་བྱེད་ཀྱི་སྒྲ་ཁྱད་པར་བ་འདི་སྦྱར་བ་ཡིན་ནོ། ། དོན་གྱི་ཁྱད་པར་གྱིས། ཚིག་སྦྱོར་འདི་ཉིད་ལ་རྣམ་དབྱེ་གསུམ་པ་བྱེད་པ་པོ་ཞེས་བརྗོད་པ་ལས། གྲུབ་ལུགས་ཀྱི་ཆ་ནས་བཤད་ན། རྣམ་དབྱེ་ལ་སྤྱི་མཐུན་གྱི་གྲུབ་ལུགས་གཅིག་ཏུ་ངེས་སོ། ། རྣམ་དབྱེ་ལ་དོན་གྱི་ཁྱད་པར་ལས་གྲུབ་ལུགས་ཀྱི་ཆ་ནས་ཁྱད་པར་ཅི་ཡང་མེད་དོ། །   
              སུ་ཏུའི་འགྲེལ་ཆེན་དུ། “གཟུགས་ཁམས་ན་ཚངས་པ”③“བ་ལས་འོ་མ”④ལྟ་བུ་སྟེ། མིང་གཉིས་ཀྱི་བར་དུ་སྦྱར་བའི་ན་སྒྲ་དང་།   ལས་སྒྲ་སོགས་ཀྱང་རྣམ་དབྱེ་བདུན་པ་དང་ལྔ་པའི་མཚན་གཞིར་བཀོད་གནང་ཡང་། དོན་དུ་ན། རྒྱུན་ཤེས་གཏན་ཆགས་ཀྱི་དབང་དུ་སོང་སྟེ་ཡོད་པ་དང་བྱུང་བ་སོགས་བསྐུངས་པ་ཡིན་གྱི། བྱ་ཚིག་མེད་པ་ནི་མ་ཡིན་ནོ། ། དེ་ལྟར་ན། ཚངས་པ་གཟུགས་ཁམས་ན། འོ་མ་བ་ལས། ཞེས་པའང་རྣམ་དབྱེ་དེ་གཉིས་ཀྱི་མཚན་གཞིར་འཇོག་དགོས་ལ། གཟུགས་ཁམས་ན་ཚངས་པས་གདུགས་བསྐོར།  བ་ལས་འོ་མ་བྲིན་ནོ། །ལྟ་བུའི་ན་སྒྲ་དང་ལས་སྒྲའང་རྣམ་དབྱེ་བདུན་པ་དང་རྣམ་དབྱེ་ལྔ་བའི་ཕྲད་དུ་གྱུར་བ་མ་ཡིན་ནམ། ། ཞེས་ཀྱང་བྱའོ། །   
              འདི་ལྟར་གྲུབ་ལུགས་ཀྱི་ཆ་ནས་རྣམ་དབྱེ་ལ་ངོས་འཛིན་ཡག་པོ་ཞིག་བྱས་ན། བརྡ་སྤྲོད་བསྟན་བཅོས་སྔ་མ་རྣམས་སུ་བྱུང་བའི་རྣམ་དབྱེ་གཉིས་བཞི་དང་བདུན་པ་ལ་སོགས་པའི་དགོངས་འགལ་ཐམས་ཅད་ཀྱང་ཡོངས་སུ་འདུམ་པར་འགྱུར་ཐུབ་སྟེ། རྟ་ལ་རྩྭ་བྱིན་པ་དང་། རྟ་ལ་དུག་བྱིན་པ་གང་ཡིན་ཡང་། ལ་སྒྲ་འདིའི་འཇུག་པ་ནི། རྟ་ལ་བྱིན། ཞེས་པའི་དོན་ཡིན་པས། ཚིག་སྦྱོར་སྔ་ཕྱི་གཉིས་ཀའི་ལ་སྒྲས་བྱ་བའི་ཡུལ་སྟོན་པའོ། །   
              ཚིག་ངོས་ཙམ་གྱིས་དབང་དུ་སོང་སྟེ། ལ་སྒྲ་སྔ་མས་རྟ་དང་རྩྭའི་འབྲེལ་བ། ཕྱི་མས་རྟ་དང་དུག་གི་འབྲེལ་བ་སྟོན་བྱེད་དུ་དགོངས་ན་ནི། རྩྭ་ཡིས་རྟ་ལ་ཕན་པ་དང་། དུག་གིས་རྟ་ལ་གནོད་པའི་རྐྱེན་གྱིས། སྔ་མ་བཞི་བ་དང་ཕྱི་མ་གཉིས་པར་བཞེད་དགོས་པ་ལྟར་སྣང་མོད། མཐར་ཐུག་ན། རྣམ་དབྱེའི་ཕྲད་ཀྱི་སྦྱར་ཆོས་གཉིས་པོ་ལ་ངོས་འཛིན་ཡང་དག་མ་བྱས་པའི་རྐྱེན་གྱིས་བྱས་སོ། །དེ་བས། རྟ་ལ་རྩྭ་བྱིན་པའམ། རྟ་ལ་དུག་བྱིན་པའི་རྗོད་པ་གཉིས་པོ་རུ།  ལ་སྒྲ་འདི་ཉིད་ནི། རྟ་ལ་བྱིན། ཞེས་པའི་རྣམ་དབྱེ་འདི་ཉིད་ཀྱི་ཕྲད་ཁོ་ནར་ངོས་འཛིན་པ་ལས། རྟ་ལ་རྩྭ་དང་། རྟ་ལ་དུག ཅེས་པའི་ལ་སྒྲ་འདི་ཚིག་ངོས་ཙམ་གྱི་དབང་དུ་སོང་ནས་མིང་དེ་གཉིས་ཀྱི་འབྲེལ་བ་སྟོན་པའི་ཚིག་ཕྲད་དུ་སེམས་ན་མི་འོས་སོ། ། རྗོད་པ་འདི་གཉིས་ཀས་གང་ལ་ཅི་ཞིག་བྱིན་པ་སྟོན་པས། གང་ལ་བྱིན་པ་ནི་རྣམ་དབྱེ་གཉིས་པ་དང་། ཅི་ཞིག་བྱིན་པ་ནི་རྣམ་དབྱེ་དང་པོ་ཡིན་པ་ལས། རྩྭས་རྟ་ལ་ཕན་པའམ། དུག་གིས་རྟ་ལ་མི་ཕན་པའམ། རྟའི་བདག་པོའི་ཆེད་དུའམ། རྟའི་ཆེད་དུ་ཞེས་ཅི་ལྟར་འགྲེལ་རུང་། དེ་དག་ནི་འཚོ་བའི་ཉམས་མྱོང་ངམ་རྗེས་དཔག་གི་བློ་ཡིས་རྟོགས་དགོས་ཀྱི།   ཕྲད་ཀྱི་ནུས་པ་མ་ཡིན་ནོ། །   
              དེ་བས། རྟ་ལ་ཅི་ཡང་མ་བྱིན། ཞེས་པའི་ལ་སྒྲའང་རྣམ་དབྱེ་གཉིས་པ་ཡིན་ཏེ། རྟ་ལ་མ་བྱིན། ཞེས་པའི་དོན་དུ་སྦྱར་བ་ཡིན་ནོ། ། ཅི་ཞིག་མ་བྱིན་ཞེ་ན། ཅི་ཡང་མ་བྱིན་པ་སྟེ་རྣམ་དབྱེ་དང་པོའོ། །   
              རྗོད་བྱེད་སྒྲའི་སྒོ་ནས་བཤད་ན། བོད་ཀྱི་རྣམ་དབྱེ་ལ་སྤྱི་མཐུན་གྱི་གྲུབ་ལུགས་ཡོད་དེ། མིང་ལ་ཕྲད་སྦྱར། དེ་ལ་བྱ་ཚིག་སྦྱར་བའི་རྣམ་པ་ཅན་ནོ། །ཇི་སྐད་དུ“རྗེ་ས་པཎ་གྱི་ཞལ་སྔ་ནས། དོན་གྱི་མིང་སྟོན་པ་ནི་མིང་ངོ་། ། དེ་ལས་ཕ་རོལ་དུ་རྣམ་དབྱེ་རྣམས་སོ”⑤ཞེས་གསུངས་པ་ཇི་བཞིན་ནོ །   
གཉིས་པ།  བོད་ཀྱི་རྣམ་དབྱེ་བརྒྱད་པོའི་སྒྲིག་རིམ།   
              ད་ནི་བོད་ཀྱི་རྣམ་དབྱེ་བྱིངས་ཀྱི་སྒྲིག་རིམ་ལ་ཅུང་ཙམ་དཔྱད་པར་བྱ་སྟེ།   
              ཇི་སྐད་དུ། “ངག་གམ་རྗོད་པས་ནི་འཚོ་བའི་ནང་གི་སྣང་ཚུལ་ཞིག་བརྗོད་བར་འཛིན་དགོས་པས། དེ་ལ་བྱ་བའམ། བརྒྱུད་རིམ་མམ། རྣམ་པ་གང་ཞིག་གསལ་བར་བྱེད་པའི་ཐ་སྙད་དེ་བྱ་ཚིག་ཅིག་ངེས་པར་དུ་དགོས་ཤིང་། བྱ་བ་དེའམ་བརྒྱུད་རིམ་དེའམ་རྣམ་པ་དེར་ཞུགས་པའི་མི་སྣ་དང་ཆོས་དངོས། ཡུལ་ལ་སོགས་པ་རྗོད་བྱེད་ཀྱི་མིང་གི་ཐ་སྙད་དུ་མའང་དགོས་ལ། ཐ་ན་སྣང་ཚུལ་དེ་ཉིད་བྱུང་བའི་དུས་དང་རྣམ་པ། འབྱུང་སྟངས་ལ་སོགས་པ་རྗོད་བྱེད་ཀྱི་ཐ་སྙད་ཀྱང་ཁ་ཤས་དགོས་སོ”⑥ཞེས་གསུངས་པ་ཇི་བཞིན། དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་སུ། རྣམ་དབྱེ་ཞེས་པ་ནི་བྱ་ཚིག་དང་མིང་དེ་དག་གི་བར་དུ་ཡོད་པའི་བརྗོད་དོན་གྱི་འབྲེལ་བ་ཇི་སྙེད་པ་ལ་ཟེར་ཞིང་། དེ་ནི་འཇིག་རྟེན་གྱི་སྐད་རིགས་ཐམས་ཅད་ལ་ཚད་མར་གྲུབ་པའི་ཐུན་མོང་གི་རྟོགས་པ་ཡིན་ནོ། ། འོན་ཀྱང་། དོན་གྱི་འབྲེལ་བ་འདི་དག་ཕྱིའི་རྗོད་བྱེད་ཚིག་གི་སྟེང་ནས་ཇི་ལྟར་མངོན་པར་བྱེད་པ་ན། མི་རིགས་སོ་སོས་རང་རེའི་བློ་གྲོས་དང་བསྟུན་ཏེ་བརྡ་སྤྲོད་ཀྱི་གཞུང་མཆོག་དམན་བར་མ་ཇི་སྙེད་ཅིག་བརྩམས་པར་གནང་ངོ་། །   
              ངག་གམ་རྗོད་པ་གང་ཞིག དེའི་བརྗོད་བྱར་གྱུར་བ་ནི་འཚོ་བའི་སྣང་ཚུལ་ཏེ་ཕྱིའི་འཇིག་རྟེན་གྱི་བྱ་དངོས་དང་ནང་སེམས་ཀྱི་འགྱུར་བ་ལས་མ་འདས་སོ། ། རིས་སུ་བཀོད་པ་ཇི་བཞིན། བརྗོད་བྱ་ཕྱི་ནང་གི་ཁྱད་པར་གྱིས་རྣམ་དབྱེ་བརྒྱད་པོ་སྟེང་འོག་གིས་ཁག་གཉིས་སུ་བཀར་བ་ན། རྣམ་དབྱེ་བརྒྱད་པ་ནི་རྗོད་པ་པོའི་སེམས་ཀྱི་འགྱུར་བ་སྣ་ཚོགས་སྟོན་པའི་ཆེད་དུ་གསུངས་ཤིང་། གཞན་རྣམས་ནི་ཕྱིའི་བྱ་དངོས་རྗོད་བྱེད་དུ་གོང་བསྒྲིགས་ཏེ་སྦྱར་བ་རེད་སྙམ་མོ ། རྣམ་དབྱེ་བདུན་པོ་དེ་ཡང་། བརྗོད་བྱའི་བྱ་དངོས་ཀྱི་ཁྱད་པར་ལ་གཞིགས་ནས་གཡས་གཡོན་གཉིས་སུ་དབྱེ་ན། གཡས་ཀྱི་རྣམ་དབྱེ་དང་པོས་ཅི་ཞིག་བྱེད་པ་དང་། གཉིས་པས་གང་དུ་བྱེད་པ། གསུམ་པས་སུས་བྱེད་པ། བཞི་པས་ཅིའི་ཕྱིར་བྱེད་པ་སྟོན་པས། རྣམ་དབྱེ་དང་པོ་ལ་ཆོས་དངོས་དང་། གཉིས་པ་ལ་བྱ་བའི་ཡུལ། གསུམ་པ་ལ་བྱེད་པ་པོ། བཞི་པ་ལ་དགོས་ཆེད་ཀྱི་མཚན་བསྩལ་བ་ཡིན་ནོ། །གཡོན་དུ་འབྱུང་བའི་རྣམ་དབྱེ་དག་གིས་ནི། དངོས་པོ་ཞིག་བརྗོད་བར་བཟུང་སྟེ། དེའི་ཁྱད་ཆོས་ཅི་ཡིན་པ། དེ་གང་ལས་བྱུང་བ། དེ་སུའི་ཡིན་པ། དེ་གང་དུ་ཡོད་པ་སོགས་གཙོ་བོར་སྟོན་པས། རྣམ་དབྱེ་ལྔ་པ་ལ་འབྱུང་ཁུངས་དང་། དྲུག་པ་ལ་འབྲེལ་གཞི་དང་། བདུན་པ་ལ་གནས་གཞིའི་མཚན་གསོལ་བ་ཡིན་ནོ་ཞེ་ན། རྣམ་དབྱེ་བརྒྱད་པོའི་གོང་འོག་དང་སྔ་ཕྱིའི་འབྲེལ་བ་ཚགས་དམ་ཞིང་། བརྗོད་དོན་གྱི་ཆ་ནས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །   
              དེ་ཡང་། རྣམ་དབྱེ་གསུམ་པ་ལ་སྤྱིའི་ཆ་ནས་བྱེད་པོ་རུ་འབོད་ཀྱང་། ཞིབ་ཏུ་བྱེད་པོ་དང་། བྱེད་པ་དང་། རྒྱུ་མཚན་དང་། བྱེད་སྟངས་ལ་སོགས་པའི་བྱེ་བྲག་གི་དབྱེ་བ་ཡོད་པ་ཇི་བཞིན་དུ། རྣམ་དབྱེ་གཞན་དག་ལའང་ནང་གསེས་ཀྱི་དབྱེ་བ་མཛད་དེ་ཡལ་ཀའི་ཚུལ་གྱིས་རིས་སུ་བཀོད་པ་ན། བོད་ཀྱི་རྣམ་དབྱེའི་རྣམ་གཞག་འདི་ཉིད་ཚང་ཚིང་གཡུ་ལོ་རྣམ་པར་རྒྱས་པའི་ལྗོན་ཤིང་ཆེན་པོ་ཞིག་གི་གཟུགས་སུ་འགྲུབ་བོ། །   
དེའི་རྒྱུ་མཚན་གྱིས། རྩ་བ་སུམ་ཅུ་བའི་གཞུང་དུ་བཞུགས་པའི་རྣམ་དབྱེ་བརྒྱད་པོ་ནི་སྒང་བ་བོད་མིས་བརྡ་སྤྲོད་པའི་ངག་གི་རྩ་བའི་རྒྱུ་བརྒྱད་དུ་འདོད་དོ། །
གསུམ་པ། རྣམ་དབྱེའི་མཚན་གཞི།   
              བརྡ་སྤྲོད་འགྲེལ་ཆེན་སྔ་མ་རྣམས་སུ་རྣམ་དབྱེ་ལ་མཚན་ཉིད་དང་དེར་མཚན་གཞི་བཀོད་པ་ལ་ཐུན་མོང་གི་སྐྱོན་ཆ་དོག་ཙམ་འདུག་པར་སྣང་སྟེ། དཔེར་ན། རྣམ་དབྱེ་ལྔ་པའི་མཚན་ཉིད་ལ། “དངོས་པོ་གང་ཞིག་གང་ལས་བྱུང་བའམ།  གང་ཞིག་གང་ལས་བྲལ་ཏེ་བྱེ་བའམ་གང་ཞིག་གང་ལས་ལྷུང་བའམ། གང་ཞིག་གང་ལས་བབས་པ་ལྟ་བུ་སྟོན་པ་”⑦ཞེས་འབྱུང་ངོ་། །དེ་ལྟ་ན། བ་ལས་འོ་མ་བྱུང་། ལྟ་བུ་རྣམ་དབྱེ་ལྔ་པའི་མཚན་གཞིར་རུང་བ་མ་ཟད། འོ་མ་བ་ལས་བྱུང་། ཞེས་པའང་དེའི་མཚན་གཞིའི་དཔེར་བརྗོད་དུ་རུང་སྟེ། དེ་གཉིས་པོར་གོང་གི་མཚན་ཉིད་ཚང་བས་སོ། །   
              འོ་ན། བ་ལས་འོ་མ་བྱུང་། དང་། འོ་མ་བ་ལས་བྱུང་། ཞེས་པའི་རྗོད་པ་འདི་གཉིས་ལ་དོན་གྱི་ཁྱད་པར་ཡོད་དམ་ཞེ་ན། ཡོད་དེ། སྔ་མས་གང་ལས་ཅི་ཞིག་བྱུང་བ་དང་། ཕྱི་མས་ཅི་ཞིག་གང་ལས་བྱུང་བ་སྟོན་པས་སོ། ། རྗོད་པ་དེ་གཉིས་འགྲུབ་བྱེད་ཀྱི་རྒྱུ་སྟེ་རྣམ་དབྱེ་ནི། འོ་མ་བྱུང་། ཞེས་ཅི་ཞིག་བྱུང་བ་སྟོན་པའི་རྣམ་དབྱེ་དང་པོ་ཆོས་དངོས་དང་། བ་ལས་འབྱུང་།  ཞེས་འབྱུང་ཁུངས་སྟོན་པའི་རྣམ་དབྱེ་ལྔ་པ་གཉིས་སོ། ། སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར། ཞེས་གསུངས་པ་ཇི་བཞིན་དུ། སྐབས་སུ་བབས་པའི་བརྗོད་དོན་གྱི་དབང་གིས། རྗོད་པ་སྔ་མས་འབྱུང་ཁུངས་གཙོ་བོར་བརྗོད་པས་ན་འབྱུང་ཁུངས་སྔོན་དུ་དྲངས་ཤིང་། ཕྱི་མས་ནི་བྱུང་ཆོས་གཙོ་བོར་སྟོན་པ་ན་དེ་ཐོག་མར་དྲངས་པ་ཡིན་ནོ། །   
              དེ་བཞིན་དུ།   ངས་ཡི་གེ་འབྲི། ཡི་གེ་ངས་འབྲི། དང་། རྟ་ལ་སྒ་བསྟད། སྒ་རྟ་ལ་བསྟད། དང་། སུའི་དེབ་ཡིན། དེབ་སུའི་ཡིན། དང་། མགོ་ལ་ཞྭ་མོ་མཛེས། ཞྭ་མོ་མགོ་ལ་མཛེས། ལ་སོགས་པ་བསྟན་བཅོས་སྔ་མ་རྣམས་སུ་རྣམ་དབྱེ་གཅིག་གི་མཚན་གཞིར་འདོད་ཀྱང་། གོང་བཞིན་རྣམ་དབྱེ་དུ་མའི་བདག་ཉིད་ཅན་གྱི་ངག་གམ་རྗོད་པར་འདོད་པར་བྱ་ཡི། རྣམ་དབྱེ་གཅིག་གི་མཚན་གཞི་འཁྲུལ་མེད་དུ་འདོད་ན་སྒྲ་དོན་གཉིས་ཀའི་ཆ་ནས་ཆེ་དྲགས་སོ། ། རྣམ་དབྱེ་ནི་སྒྲ་དོན་གཉིས་ཀའི་སྒོ་ནས་བཤད་ཀྱང་། རྗོད་པ་ལས་ཆུང་བའི་སྡེབ་སྦྱོར་གྱི་སྡེ་ཚན་ཞིག་ཡིན་པའི་ཕྱིར་རོ། །   
བཞི་པ། རྣམ་དབྱེ་དང་པོའི་མཐའ་དཔྱད།   
              ཐོན་མིའི་ཞལ་ལུང་ལས། “གནམ་གྲུ་ཞེས་རྗོད་པའི་སྒྲ་དེ་ལ་ས་ཐོག་གི་རི་ར་བ་ཁང་ཁྱིམ་ལྗོན་ཤིང་སོགས་དང་།  བར་སྣང་གི་ཉི་ཟླ་སྐར་གསུམ་འཇའ་སྤྲིན་སོགས་ཀྱི་མིང་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པ་དེ་ལ་རྣམ་དབྱེ་དང་པོ་མིང་ཙམ་བརྗོད་པ་ཞེས་པ་བཞིན་ནོ། ། དེས་ན་མིང་རྐྱང་ཡོད་ཚད་དང་བྱ་བྱེད་ལས་གསུམ་སྐུལ་ཚིག་དང་བཅས་པ་འདིའི་ཁོངས་སུ་བསྡུའོ”⑧ཞེས་གསུངས་སོ། ། དེ་ལྟར་ན། གནམ་གྲུ་ཞེས་པའི་སྒྲ་ལ་མིང་གཞན་གྱི་མཐའ་སྤོང་བའི་ནུས་པ་ཡོད་པས་རྣམ་དབྱེ་ཡིན་དགོས་ན། བུམ་པ་དཀར་པོ། ཞེས་པའི་རྗོད་བྱེད་ཀྱི་སྒྲ་འདི་ལའང་ཚིག་གཞན་གྱི་མཐའ་སྤོང་བའི་ནུས་པ་ཡོད་པས་རྣམ་དབྱེ་ཡིན་དགོས་ལ། “གནམ་གྲུར་བསྡད་ནས་ཉི་མ་རིལ་འཛིན་ལ་ལྟ་རུ་འགྲོ”⑨ཞེས་པའི་རྗོད་པ་ངག་གི་སྒྲ་འདི་ལ་ཡང་རྗོད་པ་གཞན་རྣམས་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པས་རྣམ་དབྱེ་ཡིན་དགོས། ཐ་ན། ཀ་ཞེས་པའི་ཡི་གེ་འདི་ལའང་གསལ་བྱེད་གཞན་དང་མ་འདྲེས་པར་སོ་སོར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པས་རྣམ་དབྱེ་ཡིན་དགོས་སོ། །ཡི་གེ་དང་། མིང་དང་། ཚིག་དང་། རྗོད་པ་བཅས་ལ་རང་ཆོས་ཐུན་མོང་མ་ཡིན་པའི་སྒྲ་ཁྱད་པར་ཅན་ཞིག་ལྡན་པ་ནི་སོ་སོའི་ངོ་བོ་ཉིད་དུ་གྲུབ་པ་ཞིག་ལས། རྣམ་དབྱེའི་མཚན་ཉིད་དུ་བཞག་མི་རུང་ངོ་། །   
              དེ་ཡང་སུམ་ཅུ་པའི་རྩ་འགྲེལ་རྒྱས་བསྡུས་ཀུན་ཏུ་རྣམ་དབྱེའི་སྐབས་སུ། ཐོག་མར་དངོས་པོའི་མིང་རྐྱང་བ་ཞིག་དྲངས་ཏེ། དེ་ནས་རྣམ་དབྱེ་གཞན་དག་ལ་མཚན་གཞི་འགོད་པར་འགྱུར་བས་ན། རྣམ་དབྱེ་དང་པོ་འདིའི་མཚན་གཞི་ལ་མིང་དེ་ལས་གཞན་ཞིག་བཞག་ཏུ་མེད་པར་གྱུར་རོ། ། དོན་དུ་ན། བྱ་ཚིག་མེད་པའི་རྣམ་དབྱེ་འབྱུང་མི་སྲིད་ལ། མཐའི་བྱ་ཚིག་གམ་ཁྱད་པར་ལ་མ་བལྟོས་པར་རྣམ་དབྱེའི་ངོ་བོ་ཅི་ཡིན་པ་ཡང་དཔག་མི་ཐུབ་སྟེ། དཔེར་ན། ཤར་དུ་ཡོད། དང་། ཤར་དུ་སོང་།  ལྟ་བུ་ལ་མཚོན་ན། བྱ་ཚིག་ཡོད་མེད་ཀྱི་ཁྱད་པར་གྱིས། དུ་སྒྲ་སྔ་མ་རྣམ་དབྱེ་བདུན་པ་དང་། ཕྱི་མ་གཉིས་པར་བཞག་པ་ཡིན་གྱི སྦྱར་གཞིའི་མིང་གིས་རྣམ་དབྱེ་བསྒྲུབས་པ་མ་ཡིན་ནོ། ། ལ་དོན་གྱི་ཕྲད་གཅིག་རྣམ་དབྱེ་དུ་མའི་དོན་དུ་འཇུག་པའང་ཚིག་མཐའི་བྱ་ཚིག་གི་ནུས་པ་ཡིན་ཏེ། མགོ་ལ་བསྐོན། མགོ་ལ་ཡོད། མགོ་ལ་མཛེས། ལྟ་བུ་ལས། ལ་དོན་སྔ་མ་ནི་རྣམ་དབྱེ་གཉིས་པའི་ཕྲད་དང་། ཕྱི་མ་གཉིས་པོ་རྣམ་དབྱེ་བདུན་པའི་ཕྲད་དུ་ངེས་པ་བཞིན་ནོ། །   
              གང་དུ་བྱེད་པ་དང་། སུས་བྱེད་པ་དང་། ཅིའི་ཕྱིར་བྱེད་པ་བཅས་ནི་རྣམ་དབྱེ་གཉིས་པ་དང་། གསུམ་པ་དང་། བཞི་པ་བཅས་ཀྱི་མཚན་ཉིད་འཁྲུལ་མེད་དུ་འདོད་ན། དེ་དག་ལས་ཀྱང་གལ་ཆེ་བ། དེ་དག་གི་སྔ་རོལ་དུ་གསུང་དགོས་པའི་གནད་དམ་པ། ཅི་ཞིག་བྱེད་པ། ཞེས་པ་འདི་རྣམ་དབྱེ་དང་པོའི་མཚན་ཉིད་དུ་མི་འཇོག་པའི་རྒྱུ་མཚན་སུས་ཀྱང་བསྙད་མི་ཐུབ་བོ། ། རྣམ་དབྱེ་དང་པོ་ལ་ཆོས་དངོས་ཞེས་བརྗོད་པའི་རྒྱུ་མཚན་ཡང་བཤད་དུ་ཡོད་དེ། དབང་རྒྱལ་གྱིས་བཅད། ཅེས་པའི་རྣམ་དབྱེ་གསུམ་པ་རུ།   རྣམ་དབྱེའི་ཕྲད་ཀྱི་སྦྱར་གཞིར་གྱུར་བའི་མིང་སྟེ་དབང་རྒྱལ་ནི་བཅད་པའི་བྱ་བ་བལྟོས་པས་བྱེད་པོ་ཡིན་པས། རྣམ་དབྱེ་སྤྱི་ལ་བྱེད་པ་པོའི་མཚན་གསོལ་བ་ཇི་བཞིན་དུ། སྡོང་པོ་གཅོད། ཅེས་པའི་དུས་ན། སྡོང་པོ་ནི་བཅད་པའི་བྱ་བ་དེ་ཉིད་འཇུག་སའི་ཆོས་དངོས་ཡིན་པས་ན། སྡེབ་སྦྱོར་འདི་ལ་དང་པོ་ཆོས་དངོས་ཀྱི་མཚན་གསོལ་བ་ཡིན་ནོ་ཞེས་འགྲེལ་ཡང་འགལ་བར་མི་སྣང་ངོ་། །   
              ཡང། གང་ལས་བྱུང་བ་དང་། སུའི་ཡིན་པ་དང་། གང་དུ་ཡོད་པ་བཅས་ཀྱིས་བརྗོད་བར་གྱུར་བའི་དངོས་པོ་ཞིག་གི་འབྱུང་ཁུངས་དང་། བདག་པོ་དང་། རྟེན་གཞི་སོགས་གསལ་བར་བྱེད་པ་དང་། དེ་དག་གི་སྔ་རོལ་དུ། དངོས་པོ་དེ་ཅི་འདྲ་ཞིག་ཡིན་པའི་ཚིག་སྦྱོར་འདི་གསུངས་ན་ཤིན་ཏུ་འོས་པར་འགྱུར་བས། དངོས་པོའི་རང་བཞིན་དང་གཤིས་ལུགས་སོགས་བརྗོད་པར་བྱེད་པའི་ཚིག་སྦྱོར་སྟེ། ཀ་བ་རིང་ངོ་། ། ལྟ་བུའང་རྣམ་དབྱེ་དང་པའི་མཚན་གཞིར་འདོད་དོ། །   
              བྱ་བའི་ལས་སམ་ཆོས་དངོས་བརྗོད་པ་དང་།  དངོས་པོའི་རང་བཞིན་སོགས་བརྗོད་པའི་ཚིག་སྦྱོར་དུ།   དོན་ཐོབ་ཀྱི་རྣམ་དབྱེའི་ཕྲད་ཙམ་ལས་དངོས་སུ་ཞུགས་པ་མེད་པས། རྩ་བ་སུམ་ཅུ་པའི་གཞུང་དུ་རྣམ་དབྱེ་དང་པོ་འདི་ཉིད་ཆེད་དུ་མ་གསུངས་པའི་དགོས་པ་མ་མཆིས་སོ། ། ཞེས་འགྲེལ་ན་བསྟན་བཅོས་འདི་ཉིད་དུ་རྣམ་དབྱེ་དང་པོ་མ་གསུངས་ཀྱང་། རྟགས་འཇུག་གི་སྐབས་སུ་མངོན་པར་བསྟན་པའི་རྒྱུ་མཚན་ཡང་རྟོགས་སླ་བ་ཡིན་ནོ། །   
              དེ་ཡང་། བོད་ཀྱི་བརྡ་སྤྲོད་པའི་རྣམ་དབྱེ་དག་ཀྱང་རྣམ་དབྱེ་སོ་སོ་བ་བརྒྱད་དུ་འདོད་མི་རིགས་ཏེ། རྣམ་དབྱེ་གསུམ་པ་ལ་སྤྱིའི་ཆ་ནས་བྱེད་པོ་རུ་འབོད་ཀྱང་། དོན་དུ་རྒྱུ་མཚན་དང་། བྱེད་པ་དང་། རྒྱུ་དང་། བྱེད་སྟངས་ལ་སོགས་པའི་དོན་ཇི་སྙེད་ཅིག་སྟོན་པར་འགྱུར་བས་སོ། །   
              དེ་བཞིན་དུ།   རྣམ་དབྱེ་དང་པོ་སྟེ་མིང་ལ་བྱ་ཚིག་སྦྱར་བའི་རྣམ་པ་ཅན་འདི་ལའང་། དོན་གྱི་སྒོ་ནས་དབྱེ་བ་དུ་མ་ཡོད་དེ།  
              གཅིག བྱ་བའི་ཆོས་དངོས་བརྗོད་པ། དཔེར་ན། སྡོང་པོ་བཅད། འཁོར་ལོ་བསྐོར། སྤྲིན་པ་གཏོར། ཟ་མ་བཟའ། རྩྭ་བྱིན། ཁུར་པོ་འཁུར། བདུད་རྩི་སྦྱིན། ལྟ་བུའི་བྱེད་འབྲེལ་ལས་ཚིག་དག་གིས་སོ་སོའི་ལས་ཀྱི་ཐོག་མའི་ངོ་བོ་དང་གནས་བབས། རྣམ་པ་སོགས་ལ་འགྱུར་ལྡོག་སྐྱེད་པ་དང་། རི་མོ་བྲིས། དོང་བརྐོ། གླུ་ལེན། བསྟན་བཅོས་བརྩམས། ལྟ་བུའི་བྱ་ཚིག་དག་གིས་སོ་སོའི་ལས་ཀྱི་དངོས་པོ་དེ་རྣམས་འགྲུབ་པར་བྱེད་པ་དང་། རྟ་ཕོ་རྒྱུགས། ཆབ་རོམ་ཞུ།  མེ་ཏོག་བཞད། ཆར་བ་བབས། ལྟ་བུའི་ཚིག་སྦྱོར་འདི་དག་ལ་མཚོན་ན། བྱེད་པ་པོ་དང་ལས་གཉིས་གཞི་གཅིག་ཏུ་འཕྲད་ཀྱི་ཡོད་དོ། ། མིང་དང་བྱ་ཚིག་གི་བར་དུ་དོན་གྱི་ཆ་གཉིས་ཡོད་དེ། བྱ་བ་དང་བྱེད་པོའི་དོན་དུ་འགྲེལ་ཆོག་ལ།  བྱ་བ་དང་ལས་ཀྱི་དོན་དུའང་འགྲེལ་ཆོག་གོ ། རྟ་ཕོ་ནི་རྒྱུགས་པའི་བྱ་བ་དེ་བྱེད་མཁན་ཡིན་ལ། ཆབས་ཅིག་ཏུ་རྒྱུགས་པར་བྱ་བའི་དངོས་པོ་ཡང་ཡིན་པས། རྟ་ཕོ་དང་རྒྱུགས་གཉིས་ཀྱི་འབྲེལ་བ་ནི་བྱེད་པོ་དང་བྱ་བ་ཡིན་ལ། ལས་དང་བྱ་བའང་ཡིན་ནོ། ། བོད་ཀྱི་བརྡ་སྤྲོད་པའི་ལུགས་སུ།   ལས་དང་བྱ་བའི་རྣམ་གཞག་འདི་གཙོ་བོར་འཛིན་པས། རྟ་ཕོ་དང་རྒྱུགས་གཉིས་རྣམ་དབྱེ་དང་པོའི་ལུགས་སུ་སྦྱར་བ་ཡིན་ནོ། །   
              གཉིས། ཕྱིའི་ཡུལ་བརྗོད་པ། ལྟད་མོ་མཐོང་། ཆོས་སྐད་ཐོས། དྲི་མ་བསྣམས། བྲོ་བ་མྱངས། ཡིད་ཕམས། ལྟ་བུ་དབང་ཤེས་བྱ་ཚིག་གི་ལས་སུ་གྱུར་བའི་ཆོས་དངོས་རྣམས་སོ། ། ཡུལ་ཅན་གྱི་བྱ་ཚིག་འདི་དག་སོ་སོའི་ཡུལ་ལ་ཞུགས་ཀྱང་། ཡུལ་གྱི་ངོ་བོ་དང་རྣམ་པའི་ཆ་ལ་འགྱུར་ལྡོག་ཅི་ཡང་མི་སྐྱེད་ཀྱང་། གོང་གི་ཆོས་དངོས་བརྗོད་པའི་བྱེད་འབྲེལ་དང་བྱེད་མེད་ལས་ཚིག་གཉིས་དང་བསྡུར་ན་དོན་གྱི་ཁྱད་པར་ཅུང་ཆེ་བས་འདིར་གཞོགས་སུ་བཀར་བ་ཡིན་ནོ། །   
              གསུམ། གཞི་བརྗོད་པ། བུམ་པ་ཡོད། ཀ་བ་མིན། བོད་པ་རེད། ལྟ་བུ་ཡོད་མེད་ཡིན་མིན་སོགས་དགག་སྒྲུབ་ཀྱི་བྱ་ཚིག་ལ་སྦྱོར་བའི་ཆོས་དངོས་རྣམས་སོ། །   
              བཞི།  ཁྱད་གཞི་བརྗོད་པ། སེམས་པ་བཟང། ལྟད་མོ་བ་མང་། ནམ་མཁའ་སྔོ་ཞིང་དྭངས། སའི་གོ་ལ་ཟླུམ་པོ་རེད། ལྟད་མོ་བ་མང་པོ་ཡོད། ཁྱད་ཆོས་བརྗོད་པའི་ཚིག་གམ་བྱ་ཚིག་ལ་སྦྱོར་བའི་ཆོས་དངོས་ཐམས་ཅད་དོ། །  
              ལྔ་པ། རྣམ་དབྱེ་དྲུག་པའི་མཐའ་དཔྱད།   
              ཕྱག་གི་ཕྲེང་བ། ལྟ་བུ་མིང་གི་ཚིག་དང་། དོན་ཡོད་ཀྱི་རེད། ལྟ་བུ་རྣམ་དབྱེ་དྲུག་པའི་མཚན་གཞིར་འགོད་པ་ལ་རྒྱུ་མཚན་ཞིག་ཤོད་དང་། ཅེ་ན་འདི་ལྟ་སྟེ།   
              གཅིག དོན་ཡོད་ཀྱི་རེད། ལྟ་བུའི་སྡེབ་སྦྱོར་གྱི་རྣམ་པ་འདི་རྣམ་དབྱེ་བྱིངས་ཀྱི་སྒྲུབ་ལུགས་དང་མཚུངས་པ་དང་། ཕྱག་གི་ཕྲེང་བ། ལྟ་བུ་ནི་མིང་གཉིས་ཀྱི་བར་དུ་སྦྱར་བ་ཡིན་པས་རྣམ་དབྱེ་དང་ཐ་དད་པའོ། །   
              གཉིས། སྟེང་དུ་ཡོད། ཅེས་པ་རྣམ་དབྱེ་བདུན་པ་གནས་གཞི་བརྗོད་པའི་མཚན་གཞི་ཡིན་ན། དོན་ཡོད་ཀྱི་རེད། ལྟ་བུ་རྣམ་དབྱེ་དྲུག་པ་འབྲེལ་གཞི་བརྗོད་པའི་མཚན་གཞིར་ཅིར་མི་རུང་།   
              གསུམ། འདི་ཡིན་གྱི་དེ་མ་ཡིན་ནོ །ཞེས་བྱ་བའི་ཚིག་གཉིས་ཀྱི་བར་དུ་སྦྱར་བའི་ཨི་ལྡན་ནི《ཐོན་མིའི་ཞལ་ལུང》“ཚིག་རྒྱན་དང་ཕྲད་ལས་འབྲེལ་སྒྲ་ནི་མིན”⑩ཞེས་དང་། ཕྱག་གི་ཕྲེང་བ། ལྟ་བུ་མིང་གཉིས་ཀྱི་བར་དུ་སྦྱར་བའང་ཚིག་ཕྲད་མིན་པའི་རྒྱུ་མཚན་ཅི་ཡང་མེད་དོ། །   
              བཞི། ཕྱག་གི་ཕྲེང་བ། ཞེས་པའི་དུས་ན། སྤྱིའི་བརྗོད་བྱ་ནི་ཕྲེང་བའི་རང་སྟེང་དུ་ཡོད་པས་ན་མིང་གི་ཚིག་སྟེ། ཇི་སྐད་དུ།   སྨྲ་སྒོ་ལས།  “གང་ཞིག་རྣམ་ཆ་འདུས་པ་ཡིས། ། དོན་གྱི་ངོ་བོ་ཉིད་བརྗོད་ན། །རྣམ་ཆ་མང་ངམ་ཉུང་གྱུར་ཀྱང། །དེ་ནི་མིང་ཞེས་རབ་ཏུ་བརྗོད”⑾ ཅེས་གསུངས་པའི་ཕྱིར་རོ། །   
              ལྔ། མིང་གཉིས་སམ་དུ་མའི་བར་དུ་སྦྱར་བའི་ཨི་ལྡན་གྱི་ཕྲད་ནི་འབྲེལ་གཞི་ཁོ་ནའམ་འབྲེལ་གཞི་བརྗོད་པ་ལ་འཇུག་ཆེ་བའང་མ་ཡིན་ཏེ། མིང་གཉིས་བར་གྱི་འབྲེལ་བ་ཡོད་དོ་ཅོག་སྟོན་པ་ལ་ཁྱད་མེད་པར་འཇུག་པས་སོ། །   
              དཔེར་ན། བཅད་པའི་སྡོང་པོ། ལྟ་བུས་བྱ་བ་དང་ཆོས་དངོས་ཀྱི་འབྲེལ་བ་སྟོན་པ་དང་། མཆོད་པའི་གཞི།  ལྟ་བུས་བྱ་བ་དང་བྱ་བའི་ཡུལ་གྱི་འབྲེལ་བ་སྟོན་པ། ཕྱུགས་འཚོ་བའི་འབྲོག་པ། ལྟ་བུས་བྱ་བ་དང་བྱེད་པོའི་འབྲེལ་བ་སྟོན་པ་དང་།  བྱེད་པའི་དགོས་པ། ལྟ་བུས་བྱ་བ་དང་དགོས་ཆེད་ཀྱི་འབྲེལ་བ་སྟོན་པ། རྒྱ་མཆོའི་ནོར་བུ།   ལྟ་བུས་འབྱུང་ཁུངས་དང་བྱུང་ཆོས་ཀྱི་འབྲེལ་བ་སྟོན་པ། བདག་གི་དཔེ་ཆ། ལྟ་བུས་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་སྟོན་པ། ཕྱག་གི་ཕྲེང་བ། ལྟ་བུས་རྟེན་དང་བརྟེན་པའི་འབྲེལ་བ་སྟོན་པ།  ནས་ཀྱི་ཆང་། ལྟ་བུས་རྒྱུ་དང་འབྲས་བུའི་འབྲེལ་བ་སྟོན་པ།  ཨ་ཁུ་བདེ་མཆོག་གིས་གསེར་གྱི་རྣ་རྒྱན། ལྟ་བུས“གཞི་ཆོས་གཅིག་པའི་འབྲེལ་བ་སྟོན་པ”⑿ཞེས་དང་། ཁང་བའི་སྒེའུ་ཁུང། ལྟ་བུས་ཆ་དང་ཆ་ཅན་གྱི་འབྲེལ་བ་སྟོན་པ། སྡོང་པོའི་ཡལ་ག ལྟ་བུས་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་སྟོན་པ། ཁྲོ་བའི་མེ་ལྕེ། སྡུག་གི་ཁུར་པོ། ལྟ་བུས་དཔེ་དང་དཔེ་ཅན་གྱི་འབྲེལ་བ་སྟོན་པ་སོགས་བོད་སྐད་དུ་ཤིན་ཏུ་རྒྱ་ཆེར་འབྱུང་བས། བྱེ་བྲག་པ་འབྲེལ་གཞི་བརྗོད་པ་ཙམ་གྱིས་ཨི་ལྡན་ཕྲད་ཀྱི་འཇུག་པ་ཡོངས་ཀྱི་དོད་བྱེད་པ་ནི། ལག་པས་ནམ་མཁའ་འགེབས་པའི་དཔེ་རུ་ཟད་དོ། །    
དྲུག་པ། རྣམ་དབྱེའི་བརྡ་སྤྲོད་པའི་ནུས་པ།   
              རྣམ་དབྱེ་ནི་བརྗོད་བའི་དོན་གྱི་དབང་དུ་བྱས་ན། བྱ་ཚིག་དང་མིང་གི་ཚིག་གཉིས་ཀྱི་བརྗོད་དོན་གྱི་འབྲེལ་བ་སྟོན་པ་དང་། རྗོད་བྱེད་སྒྲའི་སྒོ་ནས་བཤད་ན། མིང་དང་བྱ་ཚིག་གམ། མིང་གི་ཚིག་དང་བྱ་ཚིག་མཉམ་དུ་སྡེབ་པའི་སྦྱོར་སྡེ་ཁྱད་པར་བ་ཞིག་ལ་གོ་ན། རྣམ་དབྱེ་སོ་སོའི་བར་གྱི་འགལ་འདུ་ཡོངས་སུ་འདུམ་པར་བྱེད་ཐུབ་ལ། བོད་སྐད་ཡིག་གི་ངག་གམ་རྗོད་པ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའང་གསལ་པོར་རྟོགས་ཐུབ་བོ། །   
ཤིང་མཁན་གྱིས་མདུན་རིའི་ནགས་ཚལ་སྟུག་པོ་རུ་སྟར་ཀའི་སྡོང་པོ་གཅོད་བཞིན་འདུག ། ལྟ་བུ་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་པའི་སྡེབ་སྦྱོར་གྱི་སྡེ(GrammaticaIunit)ཆེན་པོ་འདི་ལ་ངག་གམ་རྗོད་པ( Sentence)ཞེས་བྱའོ ། སྦྱོར་སྡེ་དེ་འགྲུབ་བྱེད་ཀྱི་རྒྱུ་ནི་རྣམ་དབྱེའོ །འབྲས་བུ་ནི་ལེའུ་སྒྲུབ་པར་བྱེད་དོ⒀གོང་གི་སྦྱོར་སྡེ་ཆེན་པོ་ངག་གམ་རྗོད་པ་དེ་ཉིད་ནི། རྣམ་དབྱེ་( Case)དུ་མ་ལས་གྲུབ་པ་ཡིན་ཏེ། རྗོད་པ་དེའི་གྲུབ་རྒྱུ་རྣམས་སོ་སོར་དབྱེ་ན།   
              ༡  ཤིང་མཁན/གྱིས/གཅོད་བཞིན་འདུག  །ཞེས་པ་བྱེད་པོ་བརྗོད་པའི་རྣམ་དབྱེ་གསུམ་པ་དང་།  
              ༢  མདུན་རིའི་ནགས་ཚལ་སྟུག་པོ/རུ/གཅོད་བཞིན་འདུག ། ཞེས་པ་བྱ་བའི་ཡུལ་བརྗོད་པའི་རྣམ་དབྱེ་གཉིས་པ།   
              ༣  སྟར་ཀའི་སྡོང་པོ/གཅོད་བཞིན་འདུག །ཞེས་པ་བྱ་བ་འཇུག་སའི་ཆོས་དངོས་བརྗོད་པའི་རྣམ་དབྱེ་དང་པོ་བཅས་གསུམ་མོ། །   
              རྣམ་དབྱེ་དེ་གསུམ་པོ་སྤྱི་མཐུན་གྱི་བྱ་བ་གཅིག་པོ་དེར་མཉམ་དུ་བསྡུས་པ་ན། ཤིང་མཁན་གྱིས་མདུན་རིའི་ནགས་ཚལ་སྟུག་པོ་རུ་སྟར་ཀའི་སྡོང་པོ་གཅོད་བཞིན་འདུག ། ཞེས་སམ། མདུན་རིའི་ནགས་ཚལ་སྟུག་པོ་རུ་ཤིང་མཁན་གྱིས་སྟར་ཀའི་སྡོང་པོ་གཅོད་བཞིན་འདུག ། སྟར་ཀའི་སྡོང་པོ་མདུན་རིའི་ནགས་ཚལ་སྟུག་པོ་རུ་ཤིང་མཁན་གྱིས་གཅོད་བཞིན་འདུག ། ལ་སོགས་པའི་རྗོད་པ་ཕུན་སུམ་ཚོགས་པ་དྲུག་ཙམ་འགྲུབ་པར་བྱེད་དོ། །   
              རྣམ་དབྱེའི་རྒྱུ་ནི་ཚིག་གོ །འབྲས་བུ་ནི་ངག་སྒྲུབ་པར་བྱེད་དོ། །རྣམ་དབྱེའི་སྡེབ་སྦྱོར་ནི་ཚིག( Phrase)དུ་མས་གྲུབ་པ་ཡིན་ནོ། །སྟར་ཀའི་སྡོང་པོ་གཅོད་བཞིན་འདུག ལྟ་བུའི་རྣམ་དབྱེ་དང་པོ་འདི་ལ་གྲུབ་རྒྱུ་གཉིས་ཡོད་དེ། ཨི་ལྡན་གྱི་ཕྲད་ཀྱིས་མཚམས་སྦྱར་བའི་སྟར་ཀའི་སྡོང་པོ་ཞེས་པའི་མིང་གི་ཚིག( Nouu    Phrase)དང་། གཅོད་བཞིན་འདུག ཅེས་པའི་བྱ་བའི་ཚིག( Verd    Phrase) གཉིས་སོ། ། སྟར་ཀའི་སྡོང་པོ་ཞེས་པ་ནི་མིང་གི་ཚིག་སྟེ། དེ་ཡང་རྒྱུ་དུ་མས་གྲུབ་པས་ན་ཚིག་གི་རྣམ་པ་དང་། ངོ་བོ་མིང་ཙམ་ཡིན་པས་སོ། ། དེ་བཞིན། གཅོད་བཞིན་འདུག་ཅེས་པ་བྱ་བའི་ཚིག་ཡིན་ཏེ། རྒྱུ་དུ་མས་གྲུབ་པས་ཚིག་གི་རྣམ་པ་ཡོད་ཀྱང་དོན་གྱི་ངོ་བོ་བ་ཚིག་ཡིན་ནོ། ། དེ་བས། ཚིག་ལ་རིགས་གཉིས་ཏེ། མིང་གི་ཚིག་དང་བྱ་བའི་ཚིག་གོ །   
              “དཔའ་རིས་སངས་རྒྱས་ཀྱིས་ཚིག་གི་རྒྱུ་ནི་ཐ་སྙད་དོ། །འབྲས་བུ་ནི་རྣམ་དབྱེ་སྒྲུབ་པར་བྱེད་དོ། །ཚིག་དེ་དག་གི་སྒྲ་དོན་གཉིས་ཀའི་ཐུང་བའི་མཐར་ཐུག་པ” ⒁ཞེས་གསུངས་པ་ལྟར། ཐ་སྙད( Word)དེ། སྟར་ཀའི་སྡོང་པོ་ཞེས་པའི་མིང་གི་ཚིག་དེ་ནི། སྟར་ཀ་དང་། འི་དང་། སྡོང་པོ་བཅས་ཐ་སྙད་གསུམ་གྱི་གྲུབ་པ་དང་། གཅོད་བཞིན་འདུག་ཅེས་པའི་བྱ་བའི་ཚིག་དེ་ཡང་། གཅོད་དང་། བཞིན་དང་། འདུག་བཅས་པས་གྲུབ་པ་ཡིན་ནོ། ། ཐ་སྙད་དེ་དག་ཀྱང་སོ་སོའི་བརྡ་སྤྲོད་པའི་ངོ་བོའི་ཁྱད་པར་གྱིས།  རིགས་དུ་མར་བགར་བ་ཡིན་ཏེ། སྟར་ཀ་དང་། སྡོང་པོ་ལྟ་བུ་ལ་མིང་ཞེས་བྱ་ཞིང་། འི་ལྟ་བུ་ལ་ཕྲད། གཅོད་ལྟ་བུ་ལ་བྱ་ཚིག་དང། བཞིན་དང་འདུག་ལྟ་བུ་ལ་རྣམ་གཅོད་ཀྱི་སྒྲ་སྟེ།  སྔ་མས་དུས་གསལ་བྱེད་དང་ཕྱི་མས་ངེས་པ་གསལ་བར་བྱེད་པ་ལྟ་བུའོ། །  
              ཐ་སྙད་ཀྱི་རྒྱུ་ནི་ཡི་གེའོ། ། འབྲས་བུ་ཚིག་སྒྲུབ་པར་བྱེད་དོ། ། ཡིན་ཏེ། སྟར་ཀ་དང་། འི་དང་། སྡོང་པོ་དང་། གཅོད་དང་། བཞིན་དང་། འདུག་ལ་སོགས་པའི་ཐ་སྙད་དག་ནི་ཡི་གེ་ལས་གྲུབ་པ་ཡིན་ནོ། །   
              བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་ཚོགས་ཐོག་མ་ནི་ཡི་གེ( Character)སྟེ་གདངས་ལས་བྱུང་བའོ། །འབྲས་བུ་ནི་ཐ་སྙད་སྒྲུབ་པར་བྱེད་དོ། །   
              འདི་ལྟར།  བོད་སྐད་ཡིག་གི་བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་སྡེའམ་ཚོགས་ཞེས་པ། ཡི་གེ་དང་། ཐ་སྙད་དང། ཚིག་དང་། རྣམ་དབྱེ་དང་། རྗོད་པ་བཅས་ལྔ་རུ་དབྱེ་བ་ན། རྣམ་དབྱེའི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་ནུས་པའང་མངོན་པར་གསལ་བར་འགྱུར་ལ། སྦྱོར་སྡེ་སྔ་མ་གང་ཞིག་ཕྱི་མའི་རྒྱུ་རུ་འགྲོ་ཞིང་། ཕྱི་མ་གང་ཞིག་སྔ་མའི་འབྲས་བུར་སྣང་ངོ་། །   
              དེ་ཡང་། སྦྱོར་སྡེ་དང་པོ་ཡི་གེ་ལ། སོ་སོའི་བརྡ་སྤྲོད་པའི་ཁྱད་པར་གྱི་དབང་གིས། སྤྱིར་ན་དབྱངས་གསལ་གཉིས་སུ་བགར་ཞིང་། སྒོས་སུ་གསལ་བྱེད་རྣམས་ཀྱང་མིང་གཞི་འཕུལ་རྟེན། མགོ་འདོགས་བརྩེགས་ཅན། ཕོ་མོ་མ་ནིང་ལ་སོགས་པར་དབྱེ་བ་ཇི་བཞིན་དུ། སྦྱོར་སྡེ་གཉིས་པ་སྟེ་ཐ་སྙད་ཀྱི་སྡེ་ཡང་སོ་སོའི་བརྡ་སྤྲོད་པའི་འཇུག་ལྡོག་གི་ཁྱད་པར་གྱིས། མིང་དང་། བྱ་ཚིག་དང་།  ཁྱད་ཚིག་དང་། རྒྱན་ཚིག་དང་། ཕྲད་དང་། རྐྱེན་ལ་སོགས་པར་རབ་ཏུ་དབྱེ་བར་འོས་སོ། ། གོང་གི་དཔེར་བརྗོད་པའི་ངག་དེ་ཉིད། དང་པོ་རྣམ་དབྱེ་རུ་བཀྲལ། དེ་ཡང་ཚིག་ཏུ་བཀྲལ། དེ་ཡང་ཞིབ་ཏུ་བཀྲལ་ན། སྒྲ་དོན་གྱི་མཐར་ཐུག་པའི་ཐ་སྙད་དུ་མར་ཐུག་ཡོད་པ་ལས། ཤིང་དང་། མདུན་རི་དང་། ནགས་ཚལ་དང་། སྟུག་པོ་དང་། སྟར་ཀ་དང་།  སྡོང་པོ་ལ་སོགས་པ་ནི་མིང་དང་། གཅོད་ནི་བྱ་ཚིག་དང་། འི་ནི་ཕྲད་དང་། གྱིས་དང་དུ་གཉིས་ལ་རྣམ་དབྱེའི་ཕྲད་དང་། མཁན་དང་བཞིན་དང་འདུག་བཅས་ལ་རྐྱེན་ཞེས་སོ་སོར་གདགས་པར་འོས་ཏེ། དེ་དག་གི་བརྡ་སྤྲོད་པའི་འཇུག་ལྡོག་ཐ་དད་པས་སོ། ། དེ་བཞིན་ཚིག་ལའང་ངོ་བོའི་སྒོ་ནས་རིགས་གཉིས་སུ་བགར་ཞིང་། རྣམ་དབྱེ་རྣམས་ནི་ཕྱིའི་གྲུབ་ལུགས་ཆ་འདྲ་བ་ཡིན་ཡང་། བརྗོད་དོན་གྱི་ཁྱད་པར་གྱི་དབང་གིས་རྣམ་དབྱེ་ཆེན་པོ་བརྒྱད་དུ་བགར་བ་ཡིན་ནོ །   
              དེང་རབས་སྐད་བརྡ་མཚན་ཉིད་རིག་པའི་གཙུག་རྒྱན་དུ་གྱུར་བ། ཡོ་རབ་འཇར་མན་གྱི་མཁས་དབང་ཆེན་མོ་ཧོམ་བོལ་ཐི( Wilhelm    von    Humboldt, l767 -1835)ཡིས་འདི་ལྟར་འདོད་དེ། “འཇིག་རྟེན་གྱི་སྐད་རིགས་ཐམས་ཅད་ལས་ཁྱད་དུ་འཕགས་པ་ནི་རྣམ་དབྱེའི་སྦྱོར་བ་ཅན་ཏེ། རྒྱ་གར་སཾསྐྲྀ་ཏའི་སྐད་ལྟ་བུའོ། ། ཅིའི་ཕྱིར་ཞེ་ན། མིང་མཐའི་རྣམ་དབྱེའི་ཕྲད་ཀྱིས་མིང་དེ་དང་བྱ་ཚིག་བར་གྱི་བརྗོད་དོན་གྱི་འབྲེལ་བ་ཅི་ཡིན་པ་གསལ་པོར་སྟོན་ཐུབ་པས། སྡེབ་སྦྱོར་ནི་བརྗོད་འདོད་ལ་བསྟུན་ཡང་། ཆིག་དོན་ལ་འཁྲུལ་བ་མི་འབྱུང་ངོ་། ། དེ་ལས་ལྡོག་པའི་རིགས་ཏེ་རྒྱ་ནག་གི་སྐད་ཡིག་ལྟ་བུ་ལ་རྣམ་དབྱེའི་རྐྱེན་སྦྱར་བ་མེད་པས། ཐ་སྙད་དག་གི་གོ་རིམ་ཙམ་ལ་བརྟེན་ནས་བརྡ་སྤྲོད་པ་ཡིན་ནོ། ། ཞེས་བརྡ་སྤྲོད་ཀྱི་ཁྱད་པར་ལ་དམིགས་ནས། རྒྱ་དཀར་ནག་གི་སྐད་ཡིག་གཉིས་པོ་ནི་འཇིག་རྟེན་སྐད་རིགས་ལས་མཆོག་དམན་གྱི་མཐའ་གཉིས་སུ་བགྲངས་སོ”⒂ ཞེས་གསུངས་ལྟར་རོ།   
              ཁོ་བོའི་བསམ་ཚུལ་ལ། བོད་ཀྱི་བརྡ་སྤྲོད་པའི་གཞུང་འདི་ཉིད་མཛད་པའི་དུས་ན། སློབ་དཔོན་ཐོན་མིས་རྒྱ་གར་བའི་གནས་བརྒྱད་ཆེན་མོའི་རྣམ་དབྱེའི་ལུགས་ལ་དཔེ་མཛད་པ་ཡིན་དུ་ཆུག་ཀྱང་། ཁོང་ཉིད་ཀྱིས་གསལ་བྱེད་སུམ་ཅུའི་ཐད་ལ་འཕུལ་རྟེན་ཡང་འཇུག་ལ་སོགས་པའི་བློ་གྲོས་ཀྱི་རྩལ་ཅི་ལྟ་བུ་ཞིག་བཏོན་པ་དེ་བཞིན་དུ།   བརྡ་སྤྲོད་ཀྱི་རྣམ་གཞག་འདི་ཉིད་ལའང་ལེགས་ཉེས་བླང་དོར་གྱི་ཆ་མི་དམན་པ་ཞིག་མཛད་ངེས་པས་ན། བོད་ཡིག་འདི་ཉིད་རྒྱ་གར་འཕགས་པའི་སྐད་ལས་ཀྱང་ཁྱད་དུ་འཕགས་སོ། །   
              དེང་གི་ཆར། མཁས་པ་མང་ཆེ་བས་རྒྱའི་སྐད་ཡིག་གི་བརྡ་སྤྲོད་ལ་སྐྱབས་བཅོལ་ཏེ་རང་ཆོས་ཐུན་མོང་མ་ཡིན་པའི་རྣམ་དབྱེའི་རྣམ་གཞག་ནི་སྤངས། ཚིག་ཕྲད་ཀྱང་སྐུངས། ཕལ་སྐད་ནི་དར་བར་བྱེད་པ་ལ་སོགས་པའི་ལས་བགྱི་བ་འདི་དག་ནི། མ་འོངས་པ་ན། སྐད་རིགས་ནི་ཉམས། བློ་གྲོས་ཀྱང་ཉམས། ཐ་ན་མི་རིགས་ཀྱང་ཉམས་པར་འགྲོ་བའི་རྒྱུ་རུ་འགྱུར་རོ། །དེ་བས། བརྡ་སྤྲོད་ལ་མོས་ཤིང་འཇུག་པ་དག་གིས། རྣམ་དབྱེའི་རྣམ་གཞག་འདི་ཉིད་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་སྲོག་ཏུ་ངོས་ཟིན་ནས། དེ་ཉིད་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་བྱས་ཏེ། མདོ་དབུས་ཁམས་གསུམ་སྤྱི་ལ་གཅིག་མཐུན་གྱི་ལྟ་བ་མཆོག་ཏུ་གྱུར་བ་ཞིག་འགྲུབ་ཐུབ་ན། སྐད་དང་ཡིག་རིགས། སྒོས་སུ་བོད་པའི་རིག་གནས་ཀྱི་རྒྱུན་ཐག་རིང་མོ་ཇི་སྲིད་བསྐལ་བ་མ་འཇིག་བར་དུ་གནས་ཐུབ་པར་འགྱུར་རོ། །
              མཆན་དང་དཔྱད་གཞིའི་ཡིག་རིགས།
              ①⑦⑧⑨⑩ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།    [ M] ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ6པའི་དཔར་གཞི ཤ114 ཤ163 ཤ114 ཤ114 ཤ152
              ②བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། དཀར་ལེབས་སུམ་རྟགས་དཀའ་འགྲེལ།[G]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤ63
              ③④⑩ཀརྨ་སི་ཏུ ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན།[ M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ9བའི་དཔར་གཞི།  ཤ51 ཤ78 ཤ51
              ⑤ཞལ་ལྕེ་ལྷག་པ་ཚེ་རིང་། ས་པཎ་ཞིབ་འཇུག[G] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2015་ལོའི་ཟླ6པའི་པར་གཞི།  ཤ44
              ⑥袁毓林 汉语配价语法研究 北京:商务印书馆,2010 03.P95
              ⑾ དྲན་པ་ཡེ་ཤེས་གྲགས་པ། སྨྲ་སྒོ་མཚོན་ཆ།[ M] མི་རིགས་དཔེ་སྐྲུན་ཁང་། 2011ལོའི་དཔར་གཞི། ཤ5
              ⑿ ཨ་ཁུ་བདེ་མཆོག་གི་གསུང་ལས་བཏུས་ཏེ་སྦྱར་བའོ། །
              ⒀ བཅོམ་ལྡན་རིག་པའི་རལ་གྲིའི་གསུང་ལ་དཔེར་བྱས་པ་ཡིན།
              ⒁ དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།[ M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ9པའི་དཔར་གཞི།  ཤ74
              ⒂姚小平译,威廉贩敕洪堡特著, 人类语言结构的差异及其对人类精神发展的影响    [ M]北京:商务印书馆,1998 033
              རྩོམ་པ་པོ་ངོ་སྤྲོད། ཚེ་དཔལ།(1975 -) མཚོ་སྔོན་གཅན་ཚ་རུ་འཁྲུངས། བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད། 2014ལོའི་བོད་ལྗོངས་སློབ་ཆེན་ཚན་རྩལ་སློབ་གླིང་གི་རྩིས་འཁོར་སྐད་བརྡ་རིག་པའི་ཆེད་ལས་ཀྱི་འབུམ་རམས་སློབ་མ་ཡིན།   
              རྩོམ་པ་པོ་ངོ་སྤྲོད། དངོས་གྲུབ།(1962-) བོད་ལྗོངས་ལྷ་ས་རུ་འཁྲུངས། འབུམ་རམས་པའི་སློབ་དཔོན། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཡིན།   
              ཐེབས་རྩའི་རྣམ་གྲངས། དཔྱད་རྩོམ་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རིག་གི་ལས་གཞི(61640208/61262086)དང་། བོད་རང་སྐྱོང་ལྗོངས་སློབ་ཆེན་ན་གཞོན་དགེ་རྒན་གྱི་གསར་གཏོད་རོགས་སྐྱོར་འཆར་འགོད་ལས་གཞི( QCZ2016-12/QCZ2016-13/QCZ2016-11)དང་། བོད་ལྗོངས་སློབ་ཆེན་ཞིབ་འཇུག་སློབ་མའི་མཐོ་རིམ་མི་སྣ་གསོ་སྐྱོང་རོགས་སྐྱོར་ལས་གཞི་དང་། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་གཙོ་ཆེའི་ལས་གཞི(14ZDB]01)དང་། རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རིག་གི་ལས་གཞི(61202189)དང་། བོད་ལྗོངས་རང་བྱུང་ཚན་རིག་K1Jལས་གཞི(2016ZR-TU-07)དང་། བོད་ལྗོངས་སློབ་ཆེན་གྱི་ཇོ་མོ་གླང་མ་རིག་གཞུང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་སྐྱོར་འཆར་འགོད་ལས་གཞི།   བོད་ལྗོངས་སློབ་གསོ་ཚན་རིག་གི“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་གཞིའི་ལས་གཞི་བཅས་ཀྱི་དཔྱད་འབྲས་ཡིན།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1