ཏུར་ཁེ།——དར་གོས་ཚོང་ལམ་གྱི་མཐའ་སྣེ་།

བསོ་ནམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


ཏུར་ཁེ་སྤྱི་མཐུན་རྒྱལ་ཁབ་ནི་ཨེ་ཤ་ཡའི་ཆེས་ནུབ་རྒྱུད་དུ་གནས་ཤིང་། རྒྱལ་ཁོངས་ཡོ་རོབ་དང་ཨེ་ཤ་ཡ་གླིང་ཆེན་གཉིས་བརྒལ་བའི་རྒྱལ་ཁབ་ཅིག་ཡིན། ཏུར་ཁེའི་ཨེ་ཤ་ཡ་གླིང་གི་རྒྱལ་ཁོངས་ཕལ་མོ་ཆེ་ཨེ་ཤ་ཡ་ཕྱེད་གླིང་ཆུང་བར་གནས་ཤིང་། དེས་རྒྱལ་ཁོངས་ཡོངས་ཀྱི་96.9%ཟིན་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁོངས་ཕལ་མོ་ཆེ་བྷ་ཨེར་ཀན་ཕྱེད་གླིང་གི་ཤར་ལྷོར་གནས་ཤིང་། དེས་རྒྱལ་ཁོངས་ཡོངས་ཀྱི་3.1%ཟིན། ཏུར་ཁེའི་བྱང་ཕྱོགས་སུ་མཚོ་ནག་དང་ལྷོ་ནུབ་ཀྱི་མཚམས་སུ་མཱ་ཨེར་མཱ་ལཱ་མཚོ་དང་ཨེ་ཇིན་རྒྱ་མཚོ། ལྷོ་ཕྱོགས་སུ་ས་དབུས་རྒྱ་མཚོ་བཅས་ཡོད་པ་དང་། འཛམ་གླིང་ན་མིང་དུ་གྲགས་པའི་བྷོ་སི་ཕུ་ལོ་སི་མཚོ་འགག་དང་ཏཱ་ཏཱ་ཉི་ཨེར་མཚོ་འགག་གིས་ཨེ་ཤ་ཡ་ཕྱེད་གླིང་ཆུང་བ་དང་བྷ་ཨེར་ཀན་ཕྱེད་གླིང་གཉིས་དམ་དུ་སྦྲེལ་ཡོད།

ཏུར་ཁེ་ཞེས་པའི་མིང་འདི་ནི་གཙོ་བོ་གཞིས་སྡོད་མི་རིགས་ཁུར་ཁེ་ལ་བརྟེན་ནས་བྱུང་བ་ཡིན་ལ། དྲུ་གུ(突厥)ཞེས་པའི་སྒྲ་ལས་འགྱུར་བར་གྲགས། ཚིག་ཁུངས་ལྟར་ན་ཏུར་ཁེ་ནི་སྙིང་སྟོབས་ཅན་གྱི་རྒྱལ་ཁབ་ཏུ་འགྲེལ། ཁུངས་བཙན་པོའི་ལོ་རྒྱུས་དཔྱད་ལྟར་ན། ཏུར་ཁེ་མིའི་མེས་པོ་ནི་ཨེ་ཤ་ཡའི་བྱང་རྒྱུད་རྩྭ་ཐང་གི་འབྲོག་པ་ཡིན་པ་དང་། ཀྲུང་གོའི་ལོ་རྒྱུས་དེབ་ཐེར་དག་ལས་དུ་ཅོལ་ལམ་དུ་ཀོལ་དྲུ་གུཞེས་འབོད། ཧ་ལམ་དུས་རབས་དྲུག་པ་ནས་བདུན་པའི་བར་དྲུ་གུའི་མི་རིགས་ལྷོ་ནུབ་ཕྱོགས་ལ་གནས་སྤོས་ནས་ཨེ་ཤ་ཡ་དབུས་མར་ཐོན་ཞིང། དུས་རབས་བརྒྱད་པར་ཨེ་ཤ་ཡ་དབུས་མའི་དྲུ་གུ་དག་གིས་དབྱི་སི་ལམ་ཆོས་ལུགས་དང་ལེན་བྱེད་འགོ་བརྩམས། དུས་རབས་བཅུ་གཅིག་པར་ཝུ་ཀོ་སི་ཚོ་བས་འགོ་ཁྲིད་འོག་རྒྱུན་ཆད་མེད་པར་ལྷོ་ནུབ་ཕྱོགས་ལ་གནས་སྤོས་པ་བརྒྱུད་ཏུར་ཁེ་མིས་རྒྱལ་རབས་བཙུགས་ནས་ཨ་རབ་ཀྱི་བཙན་འཛིན་ལས་ཐར། དྲུ་གུའི་མི་དག་གིས་གནས་སྤོའི་གོ་རིམ་ཁྲོད་དྲུ་གུའི་སྐད་དབྱི་སི་ལམ་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་དུ་བཏང་ཞིང་གཉེན་བསྡེབས་པ་བརྒྱུད། གནས་དེའི་གཞི་སྡོད་མི་རིགས་ཀྱི་དྲུ་གུའི་སྐད་དང་ཆོས་ལུགས་དང་ལེན་བྱས་ཤིང་། ཉེ་འགྲམ་རྒྱལ་ཁབ་ཀྱི་རིག་གནས་མང་པོ་ནང་འདྲེན་བྱས་པར་བརྟེན་རིག་གནས་སྣ་མང་དང་མི་རིགས་མཉམ་འདྲེས་ཀྱི་རྣམ་པ་ཆགས། རིག་གནས་དང་མི་རིགས་ཀྱི་མཉམ་འདྲེས་ལས་ཏུར་ཁེའི་དཀྱེལ་ཡངས་ཀྱི་བསམ་བློ་ཆགས་པར་མ་ཟད། རིག་གནས་ནང་འདྲེན་ལ་འཇོན་པར་གྱུར། ལྷག་དོན་དུས་རབས་13པར་སོག་པོས་ཨེ་ཤ་ཡ་ཕྱེད་གླིང་ཆུང་བར་བཙན་རྒོལ་བྱས་པས་ཀྱང་དྲུ་གུའི་མི་རིགས་ལ་གསོན་ཤུགས་གསར་པ་ཞིག་བསྩལ་ཞིང་དེས་དྲུ་གུ་དང་ཨེ་ཤ་ཡ་ཕྱེད་གླིང་ཆུང་བའི་གཞིས་སྡོད་མི་རིགས་དང་མཉམ་འདྲེས་བྱུང་ཚུལ་ཇེ་མགྱོགས་སུ་བཏང་ཞིང་། དེ་ནས་བཟུང་ཡ་ཞི་ཡ་གླིང་ཕྲན་ཆུང་བར་དྲུ་གུ་དང་དབྱི་སི་ལམ་རིག་གནས་འཕེལ་རྒྱུས་སུ་ཕྱིན་པའི་བརྒྱུད་ལམ་རིང་མོའི་འགོ་བརྩམས་པ་རེད།

ཏུར་ཁེ་ནི་མི་རིགས་སྣ་མང་གི་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ལས་ཏུར་ཁེ་མི་རིགས་ནི་མི་གྲངས་ཆེས་མང་བའི་མི་རིགས་ཏེ་རྒྱལ་ཡོངས་མི་གྲངས་སྤྱིའི་90%ཟིན་པ་དང་། ཁུར་ཨེར་ཏི་མི་རིགས་ནི་མི་གྲངས་ཨང་གཉིས་པ་ཡིན་ཞིང་། རྒྱལ་ཡོངས་མི་གྲངས་སྤྱིའི་8%ཟིན། ཏུར་ཁེའི་སྐད་ནི་ཏུར་ཁེ་རྒྱལ་ཁབ་ཀྱི་སྐད་ཆ་ཡིན་ལ། རྒྱལ་ཡོངས་ཀྱི་98%ཡི་སྡོད་དམངས་ཀྱིས་ཏུར་ཁེའི་སྐད་སྨྲ་བ་ཡིན། གནའ་བོའི་ཏུར་ཁེའི་སྐད་ནི་ཝོ་རཱ་ཨེར-ཨེར་ཐའེ་སྐད་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། འཕེལ་འགྱུར་གྱི་གོ་རིམ་ཁྲོད་ཨ་རབ་དང་ཏ་ཟིག་རིག་གནས་ཀྱི་ཤན་ཐེབས་རྐྱེན། ཡིག་གཟུགས་དང་སྒྲ་གདངས་ལ་འགྱུར་བ་ཆེན་པོ་བྱུང་ཞིང་མིང་བརྡ་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་ཨ་རབ་དང་ཏ་ཟིག་ཡིན་པར་གྲགས། 1932ལོ་ནས་བཟུང་སྐད་ཡིག་བཅོས་སྒྱུར་གྱི་ཡོ་ལང་འཕྱུར་ནས་འཇར་མན་གྱི་སྐད་དང་ཧྥ་རན་སིའི་སྐད། དབྱིན་སྐད་སོགས་ལས་མིང་བརྡ་པང་པོ་གཡར་བས་སྐད་ཡིག་ལ་ཏིང་ཅན་དུ་འགྱུར་འགོ་བརྩམས།

སྲིད་འཛིན་ཁད་མའོ་ཨེར་གྱིས་སྤེལ་བའི་ཆོས་ལུགས་འཇིག་རྟེན་པའི་ལུགས་སུ་བསྒྱུར་བའི་བཅོས་སྒྱུར་གྱིས་ཏུར་ཁེ་གྱི་སྲིད་འབྱོར་རིག་གསུམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཆོས་ལུགས་བཅོས་སྒྱུར་གྱི་དམིགས་ཡུལ་ནི་ཆོས་ལུགས་རྩ་མེད་དུ་གཏོང་བའི་ཆེད་དུ་མིན་པར་ཆོས་ལུགས་དང་ཆབ་སྲིད་སོ་སོར་ཕྲལ་བའི་ཆེད་དུ་ཡིན་ཞིང་། གཙོ་བོ་ཆོས་ལུགས་པ་དང་ཆོས་ལུགས་འགྲེལ་བཤད་མི་སྣའི་ཆབ་སྲིད་དང་སྤྱི་ཚོགས། རིག་གནས་ལས་དོན་ཁྲོད་ཀྱི་བྱེད་ནུས་མཚམས་འཇོག་ཏུ་བཅུག་པ་བརྒྱུད། ཆོས་ལུགས་དེ་ཉིད་དེང་རབས་ཅན་དང་མི་རིགས་ཅན་གྱི་རྣམ་པ་འགྲུབ་པར་དམིགས་པ་ཡིན། བཅོས་སྒྱུར་དེས་སྤྱི་དམངས་ཡོངས་ཀྱི་ཆོས་ལུགས་དད་མོས་ཀྱི་དབང་ཆར་ཁག་ཐེག་བྱས་པར་མ་ཟད། ཆོས་ལུགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལས་དོན་ལ་ཚོད་འཛིན་ཐེབས་པའི་དུས་རབས་ལའང་གྱེས་བརྡ་བསྟན་པ་ལགས།

ཨེ་ཤ་ཡ་དང་ཡོ་རོབ་བརྒལ་བའི་དམིགས་བསལ་གྱི་ས་ཁམས་ཀྱིས་མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་སྟེང་དེ་ཉིད་རྫོགས་ལྡན་གྱི་ཡུལ་ཁམས་ཤིག་ཏུ་ངོས་འཛིན་ཞིང་། ལོ་རྒྱུས་སྟེང་ཤར་ནུབ་ཤེས་རིག་གི་ཕ་ས་དང་མཉམ་འདྲེས་འདུ་མདོ་རུ་གནས་པས་ཀུན་གྱིས་མིའི་རིགས་ཀྱི་ཤེས་རིག་གི་ལྟེ་གནས་གལ་ཆེན་ཞིག་ཏུ་བརྩི། དེ་བས་ཏུར་ཁེའི་ཤེས་རིག་ལ་གཞན་པའི་ཤེས་རིག་དང་བསྡུར་ན་རྒྱུན་རིང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པར་གྱུར་བ་རེད། ཏུར་ཁེའི་མངའ་ཁོངས་མང་པོ་ཞིག་ཡོ་རོབ་ཏུ་གནས་པས་ཏུར་ཁེའི་ཤེས་རིག་ཀྱང་ཁྱད་མཚར་དང་གསང་བས་ཕྱུག་པའི་གནའ་བོའི་ཡུལ་གྲུ་འདིར་གཉོམ་ལག་རྒྱས།

ལོ་རྒྱུས་སྨྲ་བ་དག་གིས་ཏུར་ཁེ་ནི་ཝུ་ར་ཨེར-ཨེར་ཐའེ་སྐད་སྡེའི་ཁོངས་སུ་གཏོགས་ཤིང་། ཆེས་ཐོག་མར་བྷེལ་ཅེར་མཚོའི་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་སོག་པོའི་མངའ་ཁོངས་སུ་འཚོ་ཡོད་པར་བཞེད། ཤར་ཕྱོགས་ཀྱི་ཏུར་ཁེའི་ཚོ་བའི་སྲིད་དབང་བྷེལ་ཨེར་མཚོའི་འགྲམ་རྒྱུད་དུ་ཆགས་ཡོད་པ་དང་། གཙོ་བོར་ཕྱུགས་ལས་དང་ཚོང་ལས། ཞིང་ལས་བཅས་ལ་བརྟེན་ནས་འཚོ་ཚིས་ཀྱིས་རྒྱུན་བསྐྱངས་ཤིང་། མཐའ་མཚམས་ཀྱི་ཚོ་བ་ཁག་དང་རྒྱུན་དུ་སྲིད་དབང་དང་མངའ་ཐང་འཕྲོག་རྩོད་ཀྱི་གཡུལ་འཐབ་མང་དུ་བྱུང་བས་སྲིད་དབང་གི་གཏན་འཇགས་ལ་གནོད་པ་ཆེན་པོ་ཐེབས། ཨེ་ཤ་ཡའི་དབུས་རྒྱུད་དུ་འཚོ་བའི་ཏུར་ཁེའི་ཚོ་པ་རིམ་བཞིན་ཨེ་ཤ་ཡ་ཕྱེད་གླེང་ཆུང་བར་གནས་སྤོ་བ་བརྒྱུད་དཔལ་འབྱོར་དང་རིག་གནས་ལ་དབྱི་སི་ལམ་གྱིས་ཤན་ཐེབས་ཤིང་། དེའི་གོ་རིམ་ཁྲོད་ཚོང་ཟོག་ཉོ་ཚོང་གིས་ནུས་པ་ཆེན་པོ་ཐོན་པ་སྟེ། དུས་ཡུན་རིང་བའི་དཔལ་འབྱོར་གྱི་འབྲེལ་འདྲིས་གོ་རིམ་ཁྲོད་རིམ་བཞིན་དབྱི་སི་ལམ་ཅན་དུ་གྱུར།

ཏུར་ཁེའི་ཡུལ་སྲོལ་རིག་གནས་ལ་འཛམ་གླིང་གི་ཤར་ནུབ་ཀྱི་ཤན་ཐེབས་ཡོད་པའི་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན། དཔེར་ན། འབྲོག་པའི་མི་རིགས་ཀྱི་ཞབས་བྲོ་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་རིམ་བཞིན་གྲུབ་པའི་《ལྡེ་མིག་གི་བྲོ》དང《མཚོ་ནག་སྐྱེས་པའི་ཞབས་བྲོ》སོགས་ལ་ཤར་ནུབ་རིག་གནས་ཀྱི་ཤན་ཐེབས་པ་མངོན་གསལ་ཡིན། སྤྱིར་ཏུར་ཁེའི་ཞབས་བྲོ་ལ་དབྱངས་ཀྱི་འགྱུར་ཁུག་གསལ་ལ་ལུས་ཀྱི་སྟངས་སྟབས་དལ་བའི་ཁྱད་ཆོས་ལྡན་ཞིང་། ཞབས་བྲོ་ལ་གནའ་བོའི་སྲོལ་རྒྱུན་གྱི་ཤན་ཐེབས་པ་མངོན་པར་གསལ་ཏེ། བྲོ་བའི་ལུས་ལ་ཁྲབ་རྨོག་དང་འཇུར་རྟ་གྱོན་ནས་འཐབ་འཛིང་ཁྲོད་ཀྱི་རྔམ་བརྗིད་དང་དཔའ་སྤོབས་མཚོན་པར་བྱེད།

ཏུར་ཁེའི་བཟོ་བཀོད་ཀྱང་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་དན་རྟགས་གཙོ་བོ་ཞིག་ཏུ་འཁུམས། བཟོ་བཀོད་ཀྱི་ཕྱི་གཟུགས་ལ་མཛེས་སྤྲས་བྱེད་པ་དང་འབུར་ཉམས་དོད་པ། དྲ་མར་མདོག་སྣ་ཚོགས་པའི་ཤེལ་གྱིས་ལེགས་པར་བརྒྱན་པ། གྱང་ངོས་ལ་རི་མོ་ཕུན་སུམ་ཚོགས་པའི་རྫ་ཆས་ཀྱིས་ལེགས་པར་བརྒྱན་པས་ཆོས་ལུགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དེང་རབས་ཀྱི་བཟོ་བཀོད་མང་པོར་ནུབ་གླིང་བཟོ་བཀོད་སྒྱུ་རྩལ་གྱིས་ཤན་ཐེབས་པར་བརྟེན་དེས་ཀྱང་ཏུར་ཁེའི་བཟོ་བཀོད་རིག་གནས་ལ་མདངས་གསར་པ་ཞིག་བསྩལ་ཡོད་པ་རེད།

སྲིང་བལ་གྲོང་ནི་ཏུར་ཁེའི་ཆེས་མིང་དུ་གྲགས་པའི་ཆུ་ཚན་ཁམས་གསོའི་གནས་མཆོག་ཅིག་ཡིན་ཞིང་། གནས་འདིའི་གཏེར་རྒྱུ་ཕུན་སུམ་ཚོགས་ཤིང་རང་བྱུང་གི་བཀོད་པ་ལྟ་ན་སྡུག དེར་ཆུ་ཚན་གྱི་མཚེའུ་མང་པོ་ནམ་ཁའི་སྐར་ཚོགས་བཞིན་རྣམ་པར་བཀྲ། ཁཱ་བྷ་ཏའོ་ཆི་ཡའི་རྡོ་ཁུལ་ནི་ཏུར་ཁེའི་དབུས་རྒྱུད་དུ་གནས་ཤིང་། སྔོན་མར་གནས་འདིར་མེ་རི་འཕྱུར་བས་གཞན་མཚུངས་མ་ཡིན་པའི་རང་བྱུང་གི་བཀོད་པ་གྲུབ་ཅིང་། ས་གནས་དེ་གའི་མི་རྣམས་ཀྱིས་ཁ་དོག་དང་དབྱིབས་མི་འདྲ་བའི་བྲག་རྡོ་དེ་དག་སྤྱད་དེ་ལྷ་ཁང་མང་པོ་བཞེངས་ཡོད་པ་དང་། བྲག་ངོས་སུ་གསོན་ཉམས་ལྡན་པའི་རི་མོ་མང་པོ་བརྐོས་ནས་རང་བྱུང་གི་བཀོད་པ་དང་རིག་གནས་གཉིས་འོ་ཆུ་བཞིན་འདྲེས་ཡོད་དོ། ། 

བསོད་ནམས་རྡོ་རྗེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1